དཔྱོད་ཤེས་ཀྱི་བདེན་པ་སྐྱོང་བའི་གྲྭ་བཙུན་ཞིག

54405

eeee.jpg

      དཔྱོད་པའི་མིག་རྣོ་ཞིང་བདེན་པའི་སྟོབས་མངའ་བའི་སྒོ་ཤེར་ལགས་ཀྱི་བརྩམས་ཆོས་དག་ནི་ཀྱོག་མཚམས་ཤིག་གི་རྡོ་རིང་ལྟ་བུ་དང་། དུངས་ཞེན་དངོས་བརྒལ་གྱི་འཐུས་ཚབ་ལྟ་བུ། ལྷག་པར་རབ་བྱུང་སྡེ་ཡི་འཚོ་གནས་འཇིག་གསུམ་ལ་གསལ་ཐག་གཙང་ཆོད་ཀྱིས་ལྟ་ཚུལ་ཞིག་དང་། མ་བགྲོད་ཐུ་མེད་ཀྱི་ལམ་ཡངས་ཤིག་བསྟན་ཡོད་ཙང་། འོ་སྐོལ་གྱིས་ནམ་དུའང་ཤེས་རབ་ཀྱི་མིག་གིས་ལྟ་འོས་ཤིང་། དུས་དང་དུས་སུ་སྙིང་སྟོབས་ཀྱི་དྲོད་ལ་བསྲེ་ཆོག་པ་ཞིག་ཡིན་པར་སྙམ། བོད་ཀྱི་དགོན་སྡེའི་ལམ་ལུགས་ཀྱི་མཁའ་དབུགས་དེ་རབ་རིབ་ཅིག་ནས།  ངོས་གཙང་ཅན་ཞིག་ཏུ་འཕོ་དགོས་ཚེ་དཔེ་པོད་སྔ་ཕྱི་འདི་དག་ནི་རྩིག་པའི་རྨང་དང་སྐས་རིམ་ལྟ་བུ་ཞིག་ཡིན་པར་འདོད་དོ།།

 

ཁོང་གི་རྩམས་ཆོས་ཁག་ལས་ཟུར་བཀོལ་དུ་བྱས་པ་འགའ།

         ཆོས་ཀྱི་དགོན་སྡེ་ཟེར་བ་དེ། ལྟ་བ་གནས་ལུགས་ལ་དུངས་ཤིང༌། སྤྱོད་པ་འདུལ་ཁྲིམས་ལ་གཙིགས་པ་ཞིག་ཡིན་དགོས་པ་ལས། ཆོས་མིན་སྲིད་མིན་གྱི་ལམ་སྲོལ་མང་པོར་ཨུ་ཚུགས་དུངས་ཞེན་གྱིས་འཐམ་ས་གཙོ་བོ་ཞིག་ཡིན་མི་རིགས་སྙམ།

__སྒོ་ཤེས་རབ་རྒྱ་མཚོས།

《འགན་འཁྲི》2010ལོའི་དེབ་སྤྱིའི་དེབ་གྲངས3པའི་ཤོག་གྲངས23ལས་དྲངས།

         ཆོས་ཀྱི་དགོན་སྡེ་ཟེར་བ་དེ། ངེས་དོན་ཆོས་ཀྱི་བཤེས་གཉེན་དག་ལ་བརྩི་བཀུར་དང༌། གུས་འདུད་ཐོབ་ས་ཞིག་ཡིན་དགོས་པ་ལས། བླུན་པོ་དབང་ཅན་དང༌། ཡོན་བདག་རྒྱུ་ཅན་ཚོ་ཁོ་ན་བླ་མེད་གཙུག་ཏུ་འཇོག་ས་ཞིག་ཡིན་མི་རིགས་སྙམ།

__སྒོ་ཤེས་རབ་རྒྱ་མཚོས།

《འགན་འཁྲི》2010ལོའི་དེབ་སྤྱིའི་དེབ་གྲངས3པའི་ཤོག་གྲངས23ལས་དྲངས།

         ཆོས་ཀྱི་དགོན་སྡེ་ཟེར་བ་དེ། རྒྱུ་འབྱོར་མངའ་ཐང་ལ་མི་སྲེད་པའི་ཆོག་ཤེས་དང༌། དཀའ་སྤྱད་སྡུག་རུས་དང་ལྡན་པའི་སྙིང་སྟོབས་སོགས་དོན་དངོས་ཀྱི་སྟེང་ནས་གཟེངས་སུ་བསྟོད་ས་ཞིག་ཡིན་དགོས་པ་ལས། སྤྲུལ་སྐུ་ཕྱུག་ན་འཕྲིན་ལས་སུ་བརྩི་ཞིང༌། གྲྭ་པ་ཕྱུག་ན་འཇོན་ཐང་ལ་བརྩི་ཡུལ་ཞིག་ཡིན་མི་རིགས་སྙམ།

__སྒོ་ཤེས་རབ་རྒྱ་མཚོས།

《འགན་འཁྲི》2010ལོའི་དེབ་སྤྱིའི་དེབ་གྲངས3པའི་ཤོག་གྲངས23དང24ལས་དྲངས།

         ཉིན་གང་གི་དུས་ཚོད་ཧྲིལ་པོར་སྒྲིག་ཁྲིམས་ཤིག་གིས་དེད་ནས་ཡར་རྒྱུག་མར་རྒྱུག་བྱེད་དགོས་པར་གྱུར་ཚེ། སློབ་གཉེར་པ་ཚོར་ཁྲལ་ལས་ཀྱི་སྣང་བ་ཤིན་ཏུ་ལྕི་བར་མ་ཟད། བརྩོན་སེམས་ཀྱི་འདུན་མ་ཡལ་བའི་རྐྱེན་དུའང་འགྱུར་སྲིད།

__སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས370ལས་དྲངས།

         དེང་ཕྱིན་འབྲས་རྟགས་ཀྱི་རིགས་པ་སྦྱོང་བ་ནི་ཤེས་བྱ་གསར་བ་ཞིག་བློ་ལ་ངེས་སུ་བཅུག་པའི་རྩིས་སྤྲོད་ཁོ་ན་ཙམ་དུ་མི་འགྱུར་བར། མ་མཐར་ཡང་རང་གི་མི་ཚེའི་བྱ་གཞག་ཁྲོད་དུ་རིགས་པ་དེ་བེད་སྤྱོད་ཅུང་ཟད་གཏོང་ནུས་པ་ཤིག་ཏུ་འགྱུར་གལ་ཤིན་ཏུ་ཆེ།

__སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས54ལས་དྲངས།

         མི་ལ་ལ་ཞིག་གིས་དཔེ་ཆར་བལྟས་ཚེ། མིག་གིས་བལྟས་ཡོད་པ་ཙམ་ལས་སེམས་ཀྱིས་བལྟས་མེད་པས། དེའི་དཔེ་ཀློག་གི་སྤུས་ཚད་ཤིན་ཏུ་ཞན་ཏེ། ཡ་མ་ཡུན་ལ་དཔེ་ཆ་མདུན་ཐད་དུ་སྒྲིག་པ་ཙམ་ལས་བསམ་གཞིགས་ཀྱི་ནུས་པ་ཡོད་ཚད་རྒྱ་ཡན་དུ་ཤོར་ཟིན་པས། དེ་ནི་གཟུགས་བརྙན་ཙམ་གྱི་དཔེ་ཀློག་ཁོ་ན་ཡིན།

__སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས393ལས་དྲངས།

         མཚན་ཉིད་རིག་པའི་དཔེ་ཀློག་གི་སྐབས་སུ། ཐོག་མར་བཀླག་བྱའི་གཞུང་དེས་ཡང་སྙིང་ཅི་ཞིག་འཆད་ཀྱིན་པའི་བརྗོད་དོན་གསལ་བོར་ངེས་དགོས་ཤིང༌། དེའི་རྗེས་སུ་བརྗོད་དོན་དེ་ཉིད་དོན་དངོས་ཀྱི་གནས་ཚུལ་དང་མཐུན་མིན་གྱི་བརྟག་གཞིགས་ནན་ཏན་བྱེད་དགོས་པ་དང༌། གལ་ཏེ་དོན་དངོས་ཀྱི་གནས་ཚུལ་དང་མཐུན་པ་ཞིག་ཏུ་མཐོང་ན། དེ་དང་རང་ཉིད་བར་ལ་འབྲེལ་བ་ཅི་ཞིག་ཡོད་པའམ། ཤེས་བྱ་དེ་ཤེས་པའི་རིན་ཐང་ཇི་ལྟར་མངོན་འགྱུར་བྱ་དགོས་པ་བཅས་ལ་བསམ་གཞིགས་གཏོང་རྒྱུ་ཤིན་ཏུ་གལ་ཆེ།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས395དང396ལས་དྲངས།

         ལ་ལ་ཞིག་གིས་སེམས་བཀུག་སྟེ་ལྟ་ཡི་ཡོད་མོད་ཀྱི། ལུང་ཙམ་ངེས་རྒྱུ་ཁོ་ནར་གཙིགས་འཛིན་གྱིས་དཔེ་ཆའི་བརྗོད་དོན་ལ་རང་གིས་འཐད་མིན་གྱི་བརྟག་ཞིབ་བྱེད་རྒྱུའི་གོམས་པ་གཏན་བྲལ་ཏུ་གྱུར་འདུག དཔེ་ཀློག་བྱེད་ཚུལ་དེ་ཡི་སྤུད་ཚད་ཀྱང་ཞན་པར་སྨྲ་རིགས་ཏེ། མི་དེ་འདྲ་ལ་རྟག་ཏུ་དཔེ་ཆས་ཕར་རྒྱུགས་ཟེར་ན་ཕར་རྒྱུག་པ་དང༌། ཚུར་རྒྱུགས་ཟེར་ན་ཚུར་རྒྱུག་རྒྱུ་ཁོ་ན་ལས་རང་སྟོབས་ཀྱི་གོམ་ཁ་བརྟན་པོ་ཞིག་ཆགས་མི་ཐུབ་པས། དེ་ལྟ་བུའི་དཔེ་ཀློག་ཀྱང་རང་ཉིད་ལ་དབང་བའི་ཤེས་བྱ་རྣལ་མ་ཞིག་རྙེད་པའི་རྐྱེན་དུ་ནམ་ཡང་མི་འགྲོ་བའི་དཔེ་ཀློག་ཡིན་པར་སྙམ།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས393དང394ལས་དྲངས།

         ལ་ལ་ཞིག་ནི། དཔེ་ཆར་ལྟ་ཡུན་རིང་དྲགས་ནས་ཁམས་དང་རྣམ་ཤེས་ཉོབ་ཟིན་ན་ཡང༌། ད་དུང་ཨུ་ཚུགས་ཀྱིས་དཔེ་ཆར་ཅེར་ནས་སྡོད་པ་ལྟ་བུ་སྟེ། དཔེ་ཀློག་གི་རིགས་དེར་ཡང་བསྟན་བཅོས་ལ་མཇལ་བའི་ཆོས་ཀྱི་བྱིན་རླབས་ཤིག་ཡོད་སྲིད་མོད། སློབ་སྦྱོང་གི་ངོས་ནས་ནི་སྤུས་ཚད་ཞན་པའི་དཔེ་ཀློག་ཅི་སྟེ། སོ་སོའི་བློ་རིག་གི་ནུས་ཤུགས་ལས་བརྒལ་བའི་སློབ་སྦྱོང་དེ་འདྲ་ནི་རང་ཉིད་ཕམ་པའི་རྒྱུ་རུ་འགྲོ་སྲིད་པས། ངལ་གསོ་རན་དུས་ངལ་གསོ་ཤེས་དགོས་པ་ཡང་སློབ་སྦྱོང་གི་རྩ་བའི་གནད་གཙོ་གྲས་ཤིག་ཡིན་པ་རེད།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས394ལས་དྲངས།

         གལ་ཏེ་ཁ་བ་གངས་ཅན་པའི་ཡུལ་གྲུ་འདི་རུ་སྲིད་འབྱོར་རིག་གསུམ་གྱི་ལང་ཚོ་ཞིག་མངོན་པར་དར་བར་འདོད་ན། ལྷད་མེད་དྭངས་གཙང་གི་བྱིས་དུས་ཀྱི་གནས་སྐབས་འདི་ནི། རྟེན་འབྱུང་གལ་ཆེན་ཞིག་དང་ས་བོན་གནད་ཆེན་ཞིག་རེད་ཨང༌།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས337ལས་དྲངས།

         ལམ་ཞེས་པ་ནི་ནམ་ཡང་མི་སོང་ནས་བཏོད་ཡོང་བ་རེད། ལམ་ནི་ག་དུས་ཡིན་ན་འུ་ཚོའི་རྐང་འོག་ཏུ་ཡོད་པ་རེད་མ་གཏོགས། མགོ་ཐོག་ཏུ་ཡོད་པ་མ་རེད། མི་འགྲོ་ཤེས་ན་མི་སོང་ཤུལ་ལམ་རེད། ལམ་རྙིང་པའི་དགེ་སྐྱོན་ལ་བལྟས་ནས་དགེ་མཚན་རྒྱུན་འཛིན་དང་སྐྱོན་ཆ་འདོར་དགོས་པ་རེད།

___སྒོ་ཤེས་རབ་རྒྱ་མཚོས།

《ང་ཚོ་སད་རན》ཤོག་གྲངས341ལས་དྲངས།

         ཤི་ལ་ཁད་ཀྱི་མི་རིགས་འདིའི་ནད་རྐྱེན་ཀྱི་རྩ་བ་ཤེས་ཡོད་ན། གསོན་ཐབས་ཀྱི་བཅོས་ཀ་ཇི་ལྟར་བྱེད་དགོས་པ་རེད།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས340ལས་དྲངས།

         འུ་ཅག་གིས་བལྟ་དགོས་ས་ཡང་ཕྱོགས་བསྡུས་བཙོན་རའི་ནང་གི་གཏམ་རྒྱུད་ཙམ་མིན་པར། ལམ་ལུགས་ཤིག་གི་རྣམ་པར་ཆགས་ཟིན་པའི་དཀའ་སྡུག་ཆེན་མོའི་ལོ་ཟླ་གང་དེའི་སྔ་ཕྱིའི་འབྱུང་རྐྱེན་རྣམས་ལ་ཕྱིར་རྟོག་གི་བསམ་བློའི་ཟབ་ས་ནས་མཇལ་ན་དགོས་པ་བླ་ལྷག་ཏུ་མི་ཆེའམ།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས284ལས་དྲངས།

         ང་ཚོས་རང་ཉིད་ནམ་འཆི་ངེས་མེད་དུ་ངོས་ཟིན་རྒྱུ་ཙམ་མ་ཡིན་པར། རང་ཉིད་ནམ་འཆི་ངེས་མེད་དུ་ངོས་ཟིན་པའི་བློ་དེས་རང་གི་མི་ཚེའི་ལམ་ཕྱོགས་དང་མི་ཚེའི་ལྟ་བ་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་རྒྱུ་དེ་ཉིད་ཡིན་པ་རེད།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས71ལས་དྲངས།

         ནང་པའི་ཆོས་ལ་མཚོན་ན། རྒྱ་གར་གྱི་གྲུབ་མཐའ་བཞི་དང༌། བོད་ཀྱི་ཆོས་རྒྱུད་ལྔ་གང་གི་དབང་དུ་བྱས་རུང༌། གཞི་རྩའི་ལྟ་བའི་རྨང་འདིང་ས་ནི། སྲིད་པའི་ཕུན་ཚོགས་མཐའ་དག་བཟློག་པའི་སེམས་ཀྱི་རྟོགས་པ་ཞིག་ཇི་ལྟར་འཐོབ་པའི་ཐབས་དང་ཐབས་བྱུང་གི་རིམ་པ་གཏན་ལ་ཕབ་ཡོད་པ་ཉིད་ལ། འདུ་ཤེས་འཛིན་ཚུལ་དེ་ལས་འཕྲོས་པའི་མི་ཚེའི་ལྟ་བ་ཡང“ལོངས་སྤྱོད་ལ་མ་ཆགས་པ་འཕགས་པའི་རིགས་སོ”ཞེས་པ་ལྟ་བུ་རེད།

____སྒོ་ཤེས་རབ་རྒྱ་མཚོས།

《ང་ཚོ་སད་རན》ཤོག་གྲངས212ལས་དྲངས།

        མི་སུ་དང་སུའི་ངོས་ནས་བལྟས་ན་ཡང༌། རྨང་གཞིའི་སློབ་གསོ་ནི་མི་ཚེའི་ཤེས་ཡོན་གྱི་རྩ་བ་དང༌། མི་གཞིའི་ངེས་དོན་གྱི་གཟུངས་གཞུག་ཡིན།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས355དང356ལས་དྲངས།

         ལས་ཀ་འདྲ་མི་འདྲའི་ནང་དུ་ཡར་རྒྱུག་མར་རྒྱུག་གིས་བྲེལ་བའི“མི་ཁོམ་པའི་རྒྱལ་སྲས”དེ་ཚོར་བཤད་རྒྱུར། གྲྭ་པ་ཞིག་གི་ལས་ཀ་རྣལ་མ་ཅི་ཡིན་གྱི་རྩ་དོན་ནི《ཆོས་འདུལ་བ》ལ་དྲིས་དང༌། ཁྱེད་ཅག་ལ་ས་མཚམས་མ་འདྲེས་པའི་ལན་ཞིབ་མོར་གདབ་ངེས་སོ། །

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས336ལས་དྲངས།

         གནས་ལུགས་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ཅིང༌། བདེན་དོན་ལ་མི་རིགས་ཀྱི་དབྱེ་བ་མེད་པས། བདེན་དོན་དང་གནས་ལུགས་ཀྱི་མདུན་ན་ནི་རིག་གནས་ཡོད་ཚད་དང་ཤེས་རབ་ཡོད་ཚད་འདྲ་མཉམ་ཁོ་ན་ཡིན།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས142ལས་དྲངས།

         བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་འདུ་ཤེས་དང་ལྟ་གྲུབ་ལྟར་ན་ནི། མི་སུ་ཞིག་ཆོས་ལ་དད་པ་མེད་ཚེ། དེ་ཉིད་ནི་མ་རུང་བ་དང༌། ལོག་པ། བདུད། ལྟས་ངན་བཅས་སུ་བརྩི་བས་དྲག་པོའི་ལས་ཀྱིས་ཚར་བཅད་ཀྱང་དགེ་བའི་ལེགས་ཚོགས་དམ་པ་ཞིག་ཏུ་མི་བགྲང་བའི་ངེས་པ་མེད།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས332ལས་དྲངས།

        རང་ཉིད་ཆོས་ལ་དད་པ་དེས་སོ་སོ་རང་ཉིད་མི་ཡ་རབས་སེམས་བཟང་ཞིག་དང༌། མི་བདེན་དྲང་ཚུགས་ཐུབ་ཅིག་ཏུ་འགྱུར་ཐུབ་ཀྱི་ཡོད་མེད་ལ་བསམ་བློ་ནན་གྱིས་གཏོང་གལ་ཆེ་བར་སྙམ།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས315ལས་དྲངས།

         རང་རེའི་དད་པའི་ལོ་རྒྱུས་ལ་ཁ་ཕྱིར་འཁོར་ནས་ཞིབ་ཏུ་བལྟས་ཚེ། གནད་འགག་གི་དུས་དང་བསྐལ་བ་རྣམས་སུ་ང་ཚོའི་དད་པ་ནི་ཆུ་ཡི་ཆུ་བུར་བཞིན་གཡོ་སླ་ཞིང་འཇིག་སྐྱེན་པ་ཞིག་ཏུ་མཐོང་བས། ང་ཚོ་དད་ལྡན་མི་རིགས་སུ་གདགས་པར་ཁོ་བོ་ཐེ་ཚོམ་དང་དོགས་འཆར་མི་སྐྱེ་བའི་རང་དབང་ག་ལ་ཡོད།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས248ལས་དྲངས།

         བསམ་ཞིང་བསམ་དུས། རང་རེའི་དད་པ་ནི་མི་ཆོག་ཟེར་དུས་དབྱིངས་སུ་ཡལ་འགྲོ་བ་ཞིག་དང༌། ཆོག་ཟེར་དུས་མདུན་ལ་སླེབས་འོང་བ་ཞིག་ཏུ་མཐོང་གི་འདུག་པས། དེ་ནི་དུས་ཀྱི་ངོ་སོ་བསྟོད་པའི་རྣམ་འགྱུར་ཙམ་དང༌། དབང་ཤུགས་ལ་མགོ་བོ་སྒུར་བའི་སྐྲག་འཛུམ་ཙམ་ལས་ཅི་ཞིག་ཡོད་ཨང༌།

__སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས249ལས་དྲངས།

         འཇིག་རྟེན་འདིའི་མི་སུ་དང་སུ་ཡིན་རུང༌། རིག་གནས་བསམ་བློ་གང་ཞིག་གི་ལྟ་གྲུབ་དེ་ཡང་དག་པར་ལྟ་བའམ། མི་མཐུན་པར་ལྟ་བའམ། བཏང་སྙོམས་སུ་འཇོག་པ་སོགས་ནི་རང་རང་གི་ཐོབ་ཐང་གཙང་མ་ཡིན་ནོ་ཞེས་ཁོ་བོས་སྨྲས་ཀྱང་སྨྲས་ལ་སེམས་ཀྱང་སེམས་པས། ནམ་ཡང་དེ་ལུགས་ཀྱི་བརྩི་བཀུར་འཇོག་བྱེད་ངེས་པ་གཞར་ཡང་འགྱུར་དུ་མེད།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས3ལས་དྲངས།

        གལ་ཏེ་སུ་ཞིག་མི་ཡི་བདེ་སྐྱིད་ལ་དུངས་ཤིང་ཆོས་ཉིད་ཀྱི་བདེན་པ་ལ་ཞེན་ན། རྒྱུན་ཤེས་ལ་རྒོལ་བའི་རྫུན་གཏམ་ཐུ་མོ་ཆེ་དེ་དག་ལ་གཡུལ་བཤམས་ཤིང་སུན་འབྱིན་པར་བྱ་རྒྱུ་ནི་རང་དབང་འཚོལ་སྙེག་གི་ལམ་དུ་ཞུགས་པའི་ཐོག་མའི་ཕུན་ཚོགས་ཀྱི་སྦྱོར་བ་དང་པོ་ཡིན།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས177ལས་དྲངས།

          ང་ཚོ་རང་གིས་བསམ་ཤེས་ན། ང་ཚོ་རང་ཉིད་འགྲོ་ཤེས་ན། ང་ཚོའི་འགྲོ་ལམ་ནི་ཤིན་ཏུ་ཡངས་སོ་ཞེས་སེམས་གཏམ་དུ་འབུལ་ལོ། །

__སྒོ་ཤེས་རབ་རྒྱ་མཚོས།

《ང་ཚོ་སད་རན》ཤོག་གྲངས245ལས་དྲངས།

         ཤེས་རབ་ཅན་གྱི་སྐྱེས་བུ་འཁྲུངས་མ་མྱོང་བའི་མི་རིགས་ནི། ཡ་ཐོད་ལ་མིག་མ་སྐྱེས་པའི་མི་རིགས་ཤིག་ཏུ་བརྩི་ཆོག་ན། ཤེས་རབ་ཅན་ལ་འདྲེ་རུ་ལྟ་བའི་མི་རིགས་ནི། རང་མགོ་རང་གིས་བྲེགས་ནས་ཆུ་ལ་བསྐྱུར་བའི་མི་རིགས་ཤིག་ཡིན་ངེས་པ་རེད།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས170ལས་དྲངས།

         གལ་ཏེ་ཁྱེད་ཀྱིས་དཔེ་དེབ་སྟོང་ཕྲག་ངག་སྐྱོར་བྱ་ཐུབ་ཀྱང་ཆོག གཞུང་ལུགས་མང་པོར་འགྲེལ་བཤད་གནང་ནུས་ཀྱང་རུང༌། རང་ལ་གཏོགས་པའི་བླང་དོར་འཇུག་ལྡོག་གི་བློ་མིག་དང༌། མི་ཡི་རྒྱུན་ཤེས་ལེགས་པོ་ཞིག་མི་ལྡན་ན་ནི་ཁེར་ཚུགས་ཀྱི་བསམ་བློའི་བླ་སྲོག་ཉམས་པ་དང་མཚུངས་པས། ཁྱེད་ཀྱིས་འབད་པས་བཙལ་བའི་ཤེས་བྱ་ཉི་ཚེ་བ་དེ་དག་ཀྱང་རྫུན་དང་རྫུས་མའི་རམ་འདེགས་ཤིག་ཏུ་འགྱུར་སྲིད་ཅིང༌། རང་མགོ་སྐོར་བའི་རྨི་ལམ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་དོ་ཞེས་ཀྱང་ཞར་ལ་ཞུ་བར་འདོད།

____སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས187ལས་དྲངས།

         བསམ་ཞིང་བསམས་ན། ཡུལ་དང་དུས་དང་གནས་སྐབས་མི་འདྲ་ནའང༌། རིགས་དང་རྣམ་གྲངས་ངོ་བོ་མི་གཅིག་ནའང༌། རང་རང་གི་ཁྱབ་ཁོངས་སུ་རྒྱུན་ཤེས་ལས་གལ་ཆེ་བའི་ཤེས་བྱ་ཞིག་གར་ཡང་མ་མཆིས་ལ། རྒྱུན་ཤེས་ལས་གནད་ཆེ་བའི་གདམས་ངག་ཅིག་གུད་དུ་མི་བཞུགས་པར་སྙམ།

___སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས152ལས་དྲངས།

        བསམ་ཞིང་བསམས་ཚེ། རྒྱུན་ཤེས་ནི་སྤྱི་ཚོགས་སོ་སོ་བདེ་ཐང་དུ་གནས་པའི་ཚེ་སྲོག་གི་སྙིང་པོ་ཡིན་ལ། རྒྱུན་ཤེས་ནི་མི་རེ་རེའི་རྒྱུ་འབྲས་ཀྱི་རྟོགས་པའི་གཞུང་རྟ་ཡང་ཅིས་མ་ཡིན།

____སྒོ་ཤེས་རབ་རྒྱ་མཚོས།

《རྒྱུན་ཤེས་དང་ལམ》ཤོག་གྲངས182ལས་དྲངས།

 

རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།