འཛམ་གླིང་སྒྱུ་རྩལ་གྱི་སྟེགས་བུར་བསྐྱོད་པའི་ནང་པའི་བཙུན་མ་ཞིག

56448

 
རྩོམ་པ་པོ།   རྫ་སྐྱེས་ཕུར་བ།
༷༷༷༷.jpg
  བཅར་འདྲིའི་སྐབས་ཀྱི་འདྲ་པར།

              ཆོས་དབྱིངས་སྒྲོལ་མ།    རང་ལོ་བཅུ་གསུམ་ཐོག་བལ་ཡུལ་《བཙུན་དགོན་སྣང་སྐྱིད་མཐོང་གསལ་གླིང》དུ་ཨ་ནེ་བསྒྲུབས་ཤིང་། ལོ་བཅུ་བདུན་ཐོག་དགོན་དེའི་དབུ་མཛད་ཀྱི་ལས་ཀ་བྱས། དེའི་ཞོར་ཁོ་མོས་ཆུང་དུས་ཀྱི་དགའ་ཕྱོགས་ནར་མར་བསྐྱངས་ཏེ། གཅོད་དང་མགུར་སོགས་ཨ་ཅང་སྙན་ཆ་ལྡན་པའི་ངང་གཏོང་ཐབས་སུ་འབད།  2003ལོར་ལཉྫནའི་ཡི་གེའམ་བལ་པོའི་ཡིག་ལམ་ནས་བྲིས་ཤིང་། བལ་པོའི་སྐད་ཐོག་ནས་བླངས་པའི་གླུ་གཞས་ཐོག་མ་སྟེ། བརྗོད་དོན་ཆོས་ཀྱི་དག་སྣང་ལ་སྐུལ་ཆེད་ཡིན་པའི《མེ་ཏོག་གི་མིག་ལམ་དུ》(फुलको आँखामा)ཞེས་པའི་གཞས་དེ་བཀྲམ།  དུས་མཚུངས་སུ་ཨ་རིའི་རོལ་མོ་མཁན་གྲགས་ཅན་Steve Tibbettsགྱིས་རོལ་མོ་བརྩམས་པའི་ཚོགས་གླུ་རིན་ཆེན་ཕྲེང་བའི་ཚན་པ་འགའ་ཆེད་གཏོང་བྱས་པ་ཞིག་ཀྱང་བཀྲམ།

༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠༠.jpg
ཁོ་མོའི་བརྩམས་ཆོས་རང་དབང་གི་ཆེད་དུ་གཞས་གཏོང་པ་ཞེས་པ།

             དེ་ཙམ་ནས་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ནི་འཛམ་གླིང་མི་མང་གི་མིག་མདུན་གྱི་སྒྱུ་རྩལ་མི་སྣ་ཞིག་ཏུ་གྱུར་ཞིང་། གདངས་འགྲོས་ལྷོད་ལ། འཕར་འབབ་གཉོམ་པའི་ཁོ་མོའི་གླུ་ངག་གི་འཇིག་རྟེན་ཞིག་ཀྱང་གསར་དུ་གྲུབ།  ཕྱི་ལོ2009ལོར་ཁོ་མོས་《རང་དབང་གི་ཆེད་དུ་གཞས་གཏོང་པ》(Singing for Free Dome)ཞེས་པའི་ལྷུག་བརྗོད་རང་བཞིན་ཅན་གྱི་དེབ་ཅིག་བརྩམས་ཏེ།  རང་གི་ནུས་པས་རང་ཉིད་སྐྱོང་དགོས་པའི་ལམ་བུ་གང་དེར་བདེན་ཁ་བྱིན། དེ་ལྟར་ཨ་རི་དང་།  ཡོ་རབ། ཀྲུང་གོ་སོགས་ནས་ཁོ་མོས་ཚད་མཐོའི་སྒྱུ་རྩལ་བའི་ཆེད་མིང་བླངས་ཤིང་། མི་གྲངས་ས་ཡ་ཉེར་བརྒྱད་ལྷག་འདུས་པའི་བལ་པོའི་རྒྱལ་ཁབ་ནས་ཁོ་མོས་ད་ལྟ་དངོས་སུ་ཡོད་པའི་རྒྱལ་ཡོངས་རྩོམ་པ་པོ་ཨང་གསུམ་པའི་གོ་གནས་བླངས།  བུད་མེད་ཐོབ་ཐང་གི་ངོས་ནས་བཤད་ན། དེ་ནི་བླ་ན་མེད་པའི་གོམ་སྟབས་ཤིག་དང་། བོད་ཀྱི་སྲོལ་རྒྱུན་གྲྭ་ལ་གྱོན་པའི་བཙུན་མ་ཞིག་ལ་མཚོན་ན། དེ་ནི་དཔེར་སྟོན་གྱི་ཟུར་ཁ་ཞིག་ཀྱང་ཡིན་པ་རེད།

         གླུ་གཞས་ཉན་རྒྱུའི་སེམས་ཁམས་ཤིག་ངང་གིས་གྲུབ་པ་ནས། བདག་རང་གཉོམ་ཞིང་མཉེན་པའི་གདངས་འགྲོས་ཅན་གྱི་གླུ་གཞས་ཁག་ལ་ལྷག་ཏུ་མོས་ཤིང་། བར་ལམ་ནས་གདངས་འགྲོས་ལྷོད་པོ་ཅན་གྱི་ཆོས་དབྱིངས་སྒྲོལ་མ་ལགས་ཀྱི་མགུར་དང་གླུ་ལ་དོ་སྣང་བྱས།  དེའི་ནང་ནས་དྲན་པ་ཡང་ཡང་བསྒུལ་མྱོང་བའི་གླུ་གཞས་ཤིག་དང་འཕྲད་པ་ནི།  《ཕཱུལ་ཀོ་ཨ་ཁཱ་མ》(फुलको आँखामा)མེ་ཏོག་གི་ལམ་དུ།)ཞེས་པའི་གཞས་འདི་ཡིན།  དེ་ནི་ཁོ་མོས་ལེན་ཐེངས་ཆེས་མང་པའི་གླུ་གཞས་ཤིག་ཀྱང་ཡིན་པ་སྟེ།    googleདང་youtubeནས་འཚོལ་བཤེར་སྐབས་དུས་དང་ས་ཆ་སོགས་མི་འདྲ་བ་རེ་རེར་གླུ་གཞས་འདིའང་དེ་བཞིན་བསྐྱར་ལེན་བྱས་པ་མཐོང་རྒྱུ་ཡོད་ཅིང་།   གླུ་གཞས་འདིའི་གདངས་འགྲོས་ལྷོད་ཅིང་དལ་ལ།  མི་སེམས་དལ་ཅིག་ངལ་གསོའི་གནས་སུ་དྲང་འགྲོ།   མདོར་ན་ཁོ་མོའི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ་དང་དེ་ལ་བསྐྱོད་པའི་དམིགས་འདུན་སོགས་འོག་ཏུ་ཁོ་མོར་བཅར་འདྲི་བྱས་པ་ལས་གསལ་འོང་།

        རྫ་སྐྱེས་ཕུར་བ།  སྐུ་ཁམས་བཟང་།  ངས་སྐད་ཆ་དྲི་རྒྱུའི་དང་པོ་དེ། ཁྱེད་རང་གི་ཕ་ཡུལ་དང་། ཆུང་དུས་སློབ་སྦྱོང་བྱ་སའི་ཁོར་ཡུག་གང་དུ་ཡིན་པ་སོགས་ཡིན།  དེའི་སྐོར་ནས་བཤད་རོགས།

      ཆོས་དབྱིངས་སྒྲོལ་མ། ད་ལྟ་ང་རང་གི་ཕ་ཡུལ་ནི་ནེ་པཱལ་རང་རེད། ཡིན་ནའང་། ཕ་མ་གཉིས་ཆ་ཁམས་ནས་རེད། ཕ་འདས་པོ་དེ་ཁམས་ནང་ཆེན་སྐྱོ་བྲག་ནས་རེད། མ་འདས་མ་དེ་ཡང་ནང་ཆེན་ནས་རེད། ཅི་ཟེར་ཡིན་འགྲོ། མ་འདས་མ་དེའི་ཕ་ཡུལ་གྱི་མིང་དེ་ངས་ཏག་ཏག་ཞུ་ཤེས་མ་སོང་། ནང་ཆེན་རང་ནས་རེད། (དགོད་ཀྱིན)ངས་ནང་ཆེན་གང་ནས་ཡིན་ཞེ་དྲག་ཞིབ་ཆ་ཞིབ་ཆ་ཞིག་ཞུ་ཤེས་མ་སོང་། ང་སྐྱེ་ས་ཨུ་ན་རེད། (ཨི་ན་ཞེས་པ་ནི་ཁམས་ཀྱི་ཡུལ་སྐད་དུ་འདི་ན་ཞེས་པར་གོ)   བལ་ཡུལ་ནས་སྐྱེས་པ་རེད། འཚར་ས་ཨུ་ན་རེད། ད་ཕལ་ཆེར་ཤི་ས་ཨི་ན་ཡིན་འགྲོ(ཅུང་ཟད་བགད།)རྩེད་མོ་བྱས་དུས། ང་ཡུལ་འདི་ཡི་མི་སེར་རེད། རིག་གཞུང་དང་། ཆོས་ལུགས་ག་རེའི་ཐོག་ཡིན་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལུགས་སྲོལ་དེ་དག་དང་སྤྱིར་བཏང་གི་གཅིག་པ་གཅིག་རྐྱང་འདྲ་རེད། གཞན་ཅི་ཡང་ཡོད་པ་མ་རེད། 

         རྫ་སྐྱེས་ཕུར་བ།  ཁྱེད་རང་གིས་གཅོད་དང་མཚན་སྔགས།   མགུར་གཞས་དེ་འདྲ་མང་པོ་ཞིག་བཏང་འདུག དེ་དག་གི་གདངས་དབྱངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདུག་ཟེར་མཁན་རྒྱ་རིགས་དང་ཕྱི་རྒྱལ་པ། བོད་རིགས་སོགས་མང་ཚོད་རེད། མང་པོ་ཞིག་གིས་དཔེ་མེད་དགའ་བོ་བྱེད་ཀྱིན་འདུག  ལྷག་དོན་ང་ཚོ་བོད་ནང་ཁུལ་དུ་དགའ་བོ་བྱེད་མཁན་ཧ་ཅང་མང་། googleདང་youtubeདག་གི་བརྒྱུད་ལམ་བཀག་ཡོད་པས། མང་པོ་མཐོང་ཐུབ་ཀི་མེད་ནའང་ཁྱོད་རང་གི་སྒྱུ་རྩལ་ལམ་ལུགས་དེར་དགའ་ཞེན་ཡོད་མཁན་མང་པོ་རེད།  དེ་བས་དབྱངས་དང་རོལ་མོ་བསླབས་པའི་བརྒྱུད་རིམ་རེ་ངོ་སྤྲོད་གནོངས་དང་།

༡༡༡༡༡༡.JPG
བྱིས་དུས་ཀྱི་ཆོས་དབྱིངས་སྒྲོལ་མ།

        ཆོས་དབྱིངས་སྒྲོལ་མ།  ལགས་སོ། གཙོ་བོ་ང་ཡི་གདངས་དབྱངས་དེ་ཚོ་ཆ་ཚང་རྩ་བའི་བླ་མའི་བཀའ་དྲིན་ལས་བྱུང་བ་ཞིག་རེད།  ང་རང་ཆུང་ལོ་བཅུ་གསུམ་ཐོག་ནས་དགེ་མ་དགོན་དུ་བསྡད་པ་རེད། སྣད་སྐྱིད་དགོན་པ་ཟེར། སྐྱབས་རྗེ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་ཨ་ནེ་དགོན་པ་ཞིག་ཡོད་པ་དེ་རེད། ཡར་རིའི་སྒང་ལ་ཡོད་པ་རེད། མཚམས་ལ་འདུག་སའི་རི་ཁྲོད་འདྲ་བོ་ཞིག་རེད། ནམ་རྒྱུན་ང་ཚོ་ཨ་ནེ་བྱས་ཚར་དུས། སྤྱིར་བཏང་གི་ཆོ་ག་ཕྱག་ལེན་ཁྲོད་ཀྱི་གསོལ་འདེབས་དེ་ཚོ་དབྱངས་འཐེན་ཏེ། དེ་ཡང་དབྱངས་སྙན་པོའི་ཐོག་ནས་གཏོང་བའི་ལུགས་སྲོལ་ཞིག་ཡོད་པ་རེད། ཚོགས་པ་འཚོགས་དུས་སྐབས་ལ་གདངས་དབྱངས་དང་། རྔ་དང་རོལ་མོ་འབུད་རྡུང་ཆ་ཚང་ཤེས་དགོས་པ་རེད། དེ་ཚོར་རིན་པོ་ཆེས་བྱིན་རླབས་མཛད་ཡོད་པ་དང་། དེའི་ནང་ནས་ཀྱང་སྤྱིར་བཏང་ང་རང་གི་གཤིས་ཀ་དེ་ཆུང་དུས་ནས་དབྱངས་དང་། རོལ་མོ་ལ་མོས་པ་ཆེན་པོ་ཞིག་ཡོད་པ་རེད། དབྱངས་ལ་སྦྱང་ཡོང་བའི་སྐབས་ལ། གང་སྙན་སྙན་གྱི་ཐོག་ནས་དབྱངས་དེ་འཐེན་ཨེ་ཐུབ་ལྟ་འདོད་པ་ཞིག་རེད། ངས་རྩ་བའི་བླ་མའི་སྐུ་མདུན་ནས་དབྱངས་གཏོང་དུས་ཁོང་གིས་དཔེ་མཉེས་པོ་མཛད་ཀི་རེད། དེ་འདྲ་བྱས་ནས་སྦྱང་བཞག་པ་རེད། གཙོ་བོ་ང་ཚོའི་ཆོས་ཀྱི་སྙིང་པོ་དེ།  མོས་གུས་དང་། དད་པ། སྙིང་རྗེ་དང་སེམས་བསྐྱེད་དེ་དག་ལ་ཐུག་གི་ཡོད་པ་རེད།  གསོལ་འདེབས་དང་སྨོན་ལམ་ཅི་བརྒྱབ་ནའང་རེད།  མོས་གུས་དང་སྙིང་རྗེ་ཡི་ཐོག་ནས་དམིགས་པ་བསྒོམ་དགོས་གི་ཡོད་པ་རེད། རིན་པོ་ཆེའི་སྐུ་མདུན་ནས་ཆོས་ཞུས་དུས་ཀྱང་དེ་ལྟར་གསུང་གི་རེད།

        རང་གི་ཉམས་ལེན་ཅུང་རེ་བྱས་ནའང་དད་པ། མོས་གུས། སྙིང་རྗེ་དེ་ཚོ་ཆ་ཚང་གི་ཐོག་ནས་བྱེད་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས།  གསོལ་འདེབས་དང་། མ་ཎི་མགུར་དབྱངས་ཤིག་འཐེན་ནའང་སེམས་བསྐྱེད་རྒྱ་ཆེན་པོའི་སྒོ་ནས་དང་།  དད་པ་མོས་གུས་ཀྱི་ཐོག་ནས་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ཡོང་དུས་དེའི་བྱིན་རླབས་དེ་ཡོད་ཐག་ཆོད་པ་རེད། ཉིན་དེ་དག་གི་རིང་ལ་ང་སྐད་བདེ་བཞག་པ་ཞིག་དང་། དེ་འདྲའི་ཧ་ལས་ལས་ཀྱི་གླུ་ལེན་པར་མཁས་སོང་བ་དེ་འདྲ་གང་ཡང་མ་རེད། བླ་མ་ཁོང་གིས་བྱིན་གྱིས་བརླབས་བཞག་པ་དེ་དང་གཅིག  ང་རང་གི་ཡིན་ནའང་བློ་རྩེ་གཅིག་གིས་དག་སྣང་དད་པ་དང་།  སེམས་བསྐྱེད་རྒྱ་ཆེན་པོའི་ཐོག་ནས་གསོལ་འདེབས་ཀྱི་དབྱངས་རེ་རེ་འཐེན་ཡོང་དུས་སྒང་ལ། སྤྱིར་བཏང་དེ་ཡི་བྱིན་རླབས་འདྲ་བོ་ཞིག་ཟེར་ན་འདྲ།  དེ་ཡི་ནུས་པའི་ཐོག་ནས་ཀྱང་ཉན་མཁན་མི་ཡི་སེམས་དེ་ཏོག་ཙམ་སྐྱིད་པོ་འདྲ་ཞིག་བཟོ་ཐུབ་ཨེ་ཡོད་དམ་བསམ། ང་རང་གི་བསམ་ཚུལ་ཙམ་རེད། ང་རང་ཡིན་ན་དེའི་ཞར་དང་ཞོར་ནས་བསོད་ནམས་བསགས་པ་རེད། བསོད་བདེ་ཆེན་པོ་རེད་ཡོང་དུས་ག་ལ་སོང་ནའང་། ལས་ལམ་འགྲོ་ཡག་པོ་དང་། གོང་དཔོན་པོ་ནས་འོག་མི་སེར་ཚང་མས་སྤྲོ་སྣང་དང་དགའ་སྣང་འདྲ་བྱེད་ཀྱི་འདུག  དེ་རང་རེད། གཞན་གང་ཡང་མ་རེད།(ཅུང་ཟད་བགད།)ང་མཁས་པ་ཆགས་སོང་པ་དང་། སྒྲུབ་ཉམས་ལེན་དང་། ཉམས་རྟོགས་པ་སྐྱེས་བཞག་པ་དེ་འདྲ་གང་ཡང་མ་རེད།

8888888888888888.jpg
         སྤུན་ཆུང་གཉིས་དང་ལྷན་དུ་ཡོད་པ།

         རྫ་སྐྱེས་ཕུར་བ། དེ་ནས་ཁྱེད་རང་གིས་གཅོད་ཀྱི་ཆོས་སྐོར་ལ་དམིགས་བསལ་གྱིས་ཐོས་བསམ་བྱས་མྱོང་ཨེ་ཡོད་དམ། 

        ཆོས་དབྱིངས་སྒྲོལ་མ།  རེད། ངས་གཅོད་ཀྱི་དབྱངས་འཐེན་བཞག་པ་ཁ་ཤས་ཤིག་ཡོད་པ་རེད། གཅོད་ཀྱི་(ཟེར་སྡེར)དེའི་ནང་ལ་ངས་གཅོད་ཀྱི་ཚོགས་བཏང་བཞག་པ་དང་། ཆོ་ག་ཕྱག་ལེན་བཏང་བཞག་པ་དེ་འདྲ་ཡང་མ་རེད། གཅོད་ཀྱི་ནང་གི་གསོལ་འདེབས་ཁ་ཤས་ལ་དབྱངས་སྙན་པོ་ཡོད་པ་རེད།དབྱངས་སྙན་པོ་དེ་དག་ལ་ཨ་རིའི་སྒྲ་སྙན་དཀྲོལ་མཁན་མཁས་པSteve Tibbettsཟེར་བ་དེས། མ་གཞི་དབྱངས་སྙན་པོ་ཡོད་དུས། ཁོ་ཁོ་རང་གི་སྒྲ་སྙན་དེ་དང་། ངའི་སྐད་དང་། འདའ་རུ། དྲིལ་བུ་དེ་ཚོ་མཉམ་དུ་ཡར་བསྲེས་མར་བསྲེས་འདྲ་ཞིག་བྱས་ཏེ། ཁོ་རང་གི་བསམ་ཚུལ་ཐོག་ནས་དཔེ་གསལ་འདྲ་བོ་ཞིག་གི་ཐོག་ནས་དབྱངས་དང་རོལ་མོ་ཞིག་བརྩམས་པ་རེད། སྤྱིར་བཏང་ཁོ་ཡང་ནང་པ་རེད། གཙོ་བོ་ང་ཡིས་དབྱངས་འཐེན་རྒྱུ་དེ་ནི་ཚོགས་གླུ་རིན་ཆེན་ཕྲེང་བའི་ནང་གི་དབྱངས་རེད། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་དང་། ཁོང་གི་གསང་ཡུམ་བདེ་ཆེན་གྱིས་ང་ལ་བསླབ་བཞག་པའི་གདངས་དབྱངས་དེ་རེད། དེའི་སྤྱི་འགྲོས་དེ་ཡང་ང་ཚོའི་དགོན་པའི་ནང་ལ་གཅོད་ཚོགས་འཚོགས་པའི་སྐབས་ལ་ཇི་ལྟར་འཐེན་བཞིན་ཡོད་ན་དེ་འདྲ་རང་བྱས་ནས་འཐེན་བཞག་པ་ཞིག་རེད། དེ་ཡིན་ཙང་། ཕྱི་རྒྱལ་གྱི་མི་དེ་ཚོ་ནི་དཔེ་གསར་རེ་རེ་བཟོ་བའི་ཐབས་ཤེས་འདྲ་ཞིག་འཐེན་རྒྱུར་དགའ་བོ་ཡོད་པ་རེད།  ད་དེ་འདྲ་འདྲ་ཞིག་རེད།

རྫ་སྐྱེས་ཕུར་བ།  ངས་གོ་ཚོད་ལྟར་ན། སྤྲུལ་སྐུ་དེའི་ཡུམ་གྱིས་ཁྱོད་ལ་གདངས་ཀྱི་སྐོར་ནས་མཐུན་རྐྱེན་མང་པོ་སྦྱར་བ་རེད་ཟེར། དེ་ལྟར་ཨེ་ཡིན་ནམ།

སྤྲུལ་སྐུ་ཨོ་རྒྱན་ལགས་དང་ལྷན་དུ་ཡོད་པ།

            ཆོས་དབྱིངས་སྒྲོལ་མ། རེད། ཁོང་གི་ཡུམ་ཞུ་དགོས་རེད་མོད། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་གསང་ཡུམ་རེད། ཁོང་གིས་ང་ལ་དཔེ་ཐུགས་མཉེས་པོ་མཛད་ཀི་རེད། སྤྱིར་བཏང་ང་རང་ལ་སྐད་བདེ་བོ་འདྲ་ཞིག་ཡོད། ཨ་ནེ་གཞན་དང་མི་འདྲ་བར་ཁམས་པ་ལབ་དུས་ཅུང་སྐྲག་སྣང་དང་འཚེར་སྣང་མེད་པ་འདྲ་ཞིག་ཡོད་པ་རེད། དེའི་ཐོག་ལ་གང་བསླབ་པ་དེའང་ལས་སླ་བོས་ཤེས་འགྲོ་བ་དང་། རྒྱུགས་དེ་ཡག་པོ་འཕྲོད་འགྲོ་གི་ཡོད། ཁོང་གིས་རྒྱུན་དུ་མཉེས་པོ་མཛད་དེ་རྔན་པ་གནང་གི་རེད།  ཡ་ཁྱོས་དེ་རིང་གདངས་ཨི་འདེ་ཤེས་ལེ་བྱོས་ཤོག  ཨི་འདེ་ཤེས་ལེ་བྱོས་ཤོག་ཟེར་ནས་བསླབ་གནང་གི་རེད། ཁོང་གི་གསུང་དེར་སྙན་ཆ་ཡོད་རེད་དེ། གཟི་བརྗིད་ཞེ་དྲག་ཡོད་པ་མ་རེད། སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་སྐུ་མདུན་ལ་བཅར་དུས། ཁོང་གིས་ཡ་ཁྱོད་ལ་དེ་རིང་མ་ཡུམ་གྱིས་ཅི་བསླབ་མཛད་བྱུང་གསུང་གི་རེད། དེ་རིང་ང་ལ་ཨི་འདྲའི་ཨི་འདྲའི་བསླབ་བྱུང་ཞུས་དུས། ཨོ་དེ་འདྲ་བྱས་ནས་དབྱངས་འཐེན་ན་ཡོང་གི་མ་རེད། ཨི་འདྲ་བྱས་ནས་འཐེན་དགོས་ཀི་རེད་གསུངས་ནས།  ཁོང་རང་རང་གིས་དབྱངས་འཐེན་གནང་གི་རེད། ཁོང་གི་གསུང་དེ་ཧ་ཅང་སྙན་པོ་དང་གཟི་བརྗིད་ཆེན་པོ་ཞིག་ཡོད་པ་རེད། ཨོ་ངས་དེ་འདྲ་བྱས་ནས་བསླབ་བཞག་པ་འདྲ་ཞིག་རེད།

        རྫ་སྐྱེས་ཕུར་བ། དེ་ནས་ད་དུང་དྲི་རྒྱུ་ཞིག་ཡོད།  ང་རང་གིས་མང་པོ་ཉན་མྱོང་བའི་ཁྱེད་ཀྱི་གཞས་ཤིག་ཡོད། གཞས་མིང་དེ་སྒྲ་གདངས་དག་མོ་ཞིག་ཡོང་གི་ཡོད་མོད་མི་ཤེས་མོད། གཞས་ཀྱི་མིང་ལ་ཨ་ཁཱ་མ་ཟེར་བ་དེ་རེད། གཞས་དེ་ཧ་ཅང་སྙན་སྣང་སྐྱེས་ཡོད། མ་ཟད་ཁྱེད་ཀྱིས་ཀྱང་གཞས་དེ་ཐེངས་མང་པོ་དང་ས་གནས་འདྲ་མིན་ནས་བཏང་འདུག  གཞས་དེ་ངོ་སྤྲོད་ཅིག

            ཆོས་དབྱིངས་སྒྲོལ་མ། ཨོ་རེད། 《ཕཱུལ་ཀོ་ཨ་ཁཱ་མ》 (फुलको आँखामा)གཞས་མིང་དོན་བསྒྱུར་བྱས་ན《ཡང་དག་པའི་མིག་ལམ་དུ།》Durga Lal Shresthaཡིས་བརྩམས། ) ཟེར་བ་རེད། གཞས་དེའི་ཚིག་དང་། དབྱངས་གཉིས་ཆ་དཔེ་གཏིང་ཟབ་པོ་ཞིག་ཡོད་པ་རེད། ཚིག་གི་ནང་དོན་ཡར་དེད་ན་སངས་རྒྱས་ཀྱི་གསུང་ལ་ཐུག་ཡོད་པ་རེད། གཞས་འདི་དེང་སྐབས་བལ་ཡུལ་ནང་གི་གཞས་སྐད་གྲགས་ཆེ་ཤོས་ཤིག་ཆགས་པ་རེད། ཆུང་བྱིས་པ་ནས། ཆེ་བ་རྒད་པོ་རྒན་མོ་ཚང་མས་གཞས་འདི་ཉན་རྒྱུར་དགའ་བོ་བྱེད་ཀི་རེད། འདིའི་ཚིག་ནི་གཙོ་བོ་ནང་ཆོས་ཀྱི་དག་སྣང་གི་སྐོར་རེད། མེ་ཏོག་གི་མིག་ལམ་དུ།  འཇིག་རྟེན་ནི་མེ་ཏོག་དང་།  ཚེར་མའི་མིག་ལམ་དུ་འཇིག་རྟེན་ནི་ཚེར་མ་ཡིན།  དེ་ལྟར་དག་པའི་སྣང་བས་བལྟས་ན་འཇིག་རྟེན་ནི་དག་པ་ཞིག་དང་། དག་པའི་ཞིང་ཁམས་ཤིག་ཏུ་མཐོང་ཐུབ་ཀི་རེད། མ་དག་པའི་སྣང་བས་བལྟས་ན་ཚང་མ་མ་དག་པ་དང་།  མ་འགྲིག་པ་དང་། བཀྲ་མི་ཤེས་པ་ཞིག་ཏུ་མཐོང་གི་རེད། དེ་བས་དག་སྣང་དེ་གལ་ཆེན་པོ་དང་། ཡར་རྒྱས་གཏོང་དགོས་པར་བཤད་ཡོད་པ་རེད། གཞས་ཚིག་རྩོམ་མཁན་གྱིས་སངས་རྒྱས་ཀྱི་གསུང་ལ་གོ་བ་ལོན་པའི་སྟེང་ནས་བྲིས་བཞག་པ་ཞིག་རེད། མ་ཟད་གཞས་ཚིག་དེའི་ནང་ན། དུས་རྟག་ཏུ་ཁྱོད་ཀྱི་སེམས་དེ་གཙང་ཞིང་དག་པ་ཉིད་དུ་གནས་པར་ཤོག  ངའི་རྐང་ཆུང་ཟུང་གིས་ནི་མཐའ་ན་འབུ་སྲིན་གཅིག་གི་སྲོག་ཀྱང་གཅོད་མི་དགོས་པར་ཤོག མཚན་གྱི་སྨག་རིམ་དེ་ཡང་འོད་གསལ་ཡུག་གཅིག་གིས་ཁྱབ་པར་ཤོག་ཅེས་པ་སོགས་སྨོན་ལམ་ཡང་ཧ་ཅང་ཡག་པོ་ཡོད་པ་རེད།  དེ་བས་གཞས་འདི་ཧིན་དྷུ་པ་དང་།  མུ་ཟི་ལིམ་པ་བ།   ཡེ་ཤུ་པ་སུ་ཞིག་གིས་ཉན་ནའང་བདེན་པ་མ་རེད་བསམ་ས་གཅིག་ཀྱང་མེད་པ་རེད། གཙོ་བོ་ང་ཡི་གཞས་འདིར་མི་སུས་ཉན་ནའང་། ནང་ཆོས་ཁྱབ་བསྒྲགས་བྱེད་བཞིན་འདུག་བསམ་པའི་ཀུན་སློང་སྐྱེ་གི་མ་རེད། ཡིན་ནའང་ང་རང་གི་དམིགས་ཡུལ་ལ་སངས་རྒྱས་ཀྱི་གསུང་ན་དེ་འདྲའི་རྩ་ཆེན་པོ་ཞིག་ཡོད་པ་ཤེས་སུ་བཅུག་འདོད་པ་ཡིན། སྤྱིར་བཏང་ང་རང་གིས་གཞས་དེ་དག་དབྱངས་ལ་འཐེན་ནས་འགྲོ་དགོས་པའི་དམིགས་ཡུལ་གཙོ་བོ་གཞན་ཞིག་ནི། བལ་ཡུལ་དེ་སངས་རྒྱས་འཁྲུངས་སའི་གནས་ཤིག་རེད། དེ་ཡང་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་གཅིག་པུ་མ་རེད། སངས་རྒྱས་འོད་སྲུང་དང་། འཁོར་བ་འཇིགས་སོགས་མང་པོ་བྱོན་སའི་གནས་རྩ་ཆེན་ཞིག་དང་བྱིན་རླབས་ཆེན་པོ་ཞིག་རེད། ཡིན་ནའང་ད་ལྟའི་དུས་ཚོད་འདི་ལ་ནང་པའི་གནས་རིམ་དེ་ཁྱབ་ཆེན་པོ་དང་གནས་སྟངས་ཡག་པོ་ཞིག་ཡོད་པ་མ་རེད། ཆོས་ལུགས་གཞན་པ་ཤུགས་ཆེ་དྲགས་ནས་གཞུང་གི་ཕྱོགས་ཆ་ཚང་ཆོས་ལུགས་གཞན་པ་རེད། ནང་པའི་ཆོས་ལུགས་ལ་ནི། དགོན་པའི་ནང་གི་ཨ་ནེ་དང་། གྲྭ་བ་དག་གིས་ཆོ་ག་ཕྱག་ལེན་གནང་བཞག་པ་དེ་འདྲ་ཞིག་ཡོད་པ་རེད་དེ། དངོས་ཡོད་སྤྱི་ཚོགས་ནང་གི་སངས་རྒྱས་ཀྱི་ཆོས་དེ་ཁྱབ་སྤེལ་ཕྱིར་ཏུ། ལས་རིམ་སྐྱོང་མཁན་ཐབས་མཁས་པོ་དེ་འདྲ་ཡོང་གི་མི་འདུག ལྕགས་རིའི་ནང་ནས་ཆོས་བྱེད་མཁན་ཁོང་རྣམ་པ་མང་པོ་ཡོད་རེད་དེ། དེའི་ཕྱི་ནས་ཐབས་མཁས་པོའི་ཐོག་ཁྱབ་སྤེལ་གནང་ཐུབ་མཁན་ཏོག་ཙམ་དཀོན་པོ་རེད་འདུག  ངའི་གཞས་འདི་ཡང་བལ་ཡུལ་རང་གི་སྐད་ཐོག་ནས་བླངས་པ་ཞིག་ཡིན།  སྒྲ་དང་རོལ་མོ་ཟེར་བ་དེ། སུ་དང་། སུ་འདྲ་ཡིན་རུང་ཉན་བདེ་བོ་ཞིག་དང་། ཉན་ནས་སེམས་ལ་འཛུལ་བདེ་བོ་ཞིག་ཡིན་པས། ཆོས་ཁས་ལེན་ན་འདྲ་ལ། མི་ལེན་ནའང་འདྲ་ཐོས་པ་ཙམ་ཀྱིས་བག་ཆགས་ཤིག་འཇོག་འགྲོ་བ་རེད། ངས་སྨོན་ལམ་གཙོ་བོ་ཞིག་ཀྱང་དེ་ལྟར་བྱས་པ་ཡིན།

གཞས་མིང་།  ཕཱུལ་ཀོ་ཨ་ཁཱ་མ།(फुलको आँखामा)

གཞས་ཚིག་རྩོམ་མཁན།  Durga Lal Shrestha(བལ་པོ)

གཞས་གདངས་རྩོམ་མཁན།  Nhyoo Bajracharya(བལ་པོ)

फुलको आँखामा फुलै संसार

काँडाको आँखामा काँडै संसार

झुल्किन्छ है छायाँ बस्तु अनुसार

काँडाको आँखामा काँडै संसार 

फुलको आँखामा फुलै संसार

काँडाको आँखामा काँडै संसार

चित्त शुद्ध होस मेरो

बोली बुद्ध होस * २

मेरो पैताला ले किरै नमरोस

राम्रो आँखामा खुल्छ राम्रै संसार

काँडाको आँखामा काँडै संसार

  फुलको आँखामा फुलै संसार

काँडाको आँखामा काँडै संसार

टह टह जून देखुँ कालो रातैमा

जीबन संगित सुनु म सुख पातैमा

सङ्लो मनमा खुल्छ है सङ्लई संसार

काँडाको आँखामा काँडै संसार

  फुलको आँखामा फुलै संसार

काँडाको आँखामा काँडै संसार

झुल्किन्छ है छायाँ बस्तु अनुसार

काँडाको आँखामा काँडै संसार

फुलको आँखामा फुलै संसार

काँडाको आँखामा काँडै सं གཞས་འདི་ཉན་སའི་དྲ་ཐགwww.youtube.com/watch

 

         རྫ་སྐྱེས་ཕུར་བ། ཨོ་རེད་རེད། གཞས་དེའི་གདངས་ནི་བལ་ཡུལ་གྱི་དམངས་ཁྲོད་ལ་ཡོད་པ་ཞིག་རེད་དམ། གསར་དུ་བརྩམས་པ་ཞིག་རེད།

           ཆོས་དབྱིངས་སྒྲོལ་མ།  གདངས་དེ་གསར་རྩོམ་བྱས་པ་རེད། རྕོམ་མཁན་ནི་བལ་ཡུལ་གྱི་གཞས་གདངས་རྩོམ་མཁན་སྐད་གྲགས་ཆེ་ཤོས་ཉུས་ཡཱོ་བྷ་རྫཱར་ར་(Nhyoo Bajracharya)ཟེར་བ་དེ་རེད། ཁོང་ནི་ནང་པ་སངས་རྒྱས་པ་ཞིག་ཀྱང་རེད།

       རྫ་སྐྱེས་ཕུར་བ།   གཞས་དེ་བཏང་ནས་ལོ་ག་ཙམ་ཞིག་སོང་ཡོད་དམ།

      ཆོས་དབྱིངས་སྒྲོལ་མ།  ད་ཧ་ལམ་བྱས་ན། ལོ་བཅུ་གསུམ་བཅུ་བཞི་ཞིག་སོང་ཡོད་འགྲོ  གདངས་རྩོམ་མཁན་དེ་དང་ང་ཚོ་ཉིས་སྟོང་གཉིས་གསུམ་ཞིག་ལ་ཐུག་པ་རེད།

རྫ་སྐྱེས་ཕུར་བ།  དེ་ནས་ཁྱེད་རང་གིས་ད་སྔོན་བསྒྲུབས་ཟིན་པའི་ལས་རིགས་གཙོ་བོ་སྐོར་ཞིག་ངོ་སྤྲོད་བྱ་རོགས།

nt4576.jpg
ཨརྱ་ཏཱ་རེའི་སློབ་གྲྭ།

          ཆོས་དབྱིངས་སྒྲོལ་མ། ལས་ཀ་གཙོ་བོ་ཟེར་ན། ད་ལྟ་འཛམ་གླིང་ག་ས་གང་ལ་གདངས་དབྱངས་ཀྱི་ལས་རིམ་འདྲ་འཚོགས་སར་འགྲོ་གི་ཡོད།  དེ་ལ་ཡོང་འབབ་ཡོད་པ་རེད། དེ་ཚོ་ཆ་ཚང་བལ་ཡུལ་ནང་ལ་འཁྱེར་ཡོང་གི་ཡོད།  གཙོ་བོ་བལ་ཡུལ་ནང་ལ 《 ཨརྱ་ཏཱ་རེའི་སློབ་གྲྭ》ཞེས་པའི་ཨ་ནེའི་སློབ་གྲྭ་ཞིག་བཙུགས་ཡོད། སློབ་གྲྭ་དེ་འདྲ་ཞིག་འཛུགས་པའི་དགོས་པ་རྒྱུ་མཚན་གང་ཡིན་ཟེར་ན། ང་ཚོའི་སྤྱི་ཚོགས་ནང་ལ་གྲྭ་བ་དེ་ཚོར་ལས་སླ་བོའི་ཐོག་ནས་བཤད་གྲྭ་བཙུགས། དེའི་ནང་ལ་དཔེ་ཆ་སྦྱང།  མཁན་པོ་ཐོན་རྒྱུ་ཡོད་པ་རེད། ཡིན་ནའང་ཨ་ནེ་ཚོ་ནི་དེ་ལྟར་མིན་པར། ཆོ་ག་ཕྱག་ལེན་དང་མ་ཎི་རེ་བཏོན་ནས་བསྡད་བཞག་ནའང་འགྲིག་འདུག་པའི་ཟོལ་ཞིག་ཡོད་པ་རེད། མ་གཞི་ངས་ཆུང་དུས་ནས་ཨ་ཁ་བསམ་མྱོང་།  མི་ཚང་ནང་ལ་ཡིན་ནའང་བུ་ཞིག་ཡིན་ན་ཡར་ནས་བསྡད་དགོས་པ་དང་། བུ་མོ་ཞིག་ཡིན་ཚེ་མར་ལ་བསྡད་དགོས་པ། བུ་ཡིན་ན་ཕྱི་ནས་རྩེད་མོ་ཅི་ཡང་རྩེ་ཆོག་པ་དང་། བུ་མོ་ཡིན་ན་ནང་དུ་ཁྱིམ་ལས་བྱས་ཏེ་འདུག་དགོས་པ་དེ། འདྲ་མ་ཆག་ཆག་ཅིག་ཏུ་མཐོང་གི་ཡོད། དེ་མེད་པའི་ཐབས་ཤེས་ཤིག་ཐོན་དགོས་འདུག འཛམ་གླིང་འདིའི་སྒང་གི་སྐྱེས་པ་ཕོ་མོ་སུ་ཡིན་ནའང་ཐོབ་ཐང་དེ་འདྲ་འདྲ་ཞིག་ཡོང་དགོས་འདུག་བསམ་མྱོང་། དུས་རབས་རྙིང་པའི་སྐབས་ཡིན་ན་ཚང་མས་ཤུགས་ལས་བྱེད་དགོས་པ་དང་། བུ་ཚོའི་ལུས་པོ་ནི་སྟོབས་ཤུགས་ཆེ་བ་དང་། ལས་ཀ་དེ་ནང་བཞིན་ལས་ཡོང་དུས་ཁོ་ཚོ་གལ་ཆེ་མདོག་འདྲ་བོ་ཞིག་ཡོད་ཀྱང་། ད་ནི་དུས་རབས་གསར་པའི་ནང་ལ་ཐོན་དུས་ལུས་ཀྱི་ནུས་པ་དང་ཤུགས་ཀྱི་ཐོག་ནས་ཆེ་ཆུང་དབྱེ་བའི་དུས་ཚོད་དེ་འགྲོ་ཚར་བ་རེད། དེ་ནི་ལུགས་སྲོལ་རྙིང་པ་ཞིག་ཆགས་ཚར་བ་རེད། ད་ནི་སྔར་བཞིན་མིན་པར་སྤྱང་གྲུང་གི་ཤེས་རབ་ཡོད་མེད་ལ་ཐུག་ཡོད་པ་དེ་འཛམ་གླིང་གང་ལ་སོང་ན་གསལ་གསལ་རེད། དེ་འདྲ་ཡིན་དུས། ཡོན་ཏན་སློབ་པའི་གོ་སྐབས་དེའང་ཚང་མས་འདྲ་འདྲ་བྱས་ནས་ཡིན་གཅིག་མིན་གཉིས་རག་དགོས་པ་དེ་གལ་ཆེན་རེད། དེ་ཡང་ང་ཚོ་ཨ་ནེ་ལ་ཡོན་ཏན་སྦྱང་སའི་ཁོར་ཡུག་དགོས་འདུག་ཅེས་ཕར་ལ་བཤད་བསྡད་པ་ལས། དེ་ལས་རང་གི་ག་ཙམ་འཇོན་པ་དང་ལས་ཀ་ཅི་ཞིག་བྱེད་ཐུབ་པའི་ཐབས་རེ་བཙལ་ནས་བསྡད་ཡོད། ཨ་ནེ་ཚོ་ལ་སློབ་སྦྱོང་ཡག་པོ་ཞིག་སྤྲད་ཨེ་ཐབས་ལྟ་བཞིན་ཡོད། དེའི་ནང་ལའང་དེང་དུས་ཀྱི་སློབ་སྦྱོང་ཡོད་པ་དང་། ནང་ཆོས་ཀྱི་སློབ་སྦྱོང་གཉིས་ཀ་གལ་ཆེན་དུ་ལྟ་ཡི་ཡོད། དེང་རབས་ཀྱི་སློབ་སྦྱོང་དེ་གལ་ཆེན་པོ་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཨ་ནེ་བྱས་ནའང་མི་ཚེ་གང་བོར་མཐར་ཕྱིན་ཐུབ་མིན་ནི་ཅི་རིགས་རེད། དེ་ཡང་རང་རང་སོ་སོས་བསགས་པ་བསོད་བདེ་ལ་རག་ལུས་པ་ཞིག་རེད། ལས་དང་སྨོན་ལམ་ཅི་འདྲ་ཞིག་ཡོད་མེད་དེ་བཤད་ཤེས་པ་ཞིག་མ་རེད། མ་འོངས་པར་ཨ་ནེ་བྱས་ནས་བསྡད་ཐུབ་ཀི་ཡོད་ན་འདྲ་ལ། མེད་ནའང་འདྲ།   སློབ་སྦྱོང་ཞིག་ཐོབ་ཡོད་དུས་མ་མཐའ་ཡང་གདེང་ཚོད་གཅིག་ཡོད་པ་དེ་འདྲ་གི་མི་འདུག  དེ་མིན་དགོན་པའི་རྔ་རོལ་མོ་བརྡུང་རྒྱུ་གཅིག་པུ་དེ་ཤེས་པས། སང་ཉིན་སྐྱ་སར་བབས་པའི་སྐབས་ལ་ཅི་ཡང་ཕན་གི་མི་འདུག  དེ་དུས་ལྐུགས་པ་ལྐུགས་ནག་ཅིག་ཆགས། མིས་མཐོང་ཆུང་འདྲ་བྱས།  དགོས་རྒྱུའི་ཆོས་དེ་ཡང་བྱེད་མ་ཐུབ།  མི་དགོས་པའི་འཇིག་རྟེན་ཐོག་ལའང་མགོ་མ་ཐོན་པར་དཀའ་ལས་མྱོང་གི་རེད། དེ་བས་ཁོ་ཚོ་ལ་སློབ་སྦྱོང་གང་ལེགས་ཤིག་སྤྲོད་དགོས་ཀྱི་ཡོད།

1-Ani-Choying-Drolma-in-Con.jpg
གཅོད་དབྱངས་ཁྲོད་ཀྱི་ཆོས་དབྱིངས་སྒྲོལ་མ།

          རྫ་སྐྱེས་ཕུར་བ། རེད་རེད།  ཁྱོད་ཀྱི་སློབ་གྲྭ་དེ་ལ་སློབ་སྦྱོང་གི་ལོ་རིམ་ག་ཙམ་བར་ཡོད་དམ། 

        ཆོས་དབྱངས་སྒྲོལ་མ། འཛིན་རིམ་བརྒྱད་པ་བར་དུ་ཡོད། དེ་ནས་ཕྱི་ཡི་སློབ་གྲྭ་ཁག་ལ་གཏོང་བཞིན་ཡོད། ཁ་ཤས་ཤིག་ཝཱ་རཱ་ཎ་སཱིའི་མཐོ་རིམ་སློབ་གྲཱར་བཏང་པ་ཡིན། སློབ་ཆེན་རྗེས་ནས་Bachelo(གཙུག་ལག་སློབ་ཐོན)དང་། Master(སློབ་དཔོན)བཅས་ལ་གཏོང་གི་ཡོད། བལ་ཡུལ་ནང་དུ་ཨ་ནེ་གཟན་ཤམ་གྱོན་ཏེ་འཛིན་རིམ་བཅུ་གཅིག་བཅུ་གཉིས་དང་། མཐོ་རིམ་སློབ་གྲྭར་གཏོང་མཁན་དེ་ཕལ་ཆེར་ང་གཅིག་པུ་ཡིན་འགྲོ། དགོན་པ་ཁག་གཞན་གྱིས་དེ་འདྲ་གནང་གི་ཡོད་པ་མ་རེད། ཁོང་རྣམ་པས་དེ་འདྲ་བྱས་ན་འགྲིག་གི་མ་རེད་མདོག་མདོག་གསུང་གིན་འདུག  དགོན་པའི་ནང་ལོག་མ་གཏོགས་ཕྱི་ལ་སློབ་གྲྭར་གཏོང་གི་མི་འདུག  དེ་འདྲའི་ལུགས་སྲོལ་གསར་པ་འདྲ་ཞིག་མགོ་བཙུགས་པའི་ཁུལ་རེད་དེ། ཡང་བླ་མ་བླ་ཆེན་ཁོང་རྣམ་པས་དེ་འདྲ་གནང་མ་སོང་ཞེས་བསྐུལ་བ་བཏབ་པ་གང་ཡང་མིན། བཏབ་ཕོད་ཀི་མ་རེད་ལ། བཏབ་ཐུབ་པའི་ཐོབ་དང་གོ་སའང་ང་ལ་གང་ཡོད་པ་མ་རེད།(ཅུང་བགད། )ཡིན་ནའང་རང་རང་སོ་སོའི་བསམ་ཚུལ་ཐོག་ནས་གང་བྱེད་ཐུབ་པ་དེ་བྱེད་འགྲོ་བ་རེད། ངའི་ཨ་མཆོག་ལྟེབ་ཚིགས་བརྒྱབ་སྟེ་ལས་ཀ་དེ་ལྟར་བྱེད་བཞིན་ཡོད།

         རྫ་སྐྱེས་ཕུར་བ།  ཁྱེད་ཀྱི་མ་དེ་མཁལ་མའི་ནད་ཀྱིས་གྲོངས་པ་དང་། ཁྱོད་ཀྱིས་ཀྱང་དེ་ཉིད་སེམས་ལ་བཅངས་ནས་མཁལ་མའི་སྨན་ཁང་ཞིག་བརྒྱབ་ཡོད་པ་གོ་མྱོང་།  དེ་ལྟར་རེད་དམ།

ུུུུུུུུུུུུུུུུ.jpg
  མ་ལགས་དང་ལྷན་དུ་ཡོད་པ།

           ཆོས་དབྱིངས་སྒྲོལ་མ། རེད། སྙིང་རྗེ། ངའི་ཨ་མ་གྲོངས་འགྲོ་རྒྱུ་མ་དེ་མཁལ་མ་གཉིས་ཆ་འཕྲོ་བརླག་ཏུ་སོང་སྟེ། དཀའ་ལས་དཔེ་མི་སྲིད་མྱངས་པ་རེད། སྔོན་མ་འདྲ་ཡིན་ན། ངས་ན་ཚ་དེའི་སྐོར་ཅི་ཡང་ཧ་མི་གོ་མོད།  ཨ་མ་ན་བཞིན་པའི་སྐབས་དེ་ནས་བཟུང་། ན་ཚ་དེ་ཅི་འདྲ་ཞིག་ཡོད་པ་ངས་ཧ་གོ་སོང་ལ། ནད་དེས་མནར་བཞིན་པའི་མི་ཚོ་དྲན་ཡོང་དུས་སེམས་པ་སྐྱོ་དགོས་ལེ་འདྲ་གཅིག་ཡོང་གི་འདུག  སྐབས་དེ་དུས་བལ་ཡུལ་ནང་དུ་ནད་དེའི་རིགས་ལ་སྨན་བཅོས་ཀྱི་གོ་སྐབས་ཧ་ཅང་ཞན་པོ་རེད། ནད་དེ་སངས་དྲག་འགྲོ་རྒྱུའི་ཐབས་ཤེས་ཁྱོན་ནས་མེད་པ་ལྟ་བུ་ཞིག་རེད། ཡང་ན་ནི་མཁལ་མ་བརྗེ་དགོས་པ་རེད། དེ་མིན་ན་བདུན་ཕྲག་རེ་ལ་ཁྲག་གཙང་མ་ཐེངས་གཉིས་གསུམ་རེར་བཟོ་དགོས་པ་རེད། མཁལ་མས་ལས་ཀ་ཡག་པོ་ཞིག་བྱེད་མ་ཐུབ་པས་ལུས་པོའི་ནང་དུ་ཆུ་སེར་གསོག་འགྲོ་བ་རེད། ང་ཚོའི་དུག་དེའི་རིགས་ནམ་རྒྱུན་གཅིན་པ་བཏང་དུས་འགྲོ་བཞག་གི་རེད་མོད། དེ་ལྟར་མ་ཐུབ་པའི་ནད་པ་ཚོའི་ལུས་ལ་ཁྱབ་སྟེ་གཟུགས་པོ་སྐྲངས་འགྲོ་གི་ཡོད་པ་རེད།  བདུན་ཕྲག་རེ་ཡི་ནང་དུ་ཁྲག་གཙང་བཟོ་ཐེངས་གསུམ་རེར་བྱེད་དགོས་ཐུག་པ་རེད།མ་མཐའ་ཡང་བདུན་ཁྲག་རེར་བལ་སྒོར15000ལྷག་འགྲོ་བཞིན་འདུག  ཤ་ཚ། ངའི་མ་འདས་མོ་དེས་དཀའ་ལས་དེ་ལྟར་མྱངས་པ་རེད། ཡིན་ནའང་ང་ཚོར་སྨན་ཁང་དུ་འགྲོ་གྲོན་དངུལ་སོགས་ཀྱིས་དཀའ་ལས་མི་འདུག  འོན་ཀྱང་བལ་ཡུལ་གྱི་མི་དམངས་དེ་འདྲ་མ་རེད། དཔལ་འབྱོར་གྱི་གནས་རིམ་ཧ་ཅང་སྐྱོ་བོ་རེད། ན་ཚ་དེ་འདྲ་ཕོག་དུས། དང་པོ་ཁྱིམ་ཚང་ལ་དངུལ་གང་ཡོད་དེ་བཏང་།  དེ་རྫོགས་དུས་གཞན་ལག་ནས་གཡར་བ་དང་སློང་བ་སོགས་བྱས། དེས་ཀྱང་སྐྱོབ་མ་ཐུབ་པར་མཁལ་ནད་ཅན་མང་པོ་ཞིག་གྲོངས་འགྲོ་གི་ཡོད་པ་རེད།  མི་ཚང་མང་པོ་ཞིག་དེ་ལྟར་སྐྱོ་བོ་ཆགས་ཀྱི་འདུག དེ་འདྲ་ཡིན་དུས། ངས་ཨ་མའི་མདུན་ནས་དམ་བཅའ་བཞག་མྱོང་།  དམ་བཅའ་གང་འདྲ་བཞག་པ་ཡིན་ཟེར་ན། ངའི་ཨ་མ་ཁྱེད་རང་ནད་ཀྱིས་མནར་ནས་སྡུག་བསྔལ་འདི་ལྟར་མྱངས་པ་རེད་དེ། རྐྱེན་ངན་གྲོགས་ཤར་ཡག་ཤོས་ཤིག་ལ། བལ་ཡུལ་ནང་དུ་འདི་དང་འདི་ལྟ་བུའི་མཁལ་མའི་ནད་ཀྱིས་མནར་བཞིན་པ་འདི་དག་གི་ཆེད་དུ་ལས་ཀ་ཡག་པོ་ཞིག་བྱེད་དགོས་ཨང་སྙམ་པ་ངའི་སེམས་ལ་ཤར་ཡོད་ལ། ངས་ཨ་མ་ཁྱེད་རང་ལ་དམ་བཅའ་ཡིན། མ་འོངས་པར་སྨན་ཁང་ཡག་པོ་ཞིག་བརྒྱབ་ཡོང་། གཞུང་ལའང་དེའི་ཐད་ཀྱི་རྩ་ཁྲིམས་ཡག་པོ་ཞིག་བཟོས་ཡོང་ཞེས་ལབ་པ་ཡིན། སྐབས་དེ་དུས་བལ་ཡུལ་དུ་མཁལ་མ་བཤའ་བཅོས་བྱེད་སའི་སྨན་ཁང་མི་འདུག  ཐག་ཉེ་ཤོས་དེ་རྒྱ་གར་རེད། ཡིན་ནའང་དེར་རོགས་རམ་བྱེད་མཁན་གྱི་སྤུན་སྤུན་མཆེད་སོགས་མེད་པ་དང་། ལམ་ཐག་རིང་ལ་གོང་ཡང་ཆེན་པོ་ཡིན་དུས ། མང་པོ་ཞིག་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད། ཡིན་ནའང་ད་ལྟ་ཅུང་གྲུབ་འབྲས་ཐོན་ཡོད་པ་རེད།  ཁ་སང་ཁས་ཉིན་ཏེ།  ཉིན་འགའི་སྔོན་དུ་འཛམ་གླིང་མཁལ་མའི་དུས་ཆེན་རེད། ཉིན་དེར་མི་དམངས་ལ་བལ་ཡུལ་གཞུང་གིས་མཁལ་མའི་ཁྲག་རིགས་གཙང་བཟོ་བྱེད་པ་སོགས་མཁལ་མའི་སྨན་བཅོས་ཆ་ཚང་རིན་མེད་ཐོག་ཞབས་ཞུ་ཞུས་ཡོད་པ་རེད། དེར་མ་ཟད་ད་ལྟ་བལ་ཡུལ་དུ་མཁལ་མ་བཤའ་བཅོས་བྱེད་ཐུབ་པའི་ཆ་རྐྱེན་གཙོ་བོ་གཅིག་དེ། སྔོན་མ་བལ་ཡུལ་གྱི་སྲིད་འཛིན་ Sushil Koira ཟེར་བ་ཞིག་ཡོད། ཁོང་ད་ལྟ་གྲོངས་ཚར་བ་རེད། དུས་རྟག་ཏུ་ཁོང་གིས་ང་ལ་དགའ་སྣང་དང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱེད་ཀི་རེད།  ཁྱོད་ལ་རོགས་རམ་འདྲ་དགོས་ཀྱི་ཨེ་འདུག་ཟེར་དུས། ངས་ཀྱང་རེ་བ་ནན་གྱིས་ཞུས་ཏེ་ཡུལ་འདི་ལ་མཁལ་མ་བཤའ་བཅོས་བྱ་སའི་སྨན་ཁང་ཞིག་འཛུགས་ཐུབ་པ་རེད། ད་ལྟ་སྨན་ཁང་དེ་ཡར་རྒྱས་ཆེན་པོ་ཕྱིན་པ་རེད། མཁལ་མ་བཤའ་བཅོས་ཐུབ་པར་མ་ཟད། གློ་བུར་རྐྱེན་དབང་གིས་གྲོངས་བའི་མི་ཡི་དོན་སྣོད་དག་ནད་པ་གཞན་ལ་སྦྱིན་པ་གཏོང་ཆོག་པ་དེ་རྩ་ཁྲིམས་ནང་བཀོད་ཐུབ་ཡོད་པ་རེད། དེ་ཁེར་བུས་མ་ཚད་སྔོན་མཁལ་མ་ཕན་ཚུན་སྤྲད་ས་དང་སྤྲོད་མཁན་དེ། སོ་སོའི་འདུག་རོགས་དང་།  སྤུན་སྤུན་མཆེད་འདྲ་ཡིན་ན་མ་གཏོགས་ཆོག་གི་མེད་པ་རེད། ད་ལྟ་དེ་ལྟར་མིན་པར་སུས་ཀྱང་སྤྲོད་ཆོག་པའི་ཁྲིམས་བཟོས་ཡོད་པ་རེད། ཕྱོགས་གཅིག་ནས་ངའི་མ་འདས་མ་དེ། དེ་ལྟར་གྲོངས་པ་རེད། ཡང་ཕྱོགས་གཅིག་ནས་རྐྱེན་ངན་གྲོགས་ཤར་བྱུང་ཏེ་ང་རང་གིས་མི་མང་པོ་ཞིག་ལ་ཞབས་འདེགས་ཞུ་བའི་གོ་སྐབས་ཐོབ་པ་རེད། དེ་ལྟར་བསམ་ན་སྡུག་བསྔལ་ཡིན་ནའང་སྡུག་བསྔལ་རྐྱང་རྐྱང་ཞིག་རེད་མི་འདུག་བསམ་གྱིན་ཡོད།  དེ་ནས་ངའི་བོད་སྐད་དེ་ཁྱེད་ཀྱིས་གོ་གི་འདུག་གམ།  ཏོག་ཙམ་ཏོག་ཙམ་ཁམས་སྐད་རེད་མི་འདུག་གམ།

          རྫ་སྐྱེས་ཕུར་བ།  ཆ་ཚང་ཏག་ཏག་གོ་གི  སྐད་ཆའི་ནང་ན་ནང་ཆེན་གྱི་སྐད་ཧ་ཅང་མང་པོ་འདུག  (མཉམ་བགད།)

            ཆོས་དབྱིངས་སྒྲོལ་མ།  རེད།  ནང་ཆེན་གྱི་སྐད་རྒྱག་དགོས་ན། ངས་ཧ་ཅང་དག་མོ་རྒྱག་གི་རེད།  ཡིན་ནའང་ངས་དབུས་སྐད་དེ་བསྲེ་མ་བསྲེས་དང་། ར་མ་ལུག་འདྲ་ཆགས་སོང་ནས་ཡག་པོ་རྒྱག་ཐུབ་ཀི་མི་འདུག ང་ཕ་མ་གཉིས་དང་མཉམ་དུ་ཡོད་དུས། ཁམས་སྐད་ཧ་ཅང་དག་མོ་རྒྱག་ཤེས་ཀི་ཡོད།  ཁམས་སྐད་དག་མོ་མ་བཤད་ན་ཁོང་གཉིས་ལ་གོ་བརྡའང་འཕྲོད་ཀི་མ་རེད།  

        རྫ་སྐྱེས་ཕུར་བ།   གོང་དུ་སྐད་ཆ་མང་ཙམ་བུད་སོང་།  ད་མཇུག་བསྡུ་རྒྱུ་བྱེད། མཐའ་མཇུག་ཁྱོད་རང་ལ་ཧི་མ་ཡའི་བརྒྱུད་ཀྱི་མི་རིགས་གཅིག་པའི་སྤུན་ཟླ་ཁག་ཡིན་ན་འདྲ་ལ། བོད་ནང་ཁུལ་གྱི་སྤུན་ཟླ་དག་ཡིན་ནའང་མཚུངས། ཁོང་ཅག་ལ་རེ་སྐུལ་གྱི་ཚུལ་དུ་སྐད་ཆ་འདྲ་བཤད་རྒྱུ་ཨེ་ཡོད།

IMG_4587.JPG

        ཆོས་དབྱིངས་སྒྲོལ་མ།  ད་དེ་འདྲ་དངོས་གནས་ཅི་ཡང་བཤད་རྒྱུ་མི་འདུག  སོ་སོ་ལ་ཤེས་ཡོན་གྱི་ཐོག་ནས་འདང་གི་མ་རེད། ཐོབ་གོ་ས་ནི་ཅི་ཡང་ཡོད་པ་མ་རེད། ཉམས་ལེན་ཡོད་མཁན་ཞིག་ཡིན་ན།  ཉམས་རྟོགས་པའི་སྐོར་ནས་གཅིག་བཤད་ན་འགྲིག་ཀྱང་།  དྲང་མོ་བཤད་ན་ང་ནི་དེ་འདྲ་གང་ཡང་མ་རེད། ཆོས་ལ་དད་ཅིང་།  ལས་རྒྱུ་འབྲས་བརྩི་བའི་ཨ་ནེ་ཞིག་ཡིན་ཟེར་ན་དེ་ཏག་ཏག་འདྲ་ཞིག་རེད་བསམ་ཡོད། ང་རང་ལ་ཡིན་ནའང་། སྤྱི་ཚོགས་ཐོག་གི་མི་ཁ་ཤས་ཀྱིས་ཨ་ནེ་ཞིག་གིས་དབྱངས་དང་རོལ་མོ་འདྲ་འཐེན་ནས། དེའི་ག་རེ་བྱེད་ཀི་འདུག་བསམ་མཁན་ཡང་ཡོད་རྒྱུ་རེད།  དེ་ལྟར་དྲན་མཁན་ཡོད་ནའང་ང་ལ་སེམས་ཕམ་གང་ཡང་མེད།(གད་མོ་བགད) ང་རང་ཏོག་ཙམ་མགོ་མཁྲེགས་པོ་རེད། ང་རང་གིས་གང་བསམ་པ་དེ་ཏག་ཏག་བྱས་འགྲོ་བ་རེད། ཅི་མ་ཅི་ཟིག་གིས་གཅིག་ལབ་ཀི་འདུག  ཅི་མ་ཅི་ཟིག་མས་གཅིག་དྲན་གི་འདུག་ཟེར་བས། ང་འགོག་ཐུབ་མཁན་ཞིག་མ་རེད། ཡིན་ནའང་གཙོ་བོ་ང་ཚོ་ཚང་མས་ཀུན་ལ་ཕན་པའི་ཆོས་ཤིག་བྱེད་ཨེ་ཐུབ་ལྟ་རྒྱུ་དེ་གལ་ཆེ་ཤོས་རེད། ཚང་མ་ལ་བཀྲ་ཤིས་བདེ་ལེགས།   ད་དུང་ང་ལ་ཚང་མར་ཐུགས་རྗེ་ཞུ་རྒྱུ་ཡོད། ང་ས་གང་དུ་སོང་ན་ཡང།  ངས་དབྱངས་འཐེན་བཞག་པ་དེ་དག་ཡག་པོ་འདུག་ཟེར་ཏེ། དམིགས་བསལ་དགའ་བ་ཆེན་པོས་ཉན་བཞིན་འདུག དེ་ལ་ངས་ཡང་ཡང་ཐུགས་རྗེ་ཞེས་ཞུ་རྒྱུ་ཡིན། དེ་མིན་ང་ལ་དེ་མ་རེད་དང་། འདི་ལྟར་རེད་ཟེར་བ་དེ་འདྲ་གང་ཡང་བཤད་རྒྱུ་མེད།(གད་མོ་བགད།)

ཕྱི་ལོ2017ལོའི་ཟླ3ཚེས་13ཉིན་བཅར་འདྲི་བྱས།
ཟླ4ཚེས5ཉིན་ཡི་གེར་གཏགས།

ངེད་རྩོམ་སྒྲིག་ཁང་གིས་ཆོག་མཆན་མེད་པར་དྲ་བ་དང་འཕྲིན་སྟེགས་སུས་ཀྱང་བསྐྱར་བཤུས་བརྒྱབ་མི་ཆོག

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།