རྨི་ལམ་གྱི་སྟེགས་བུར་སྙེག་པའི་མང་བཟའ་པད་དཀར།

57057

IMG_9168.JPG
____ཡུལ་ཤུལ་གྱི་བོད་རིགས་བུད་མེད་སྒྱུ་རྩལ་པའི་ཡ་གྱལ་མང་བཟའ་པད་དཀར།
བུད་མེད་ཀྱི་ཚེ་སྲོག་གི་བག་ལ་ཞ་བའི་ནུས་པ་སྔོག་འདོན་བྱེད་པ།

 

                མང་བཟའ་པད་དཀར་ནི།     སྤྱོ་ལོ་༡༩༦༤ལོའི་ཟླ་༡༢པའི་ཚེས་༢༨ཉིན།  མཚོ་སྔོན་ཡུལ་ཤུལ་རྫོང་ཨ་ཁྲོ་རྒྱས་ར་གྲོང་དུ་སྐྱེས། ཁོ་མོའི་ཨ་ཕ་ནི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་གྱི་ལྷ་སྐུ་བརྐོས་བྲིས་མཁན་དང་ཐང་ག་འབྲི་མཁན་ཞིག་ཡིན་ཞིང་།   དེ་བས་ཁྲག་རྒྱུན་གྱི་རྐྱེན་གྱིས་མོ་རང་ལོ་ན་ཆུང་ངུའི་སྐབས་ནས་བཟུང་སྒྱུ་རྩལ་ལ་ལས་འབྲེལ་བཞག   ལོ་དྲུག་བདུན་གྱི་དུས་སུ་རྨོ་བོའི་འཁྲིས་སུ་བསྡད་དེ་ཨ་ཁྲོ་ཡི་འཇུར་རྟ་ཅི་ལྟར་བཟོ་བར་བལྟས་ཤིང་རང་ཉིད་ཀྱིས་ཀྱང་སྦྱངས་པ་བྱས་པ་དང་།  ལོ་ན་བཅུ་གཉིས་བཅུ་གསུམ་གྱི་དུས་སུ་ཨ་མ་ལ་ལད་ཟློས་བྱས་ཏེ་གྱོན་ཆས་བཟོས་པས།  ཨ་མའི་འཚེམ་བཟོ་རུ་ཁག་གི་མི་རྣམས་ཀྱིས་ཁོ་མོ་ལ་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་དུ་སྟོར།IMG_9169.JPG

         སློབ་གྲྭ་འགྲིམ་པའི་སྐབས་སུ་བསླབ་ཚན་གཞན་དག་ལ་སྦྱངས་འབྲས་ཕུལ་བྱུང་ཡིན་པའི་ཁར་མཛེས་རྩལ་ནི་ཁོ་མོའི་ཐུན་མིན་གྱི་འཇོན་ཐང་ཞིག་ཏུ་གྱུར་ཡོད་པ་དང་།  སྤྱི་ལོ་༡༩༨༤ལོར་པེ་ཅིང་དང་།  ཅུང་སུའུ།  ལན་ཀྲུའུ་དང་ཟི་ལིང་བཅས་ནས་མིང་དུ་གྲགས་པའི་སྒྱུ་རྩལ་པ་ཝུའུ་ཁྲང་ཅང་སོགས་ཡུལ་ཤུལ་དུ་དམངས་ཀྱི་འཚོ་བར་ཉམས་ལེན་བྱེད་དུ་བསླེབས་ཤིང་།  ཁོ་མོ་ནི་སྐབས་དེར་སྒྱུ་རྩལ་པ་དེ་དག་གིས་བསྒྲུབས་པའི་འཛིན་གྲྭ་དེའི་ནང་གི་བུ་མོ་གཅིག་པུ་དེ་ཡིན་ཞིང་།  དགེ་རྒན་ཝུའུ་ཁྲང་ཅང་སོགས་ཀྱིས་མོའི་བརྐོས་བྲིས་དང་རི་མོ་ལ་གདེང་འཇོག་མཛད་པ་དེས་མོ་རང་མཛེས་རྩལ་གྱི་ལམ་ལ་བཀྲིས། སྤྱི་ལོ་༡༩༨༦ལོར་ཞི་ཨན་མཛེས་རྩལ་སློབ་གླིང་གི་བརྐོས་བྲིས་སྡེ་ཁག་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྣུམ་ཚོན་རི་མོའི་ཆེད་ལས་ལ་མིང་ཐོ་བཀོད་ཅིང་།    ཁོ་མོ་ནི་ཞི་ཨན་མཛེས་རྩལ་སློབ་གླིང་གིས་ལྗོངས་དང་ཞིང་ཆེན་ལྔ་ལ་ཕྱོགས་ཏེ་བརྐོས་བྲིས་སློབ་མ་༢༠༠བསྡུས་པའི་ཁྲོད་ཀྱི་ཡིག་ཚད་གཏོང་མཁན་གྱི་བུ་མོ་གཅིག་པུ་དེ་ཡིན་ལ།  ཟབ་སྦྱོང་སོགས་ཅི་ཡང་གནང་མེད་པའི་ཁོ་མོས་ཆེད་ལས་ལ་ཨང་དང་པོའི་རྒྱུགས་འབྲས་བླངས་ཤིང་།  ནུབ་བྱང་མི་རིགས་སློབ་ཆེན་གྱི་སྣུམ་ཚོན་རི་མོའི་ཆེད་ལས་ལ་ཨང་གཉིས་པའི་ཐོག་ནས་སློབ་བསྡུ་བྱས།  མཐར་ཁོ་མོས་སྣུམ་ཚོན་རི་མོའི་ཆེད་ལས་བདམས་ཏེ་སློབ་ཆེན་དུ་འགྲིམས།

IMG_9170.JPG

          སློབ་ཆེན་གྱི་དུས་སུ།  ཁོ་མོ་ནི་སློབ་གླིང་གྲུབ་མཐའ་དང་སུའུ་ལེན་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་ལ་མ་གོམས་ཤིང་།  དེ་ཡིས་ཁོ་མོ་ལ་སྡུག་ཡུས་བཟོད་གླགས་མེད་པ་སྤྲད་ཅིང་།  ཐིག་དུམ་སྣ་ཚོགས་ལ་བརྟེན་ནས་རི་མོ་འབྲི་བ་དེས་ཁོ་མོའི་ཚོར་ཤེས་ཚལ་བུར་བཏང་སྟེ་རི་མོ་དང་རང་ཉིད་གཞི་གཅིག་ཏུ་བསྲེས་མ་ཐུབ་པས།  ཅི་བྱ་གཏོལ་མེད་ངང་།  ཁོ་མོས་རང་ཉིད་ཀྱི་ཚོར་འདུ་དེ་སྙན་ངག་དང་བརྐོས་བྲིས་ལ་བསྟིམས་པ་སོགས་ཀྱིས།  སློབ་ཆེན་དུ་རང་ཉིད་དང་དགེ་རྒན་ཡིད་ཚིམ་པའི་སྦྱོང་ཚན་ཞིག་འཇོག་མ་ཐུབ།    མཐར་ཕྱིན་ལ་ཉེ་བའི་དུས་སུ་དགེ་རྒན་ཆེན་མོ་བ་ལུའུ་ལགས་ཀྱིས་རང་ཉིད་ཀྱིས་ཧྥ་རན་སི་ནས་སྦྱངས་འོངས་པའི་རི་མོའི་འབྲི་ཐབས་མོད་པོ་ཞིག་དང་ཁྱད་པར་དུ་སྲོལ་རྒྱུན་གྱི་རི་མོ་འབྲི་ཐབས་དེ། ཁོ་ཚོ་སྟེ་མཐར་ཕྱིན་འཛིན་གྲྭ་ལ་ཚོད་ལྟ་བྱེད་དུ་བཅུག་མཐར་འཛིན་གྲྭའི་མི་མགོ་བརྒྱད་ལས་ཁོ་མོ་མ་གཏོགས་སྲོལ་རྒྱུན་གྱི་རི་མོ་འབྲི་ཐབས་དེ་ལ་མ་ལོབས་ཤིང་།  སྲོལ་རྒྱུན་གྱི་རི་མོ་འབྲི་ཐབས་དེ་ནི་ཁོ་མོས་ཡུན་རིང་ལ་རེ་ཞིང་སྒུག་པའི་སྒྱུ་རྩལ་གྱི་མཚོན་ཐབས་དེ་ཡིན་པ་དང་།  དེ་ཡིས་ཁོ་མོའི་བགྲང་བྱ་བཞིའི་ཆེད་ལས་ཀྱི་སྟོང་ཆ་ཁ་གསབ།  ལོ་བཞིའི་རིང་ལ་རི་མོའི་ཆེད་ལས་ཀྱི་ཕྱོགས་ནས་ཐུན་མིན་གྱི་འཇོན་ཐང་དང་ཁྱད་ནུས་སོགས་གང་ཡང་མ་མངོན་ནའང་།  ནུབ་གླིང་གི་མཚན་ཉིད་རིག་པ་དང་རི་མོའི་གཞུང་ལུགས་ལ་བག་ཆགས་བཞག་ཅིང་།  སྙན་ངག་དང་རྩོམ་རིག།  གླུ་གཞས་དང་ཞབས་བྲོ་སོགས་ལ་སྦྱངས་པ་མཛད་པ་དེས།  ཨ་རིའི་སྒྱུ་རྩལ་འགྲེམས་སྟོན་དང་ཧྥ་རན་སིའི་སྒྱུ་རྩལ་འགྲེམས་སྟོན་གྱི་སྐབས་སུ་མི་གཞན་དང་གླེང་མོལ་བྱས་པ་ན་མཉམ་འུར་ལན་ཆ་ཆེ་ཙམ་བྱུང་བ་ཡིན་པས།  ཁོ་མོས་དུས་རྟག་ཏུ་དགེ་རྒན་དམ་པ་དག་གི་བཀའ་དྲིན་རྗེས་སུ་དྲན་གྱིན་འདུག།

IMG_9171.JPG

              སྤྱི་ལོ་༡༩༩༠ ལོར་ཁོ་མོ་ལ་སློབ་རམས་པའི་བསླབ་གནས་ཐོབ་ཅིང་།  མཐར་ཕྱིན་རྗེས་ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ལས་བགོས་བྱས།  ལོ་གཉིས་ཀྱི་རྗེས་སུ་ཁོ་མོས་རང་ཉིད་ཀྱི་ཆེད་ལས་གཏིང་ཟབ་ཏུ་སྦྱོང་བའི་ཕྱིར་དང་།  མི་དང་ཚེ་སྲོག  འདུ་ཤེས་ཀྱི་ངོ་བོ་ལ་རྒྱུས་ལོན་བྱེད་པའི་ཕྱིར་དུ་སངས་རྒྱས་ཀྱི་ཞབས་རྗེས་སྙེག་བཞིན་རྒྱ་གར་དུ་འགྲིམས།

IMG_9172.JPG

          རྒྱ་གར་དུ་ལོ་ངོ་བཞི་ལ་ནང་ཆོས་ཀྱི་ཕྱོགས་ལ་སྦྱངས་པ་ཟབ་མོ་བགྱིས་ཤིང་།  ནང་ཆོས་ལ་བཞག་པའི་བག་ཆགས་སྤུ་སུད་དེས་སངས་རྒྱས་ཀྱི་དགེ་སྒྲུབ་སྡིག་སྤོང་གི་བཅས་མཚམས་ལ་ངེས་ཤེས་རྙེད་དེ།  རིམ་གྱིས་རང་ཉིད་ཀྱི་འདུ་ཤེས་ངོས་ཟིན་ཅིང་།  སེམས་ཀྱི་གནས་སྟངས་སོགས་ལ་བཅོས་བསྒྱུར་མཛད།  ཁོ་མོས་ཐེག་པ་ཆེན་པོའི་ཆོས་ཀྱིས་སྐྱེ་བོ་མཐའ་དག་གི་སྙིང་རྗེ་ཆེན་པོ་སྦྱོང་བ་དང་སྤྱི་ཚོགས་དང་འཛམ་གླིང་གི་འགན་འཁྲི།  སེམས་ཅན་རེ་རེར་བཅངས་པའི་བྱམས་བརྩེ་སྦྱོང་ཐུབ་པར་འདོད་ལ།  ཁོ་མོས་རང་ཉིད་ནི་དེང་རབས་རིག་གནས་ཀྱི་མཐོ་རིམ་སློབ་གསོ་ནས་སྲོལ་རྒྱུན་རིག་གནས་ཀྱི་ཉམས་ལེན་ལུགས་ལྡོག་གིས་རིམ་བརྒྱུད་བགྱིས་པར་སྙམ་ཞིང་།  ཁོ་མོས་བསྙད་ན་རང་ཉིད་མུ་མཐུད་དུ་འཚར་ལོངས་འབྱུང་བཞིན་འདུག་སྐད།

ཏ.jpg

            རྒྱ་གར་དུ་བསྡད་པའི་རིང་ལ་ཡུན་གྱིས་བསགས་པའི་ཉམས་མྱོང་དེ་ནི་ཁོ་མོའི་ཚེ་སྲོག་གི་རྒྱགས་ཕྱེ་གྱ་ནོམ་པ་དང་མི་ཚེའི་ཕྱོགས་སྟོན་ཞིག་ཏུ་བསམས་ཤིང་།  ལོ་བཞིའི་དཀའ་ཐུབ་ཀྱིས་བུད་མེད་ཀྱི་ཞན་ཆ་མང་པོ་ཞིག་མེད་པར་གྱུར་ཅིང་།  རྒྱ་གར་དུ་བསྡད་པའི་ལོ་བཞིའི་དཀའ་ཐུབ་མེད་པ་ཡིན་ན་མོའི་སྒྱུ་རྩལ་དེ་ཡང་བུད་མེད་མང་པོ་ཞིག་དང་འདྲ་བར་ལག་པ་སྲིང་འདོད་ཀྱང་ཕུ་དུང་ཐུང་དྲགས་པའི་དཔེ་ལྟར་གྱུར་ཡོད་པར་སྙམ།  དཀའ་ཐུབ་ལ་བརྟེན་པས་ཁོ་མོའི་ཡོད་ཚད་ལ་འགྱུར་ལྡོག་བྱུང་ཞིང་། དེ་ནི་རྒྱལ་བོའི་སྲས་མོ་ཞིག་འབངས་མི་ཕལ་བར་གྱུར་བ་དང་མཚུངས།  ཁོ་མོ་ལ་མཚོན་ན་རང་ཉིད་ནི་རླབས་ཆེ་རུ་གྱུར་བའམ་ཉམ་ཆུང་དུ་གྱུར་བ་གང་ཡིན་ཆ་མི་འཚལ་མོད།  ཁོ་མོས་བཤད་ན་རང་ཉིད་ནི་གནས་དང་གོ་ས།  ཐོབ་ཐང་སོགས་གང་ལ་བཞག་ཆོག་སྟེ།  དཔེར་ན་སྨྱོན་མ་དང་སྒྱུ་རྩལ་པ།  བཙུན་མ་དང་སྨད་ཚོང་མ།  མུ་ཏོ་བ་དང་ཤེས་འཇོན་ཅན།  འོན་ཀྱང་བདེན་དོན་ལ་ཉེ་བར་བསྙེན་པའི་བློ་ནི་འགྱུར་མི་སྲིད་པ་དེ་ཡིན་ཞིང་།  ཁོ་མོས་བཤད་ན་ཁོ་མོ་ནི་སངས་རྒྱས་ཞབས་རྗེས་སྙེག་འདོད་རབ་ཏུ་ཆེ་བ་དང་། ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་སྤྱི་ཚོགས་དང་འཛམ་གླིང་ལ་རྔོ་ཐོགས་པའི་བྱ་བཞག་སྒྲུབ་ཅིང་།  བྱ་བཞག་མངོན་རི་བ་ཞིག་སྒྲུབ་མ་ཐུབ་ནའང་ཁོ་མོས་འབད་འབུངས་བྱ་འདོད་དོ་སྐད།

IMG_9173.JPG

            རྒྱ་གར་གྱི་ལོ་ངོ་བཅུ་བཞི་ལ་ཉེ་བའི་རིང་ལ།  ཁོ་མོ་ཡིསTCVདགེ་རྒན་གསོ་སྦྱོང་གི་དུས་སུ་བཟོ་རྩལ་གྱི་སློབ་ཚན་ཁྲིད་ཅིང་།  བསླབ་གཞི་རྩོམ་སྒྱུར་ཁང་གི་དཔེ་དེབ་ལ་བར་བཅུག་གི་རི་མོ་བྲིས།  ནོར་བུ་གླིང་ག་མཛེས་རྩལ་ཁང་གི་སྒྱུ་རྩལ་གྱི་མཛུབ་སྟོན་གནང་ཞིང་།  ༢༠༠༠ལོར་ཨ་རིའི་ཝ་ཞིང་ཐོན་གྱི2000smithsonian.Folklife Festivaiགདན་ཞུས་ལྟར་ཞུགས་ཏེ་ཁོ་མོའི་རི་མོ་ལ་ཨ་རིའི་གྲོགས་པོ་མང་པོས་གདེང་འཇོག་བླ་ལྷག་གིས་མཛད་ཅིང་།  ༢༠༠༤ལོར་ཁོ་མོ་ཧྥ་རན་སི་རུ་སྤེལ་བའི་TIBET 76’eme foirexpo de Nior དང་ཧི་མ་ལ་ཡ་རྒྱལ་སྤྱིའི་རིག་གནས་འགྲེམས་སྟོན FOIRE INTERNALE DE NANCYལ་ཞུགསཤིང་།  ཧྥ་རན་སི་ནས་སྔ་རྗེས་སུ་ཐེངས་ལྔ་ལ་ཁོ་མོའི་རི་མོའི་སྐོར་ལ་གསར་འགྱུར་སྡེ་ཁག་གིས་བཅར་འདྲི་དང་ཁོ་མོའི་རི་མོ་སྐོར་སྤེལ་གཏོང་བྱས་པ་དང་།  ཧྥ་རན་སིའི་གྲོགས་པོ་དག་གིས་གདེང་འཇོག་བྱས་པ་དེས་བྱ་བའི་ཐད་ལ་སྔར་བས་ཀྱང་ཡིད་ཆེས་ཆེ་རུ་གྱུར།  ཁོ་མོའི་སྒེར་གྱི་སྒྱུ་རྩལ་འགྲེམས་སྟོན་ཐོག་མ་དེ་རྒྱ་གར་གྱི་རྡ་རམ་ས་ལའི་ཨ་མྱེས་རྨ་ཆེན་རིག་གནས་ཞིབ་འཇུག་ཁང་གི་རོགས་སྐྱོར་འོག་སྤེལ་ཅིང་།  ཆབས་ཅིག《ལོ་ཟླའི་ཀློང་དུ་བོར་བའི་རྨི་ལམ》ཞེས་པའི་རི་མོའི་དེབ་ཅིག་དཔེ་སྐྲུན་འགྲེམས་སྤེལ་བྱས།

IMG_9174.JPG

              རྒྱ་གར་དུ་དུས་ནམ་ཡང་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་སྣུམ་ཚོན་རི་མོ་དང་།  བོད་བརྒྱུད་ནང་བསྟན་གྱི་བརྐོས་བྲིས་ཐིག་རྩ་དང་ནུབ་ཕྱོགས་བརྐོས་བྲིས་ཀྱིམངོན་མཚོན་ཐབས་རྩལ་སོགས་ཀྱི་གཏིང་རིམ་ལ་འཛུལ་ཞིང་།  རྒྱ་གར་གྱི་དྲི་ཟའི་སྒྱུ་རྩལ་ལ་མོས་གུས་ཆེར་བྱེད་པ་ཡིན།  འོན་ཏེ།  ཕྱོགས་གཞན་ཞིག་ནས་བྱ་བ་དང་འཚོ་བའི་ཁྲོད་དུ་བུད་མེད་ཡིན་པའི་དོན་དངོས་སམ་གྲིབ་མ་རྗེས་ལ་དེད་པ་དེས།  སྐྱེས་པ་དང་གཉིས་སུ་མེད་པའི་ལམ་བུ་ཞིག་ལ་འཚོལ་ཞིབ་བྱེད་དུ་བཅུག།  དེ་བས་ཁོ་མོས་ཨ་རིའི་བུད་མེད་སྒྱུ་རྩལ་པ་དང་དཔྱད་བརྗོད་པ།  བུད་མེད་ཕྱོགས་ཀྱི་ཇུས་གཞི་འདོན་མཁན་དག་ལ་ཟུར་བལྟས་ཀྱིས་བུད་མེད་དང་སྐྱེས་པ་གདན་ཐོབ་གཅིག་མཚུངས་ཀྱི་དབང་ཆ་བརྩོན་ལེན་གནང་།  སྤྱི་ལོ་༡༩༦༠ལོ་ནས་༡༩༧༠ལོར་སྤེལ་བའི་བུད་མེད་ཀྱི་ལས་འགུལ་ཏེ《མོ་དབང་རང་ལུགས》ཀྱི་ཁྲོད་དུ།  འཁྲིག་སྤྱོད་རང་དབང་ནི་བུད་མེད་རང་ཉིད་ཀྱི་དགོས་མཁོ་ལ་བསྟུན་དགོས་ཤིང་།  དེ་ལྟར་ན་སྐྱེས་པ་དང་མཉམ་པའི་མི་མངོན་པའི་ནུས་སྟོབས་མངའ་ལ།  ཕོ་དབང་རིང་ལུགས་ཀྱི་རྒྱ་ལས་ཐར་ན་ད་གཟོད་བུད་མེད་རང་ཉིད་ཀྱི་ཆེས་ཆེ་བའི་འཇོན་ཐང་དག་བརྩམས་ཆོས་ཀྱི་ཀློང་དུ་འདོན་སྤེལ་དང་ལེགས་འགྲུབ་འབྱུང་སྲིད་པའི་ལུང་ལ་ཡིད་རྟོན་བྱུང་བས།  འཁྲིག་སྤྱོད་རང་དབང་དེ་རང་ཉིད་ལས་འགོ་བརྩམས་ཤིང་ཚོད་ལྟ་བྱས་པ་དང་དགེ་ཆོས་ཀྱི་《འདོད་པའི་བསྟན་བཅོས》ལའང་བལྟས་མྱོང་བ་རེད།  ཁོ་མོས་བཤད་པ་ལྟར་ན་ཨ་རིའི་མོ་རྒྱུད་རིང་ལུགས་ཀྱིས་ཁོ་མོའི་སྒྱུ་རྩལ་གྱི་ལམ་བུར་ཤུགས་རྐྱེན་ཐེབས་པར་མ་ཟད་འགྱུར་ལྡོག་ཀྱང་བཏང་ཡོད་ཟེར།  དེ་དག་གིས་ནུབ་ཕྱོགས་སུ་བུད་མེད་རླབས་ཆེན་དང་ཤེས་ཡོན་ཅན། ནོར་པེར་བྱ་དགའ་ཐོབ་མཁན་གྱི་བུད་མེད་མང་དུ་བྱུང་བའི་རྒྱུ་རྐྱེན་ལ་ཡིད་ཆེས་ཀྱིས་བརྟས་སུ་བཅུག་ཅིང་།  ཚུལ་འདི་ལ་བརྟེན་ནས་ཁོ་མོས《བོད་རིགས་བུད་མེད་ཀྱི་སྤྱི་ཚོགས་གནས་བབ》ཅེས་པ་བརྩམས་ཏེ་བོད་ཀྱི་བུད་མེད་དག་ལ་བུད་མེད་ཀྱི་ཚེ་སྲོག་གི་བག་ལ་ཞ་བའི་འཇོན་ནུས་དེ་ཅི་ལྟར་བྱས་ཏེ་འཐུས་ཚང་ངང་སྔོག་འདོན་བྱེད་དགོས་པའི་བསམ་གཞིག་གི་ལྷུམས་སུ་བསྐྱལ་ལ།  ནང་ཆོས་ཀྱི་གཞུང་དུའང་བུད་མེད་ནི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་དུས་སུ་ད་གདོད་སྐྱེས་པ་དང་མཉམ་པའི་རང་རང་གི་ངོ་སྐལ་གྱི་འཇོན་ནུས་གསར་འབྱེད་བྱེད་ཐུབ་ཅེས་གསུངས་ཡོད་པ་རེད།

IMG_9175.JPG

        ཁོ་མོའི《བོད་རིགས་བུད་མེད་ཀྱི་སྤྱི་ཚོགས་གནས་བབ》བུད་མེད་དགེ་རྒན་ཆེན་མོ་བ་དང་བུད་མེད་འབུམ་རམས་པ།  དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་བུད་མེད་རྣམས་ཀྱི་དགའ་བསུ་དང་གདེང་འཇོག་ཚད་ལས་འདས་པ་ཐོབ་པར་མ་ཟད།  དེབ་འདི་རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར་ཏེ་འགྲེམས་སྤེལ་བྱས་པ་རེད།    རྒྱ་གར་དང་ཧྥ་རན་སི།  ཨ་རི་སོགས་སུ་གནས་པའི་དུས་སུ་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བ།  ཆོས་ལུགས་མི་འདྲ་བའི་མི་སྣ་དག་ལ་འབྲེལ་འདྲིས་དང་བསམ་ཚུལ་བརྗེ་རེས།  ཕན་ཚུན་སྐུལ་འདེད་སོགས་མང་དུ་གནང་ཞིང་།    ཁོ་མོ་སློབ་གྲྭར་འགྲིམ་པའི་དུས་སུ་རྟོགས་པའི་ཀྲུང་གོའི་རིག་གནས་དང་ལོ་བཅུ་ལྷག་ལ་གནའ་བོའི་རྒྱ་གར་ཤེས་རིག་གི་ཤུགས་རྐྱེན་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏིང་ཟབ་པའི་རྒྱུས་ལོན་ཡོད་པའི་ཁར།  ཁོ་མོའི་བཟའ་ཟླ་ནི་ཨ་ཧྥེ་རེ་ཁ་རྒྱལ་ཁབ་ཀྱི་ཁུན་ཉི་ཡའི་མི་ཡིན་ལ།  ཁོང་གི་གཤིས་ལ་ཧྥེ་གླིང་གི་སྲོལ་རྒྱུན་རིག་གནས་ལྡན་ལ་དབྱིན་སྐད་འཇིག་རྟེན་གྱི་དེང་རབས་རིག་གནས་ཀྱང་གཤིས་སུ་ཐིམ་པས།  ཁོང་གཉིས་ཀྱི་འཚོ་བ་ནི་རིག་གནས་ཀྱི་གན་མཛོད་ཆེན་མོ་ཞིག་ཏུ་གྱུར་ཅིང་།  ཁོ་མོའི་སྤྲོ་སྐྱིད་ཀྱི་མི་ཚེའང་མངོན་དུ་གྱུར།

IMG_9182.JPG

                སྤྱི་ལོ༢༠༠༦ལོའི་ཟླ༨པར།  ཁོང་བཟའ་མི་གཉིས་རྒྱལ་ནང་དུ་ལོག་ཅིང་།  དང་ཐོག་ཡུལ་ཤུལ་སྐྱེ་རྒུ་གྲོང་རྡལ་དུ་གཏན་གཞིས་བཙུགས་ཤིང་།  རྗེས་སུ་ཁྲིན་ཏུའུ་གྲོང་ཁྱེར་ཨ་བདེ་གྲོང་རྡལ་དུ་སྤར།  བགྲང་བྱ་དྲུག་གི་ཡུན་ལ་སྣུམ་ཚོན་རི་མོ་དག་བརྐོས་བྲིས་མོད་པོ་ཞིག་བརྩམས་ཤིང་།  དེའི་ཁྲོད་ཀྱི་རྨི་གཉིས་ཡོད་པའི་མའོ་ཙེ་ཏུང་དང་ཏིང་ཞའོ་ཕེན།  ཅང་ཙེ་མན་དང་ཧུའུ་ཅིན་ཐའོ་ཡི་ཟངས་སྐུ་ཡིས་ཟི་ཁྲོན་གྱི་སྐྱེ་བོ་མང་པོ་ཞིག་གི་གཟེངས་བསྟོད་ཕྲོགས་ཤིང་།  འདིའི་སླད་དུ་རྗེས་དྲན་ཁང་ཞིག་ཀྱང་བསྐྲུན་པ་རེད། 

IMG_9183.JPG

                སྤྱི་ལོ༢༠༡༣ལོའི་ཟླ༥པར།  ཁོ་མོ་ཡུལ་ཤུལ་ས་ཡོམ་གྱི་བསྐྱར་གསོ་འཛུགས་སྐྲུན་《གླིང་གི་དཔའ་རྟུལ་སུམ་ཅུ》དང་《པདྨའི་བཞུགས་ཁྲི》ཡི་ལས་གཞིའི་རྣམ་གྲངས་ཁྲོད་དགའ་བ་ཚད་མེད་ཀྱིས་ཞུགས་ཤིང་། ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་མཁོ་སྤྲོད་གནང་བའི་མ་བཅོས་རྒྱུ་ཆའི་རྨང་གཞི་སྟེང་ཁོ་མོས་གསར་སྐྲུན་ཇུས་འགོད་དང་འཛུགས་སྐྲུན་སོགས་ཡོད་ཚད་གཅིག་ལྕོགས་ཀྱིས་འགན་ཁུར།  ད་ལྟའང་ད་དུང་ཁྲིན་ཏུའུ་རུ་ལས་གཞི་འདིའི་འདམ་བག་དང་ཟངས་རྡུང་པའི་བྱ་བ་མུར་སྒྲུབ་ཀྱིན་མཆིས།

IMG_9179.JPG

IMG_9191.JPG

IMG_9185.JPG

IMG_9186.JPG

IMG_9187.JPG

IMG_9190.JPG

IMG_9177.JPG

IMG_9178.JPG

IMG_9180.JPG

         __རྩོམ་འདིའི་རྒྱ་ཡིག་གི་མ་རྩོམ་མང་བཟའ་པད་དཀར་རང་ཉིད་ཀྱིས་གནང་ཞིང་།  ངེད་རྩོམ་སྒྲིག་པས་རེ་བ་ཞུས་པ་བཞིན་གཅན་ཆེད་འབར་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན།  དེ་བས་རྩོམ་སྒྲིག་པས་ཆོག་མཆན་མེད་པར་གཞན་དུ་འདྲེན་བཀོད་གཏན་ནས་མི་ཆོག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།