གླུ་བ་ཚེ་མགོན།

97003

རྩོམ་པ་པོ།   རྫ་སྐྱེས་ཕུར་བ།
fftyrty.jpg

            1993ལོར་གླུ་གཞས་ཆེད་བསྒྲིགས་«གངས་ལྗོངས་ཀྱི་རྨི་ལམ»ཞེས་པ་དང་།  དེ་ནས་རིམ་བཞིན«ཨ་རོགས་ཁམས་པ»དང«ང་ཡི་ལྷ་ས»བཅས་འགྲེམ་སྤེལ་བྱས། 1994ལོར་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པར་རྒྱུགས་འཕྲོད་ཅིང་། དེ་ནས་བཟུང་།  དབྱི་ཐ་ལི་དང་། སེ་ཝེ་ཏེན། ཀུ་རུ་སི། ཧྲིན་མ་ལི་རོ། ཉི་ཧོང་སོགས་རྒྱལ་ཁབ་ཁག་ཏུ་ཕྱིན་ནས་འཁྲབ་སྟོན་བྱས། 1998ལོར་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པར་ལས་གནས་སྤར་པ་ནས་ད་ལྟའི་བར་ཀྲུང་དབྱང་དང་། ཞིང་ཆེན་རིམ་པའི་བྱ་འགུལ་སྣ་ཚོགས་སྟེང་ཞུགས།    

tytyut.jpg

           ཚེ་མགོན་ནི་ད་ལྟ་གཡའ་དྭངས་ལགས་དང་འདྲ་བར་གཞས་པ་རྒན་གྲས་སུ་སླེབས་ཡོད་མོད། སྐྱུག་མོལ་དང་ལད་ཟློས་མང་དྲགས་པའི་དེང་གི་བོད་གཞས་ཀྱི་སྐྱ་ཐང་ཐང་གི་ལམ་བུར་བལྟས་ཚེ། ཁོང་རྣམ་གཉིས་ནི་མདུན་བསྐྱོད་ཆེན་མོ་ཞིག་གི་མཚོན་རྟགས་སུ་གྱུར་འདུག་ལ། མཚོན་རྟགས་དེ་ལས་བརྒལ་རྒྱུ་དཔེ་མི་སྲིད་པ་ཞིག་ག་ལ་ཡིནའང་། སྐྱུག་མོལ་གླུ་གཞས་ཀྱི་ཁོར་ཡུག་འདི་འདྲ་ནས་ཁོང་གཉིས་ལས་བརྒལ་ནུས་པ་སུའང་བྱུང་མེད་ཚོད་དུ་གདའ།  ཚེ་མགོན་གྱི་གླུ་གཞས་ཀུན་པོར་དྭངས་ལ་དབྱངས་འགྲོས་སྙོམ་པ་དང་། ལྷོད་ཅིང་ངང་གིས་བཞུར་བ།   རྫ་ཆུ་རང་བྱུང་དུ་འབབ་ཀྱིན་པའི་ངང་ཚུལ་དང་ཉམས་འགྱུར་གྱི་ཁྱད་ཆོས་མངའ།  

hrtyry.jpg

        《ཨ་རོགས་ཁམས་པ》ནི་ཁོའི་ཚབ་མཚོན་གླུ་གཞས་སུ་བདམས་ཆོག་པའི་གཞས་ཤིག་ཡིན་ཏེ། བརྗོད་དོན་དངོས་ཡོད་ཅན་དང་། གླུ་ཚིག་བབ་ཆགས་སྤྱིར་བཏང་བའི་མཛེས་པ་སྤྱད་དེ་བྲིས་ཡོད་ལ། དེར་འཚམས་པའི་རོལ་དབྱངས་ཀྱི་གདངས་དང་། ལུས་ངག་གི་ཉམས་སོགས་གཅིག་ལ་གཅིག་བརྒྱན་དུ་སོང་གཤིས། ང་ཚོར་བདེ་དགེ་མཛེས་གསུམ་གྱི་མཐོང་སྣང་ཐུན་མིན་དུ་བསྐྲུན། བརྗོད་དོན་ཟུར་བཀལ་གྱིས་མོལ་ན་ཁམས་པའི་བུ་ཆུང་ཞིག་གིས་ས་མཐའི་རྒྱལ་ཁམས་བསྐོར་བའི་ངང་ཚུལ་དེ་ཉིད་ཟབ་པ་དང་བརླིང་པའི་ཆ་ནས་མ་ཡིན་པར། སུས་ཀྱང་བརྒྱུད་མྱོང་བའི་ལམ་གྱི་དཀའ་སྡུག་གི་རྔུལ་ཆུ། དམིགས་མེད་ཁེར་གདུང་གི་སྐྱོ་ཡས། ཉིན་མཚན་རྐང་བགྲོད་ཀྱི་ངལ་དུབ། ད་དུང་མཛའ་བཅུགས་དྲན་པའི་བརྩེ་བ་སོགས་ཡིན་ལ། དཔེར་ན། “འགྲོ་བསམ་པའི་རྟ་ཕོ་ང་ལ་མེད། རྐང་ལྷམ་ཆུང་བྱུང་ན་རྟ་ཕོ་རེད། འདུག་བསམ་པའི་གནས་མོ་ང་ལ་མེད། ཆུ་མེ་ཤིང་བྱུང་ན་གནས་མོ་རེད། ངའི་རུས་པ་ཨ་དཀར་ས་རྡོ་རེད། ས་གང་སར་འཐོར་འགྲོ་ཆ་མེད་རེད”ཅེས་པ་རྣམས་ཀྱིས་ཨ་ཅང་དཀྱུས་མ་དང་སྤྱིར་བཏང་གི་འཚོ་བ་ཞིག་གཟུགས་ཅན་དུ་བསྒྱུར་ཞིང་། བསམ་གཞིག་གི་བར་སྟོང་དུ་བསྐྱར་རྗེས། སྣང་ཆུང་འཁོས་ཞན་གྱི་ཕལ་བའི་མི་ཚེ་ཞིག་ལ་གོ་བ་བསྐྱར་ལེན་བྱ་དགོས་པའི་གནས་བབ་སྤྲད་ཅིང་། བརྙན་རིས་ནང་གླུ་བ་ཁོ་རང་གིས་རྫ་ཆུའི་ཁའི་བུ་མོ་དཀྱུས་མ་ཞིག་གི་པར་རིས་ལ་ལྟ་བཞིན་ལྟ་བཞིན་འབྲལ་དཀའ་བའི་གདུང་ཡས་ཤིག་དང་ལྷན་རུམ་ལ་བཅུག་པ་དེས་ཀྱང་བརྩེ་བ་ནི་ཀུན་ལས་རླབས་ཆེ་བ་ཞིག་ཡིན་པའི་བདེན་པ་ཉིད་གསལ་སྟོན་བྱས་པ་དང་། མདོར་ན་བོད་མིའི་སེམས་གཤིས་དང་ཉེ་ཞིང་། འཚོ་བའི་ཆོས་ཉིད་དང་འཕར་ཁ་གཅིག་གྱུར་དུ་སོང་བའི་གླུ་གཞས་འདི་ནི་བོད་ཀྱི་གླུ་དབྱངས་ཀྱི་ཚབ་མཚོན་ལེགས་ཤོས་ཤིག་ཡིན་ནོ།།

 

རྫ་ཆུའི་རླབས་སྒྲའི་པར་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།