ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་ངོ་སྤྲོད་མདོར་བསྡུས།

97132

རྩོམ་པ་པོ། རྫ་སྐྱེས་ཕུར་བ།

MG_0751.jpg

          ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 1942ལོར་ལ་སྟོད་ཟུར་མཚོ་འཁྲིས་མཁར་དུ་སྐྱེས།   1972ལོར་ཝཱ་རཱ་ན་སཱིའི་ལེགས་སྦྱར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཨ་ཅཱ་རྱའི་སློབ་གནས་ཐོབ། 1974ལོར་ཉི་ཧོང་དུ་འབྱོར། 1976ལོ་ནས་ཆོས་འབྱུང་དང་ནང་བསྟན་ལྟ་གྲུབ་སྐོར་གྱི་ཞིབ་འཇུག་ལས་གཞི་གཉེར། ཉི་ཧོང་ཨོ་ཐ་ནི་གཙུག་ལག་སློབ་གྲཱ་ཆེན་མོའི་གཏན་འཇགས་མ་ཡིན་པའི་སློབ་དཔོན་དང་། གཏན་འཇགས་སློབས་དཔོན། གཙུག་ལག་སློབ་དཔོན་ཆེན་མོ་གཞོན་པ། གཙུག་ལག་སློབ་དཔོན་ཆེན་མོ་དང་། ཁྱོ་ཐོ་སློབ་གྲྭ་ཆེན་མོ་སོགས་སློབ་ཆེན་དུ་མའི་གཙུག་ལག་སློབ་དཔོན་རིམ་བཞིན་བྱས།    བརྩམས་ཆོས《ཉི་ཧོང་ཆོས་འབྱུང་ཕྱོགས་བསྡུས》དང་། 《བྱམས་ཆོས་ལེའུ་འཕྲོས་དོན་དང་བཅས་པའི་དཔྱད་གཏམ》《 བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན》《དེབ་སྔོན་གསར་མ》《དེབ་ཐེར་སེར་པོ》《 དེབ་ཐེར་ལྗང་གུ》《 དེབ་དཀར་གསར་མ》《 རྗེ་ཙོང་ཁ་པའི་ལམ་རིམ་གྱི་ལུང་ཁུངས་གསལ་བྱེད་ཉི་མ་སྟོད་སྨད་གཉིས》《ཡུལ་གངས་ཅན་གྱི་བཀའ་བསྟན་དཀར་ཆག་དང་བཅས་པའི་ལོ་རྒྱུས་རགས་ཙམ་བརྗོད་པ་སྣར་ཐང་དྲན་དབྱངས》སོགས་ཡོད།  རྗེས་སུ་ཁོང་གི་བརྩམས་ཆོས་ཕྱོགས་བསྒྲིགས་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས། །

       ཕྱི་ལོ་2012ཟླ་10 ཚེས12 ཉིན་ཉི་ཧོང་ཀྲོག་ཁྱོ་རྒྱལ་སའི་དབུས་ཀྱི་ནང་བསྟན་དར་སྤེལ་ཚོགས་པ་ཡིས།  ནང་བསྟན་གཟེངས་ཐོན་བྱ་དགའ་ཐེངས46 དེ། ཨོ་ཐ་ནི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཟུར་པ་ཁོང་ལ་གནང་ཞིང་།    བྱ་དགའི་དངུལ་ལའང་ཉི་སྒོར་ ༡༠༠༠༠༠༠།༠༠ ཡོད་འདུག   བྱ་དགའ་དེ་ལྟར་འབུལ་དོན་ནི་ཁོང་གིས་ཉི་ཧོང་གི་ནང་དོན་རིག་གནས་ཁག་ལ་ཉམས་ཞིབ་གཏིང་ཟབ་གནང་པ་དང་།  མ་ཟད་ཞིབ་འཇུག་གི་གྲུབ་དོན་ཁག་བོད་ཀྱི་སྐད་ཡིག་ཐོག་ནས་འཛམ་གླིང་གང་སར་ངོ་སྤྲོད་གཙང་དག་གནང་ཐུབ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ཞེས་བཀོད་འདུག

        ཁོང་ནི་དཀའ་ངལ་འཛེམ་མེད་ཀྱིས་བོད་ཀྱི་ནང་བསྟན་ཞིབ་འཇུག་པ་ཞིག་དང་།   ཞིབ་འཇུག་གི་རྒྱུ་ཆ་དང་། ཞིབ་འཇུག་གི་ཐབས་ལམ།   ཞིབ་འཇུག་གི་གྲུབ་དོན་བཅས་ལ་དཔྱད་ཞིབ་ཀྱི་གདན་ཐོབ་དམིགས་བསལ་བཟུང་ཡོད་མཁན་ཞིག་ཡིན་པ་རེད།  དེ་ལྟར་དེང་རབས་རང་བཞིན་ལྡན་པའི་ཁོང་གིས་དཔྱད་འཇུག་གི་ལམ་ལ་ང་ཚོས་མིག་དཔེར་འཛིན་འོས་པའི་མཐོང་ཚུལ་གྱི་ཁྱད་ཆོས་མང་དུ་གྲུབ་ཡོད།

 

རྫ་ཆུའི་རླབས་སྒྲའི་པར་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།