གཅན་མེ་སྟག་གིས་ཕ་ཡུལ་ལ་བྲིས་པའི་སྙན་ངག་རིང་མོ་ཞིག

1710


རྨ་ཆུའི་འགྲམ་ནས་བཏང་བའི་ལ་གླུ།



དེ་རིང་ཞོགས་པར
ང་དུས་ཚོད་སྔ་བོ་ནས་ཁྱེད་ལ་སྙེགས་ཀྱིན་ཡོད
ངས་རང་ཉིད་ཀྱི་སེམས་པ་དམར་པོ
དག་གཙང་གི་མཆོད་མེ་རུ་བཤམས་ཏེ
ཁྱེད་ཀྱི་གསེར་མདོག་གི་སྟོན་ཁ་དང
དགའ་སྐྱིད་ཀྱི་ལོངས་སྤྱོད་སྟེགས་ཀྱིན་ཡོད

ཕ་ཡུལ་ཨ
མདང་ནུབ་ཀྱི་རྨི་ལམ་འཇམ་པོའི་ཁྲོད་ནས
ངས་ཁྱེད་ཀྱི་བརྩེ་བྱམས་ཀྱི་འབོད་པ་ཐོས་བྱུང
ངས་ཁྱེད་ཀྱི་མ་ཡུམ་ལྟ་བུའི་གཅེས་དུང་གི་འབོད་པ་ཐོས་བྱུང

ཕ་ཡུལ ལོ་ཏོག་དང་སིལ་དམར་ཡོམ་ཡོམ་གྱི་ཕ་ཡུལ
ཆུང་དུས་སུ སང་སང་གི་ལ་གླུ་ཕྲ་མོས
ཀྱག་ཀྱོག་གི་རྐང་ལམ་དང ཆལ་ཆིལ་གྱི་རྫ་ཆུ་བརྒལ་བའི་ཕ་ཡུལ།
སྨུག་པ་ལང་ལོང་གི་རི་སྒང་དང སྙེ་མ་ཡུག་ཡུག་གི་ཞིང་ཐེམ
ད་དུང ཟླ་འོད་གསལ་གསལ་གྱི་མཚན་མོ་དེ་དག
གླིང་བུའི་འགྱུར་ཁུགས་ལ་འཐིམས་ཤིང
ལུ་གུའི་འབབ་སྒྲ་ལ་ཉན་པའི་ཕ་ཡུལ

ལོ་ངོ་ག་ཚོད་ཅིག་ལ ང་ཡི
རི་གྲོང་གི་གསེབ་ཏུ་འཚར་བའི་གཞོན་ནུའི་ལང་ཚོ་དག
ནས་ཞིང་གི་སྙེ་མ་གཡོ་བའི་རླབས་ངོགས་སུ་གཏམས་ཤིང
ལུང་གཞུང་གི་ཕུག་ཏུ་སྦས་པའི་ཕུགས་བསམ་གྱི་དུས་ཚོད་དག
རྫ་སུལ་གྱི་མེ་ཏོག་གྲོལ་བའི་འདབ་མ་རུ་འཐིམས་ཡོད
རྨ་ཆུ་ཤག་ཤག་གིས་འབབ་ཅིང
སྟོན་རླུང་སིལ་སིལ་གྱིས་བཞུར་ཏེ
ད་ལྟ མཚན་མོའི་བར་སྣང་དུ་འཚེར་བའི་རྒྱུ་སྐར་གྱི་འོད་ཕུང་ཇི་བཞིན།
ང་ལ་ཁྱེད་ཀྱི་འོད་སྣང་རྒྱས་ཤིང
ང་ལ་ཁྱེད་ཀྱི་བློ་སྤོབས་དར་ཡོད

ཞོགས་པའི་བསིལ་རླུང་ཤུར་ཤུར
དབྱར་སྡོང་གི་ལོ་མའི་དབུས་སུ་གྲགས་ཤིང
ཐོ་རེངས་སྐར་ཆེན་མག་མོག་ཉི་གཞོན་གྱི་འོད་ཕུང་ཀློང་དུ་འཚེར་དུས
རེ་སྒུག་ཅིག་གི་སླད་དུ
ངས་ཁྱེད་ཀྱི་རུམ་ཁ་སྟེགས་ནས ལོ་ངོ་ག་ཚོད་འདས
ཕ་ཡུལ ཁྱེད་ཀྱི་ལོ་རྒྱུས་ཇི་འདྲའི་རིང་ཞིང་མཚར་སྡུག་ལྡན
ཁྱེད་ཀྱི་གཏམ་རྒྱུད་ཇི་འདྲའི་དཔའ་ཞིང་མཁས་བཙུན་འཛོམས
ཁྱེད་ཀྱིས་གཟུགས་མེད་ཀྱི་ཕྱག་ཟུང་ལ་བརྟེན་ནས
ང་ལ་ཆེས་ཐོག་མའི་ལྷ་སྒྲུང་གི་ཡི་གེ་བརྩམས་ཤིང
ཁྱེད་ཀྱིས་གསེར་མདོག་གི་ལོ་རྒྱུས་བར་ནས
ང་ལ་ཕྱིས་བསྟན་པའི་དག་གཙང་གི་བྱབས་ཁྲུས་མཛད

ངའི་ཚེ་སྲོག་ཁྲོད་ཀྱི་ཆུ་བོ་ཨ
ངའི་འཇིག་རྟེན་འདེགས་པའི་རི་བོ
རྨི་ལམ་དང་དངོས་ཡོད་ཀྱི་སྣོལ་མཚམས་གང་ཞིག་ནས
ངས་ཁྱེད་ཀྱི་བྱང་ཁོག་སྟེགས་ཏེ ཆེས་མཇུག་མཐའི་དུངས་བརྩེ་དེ
ཡང་བསྐྱར་རྙེད་ཐུབ་བམ
ངས་སྨྲ་བ་མེད་པའི་སྨྲ་མེད་ཀྱི་གླེགས་བམ་ཞིག་ལ
ཚེ་སྲོག་ཕ་རོལ་གྱི་ཚེ་སྲོག་གི་རོལ་དབྱངས་ཤིག
བསྐྱར་དུ་བརྩམས་ཐུབ་བམ

དེ་རིང ངས་གཞི་ནས་ཁྱེད་ཀྱི་མངའ་ཐང་དེ་མཐོང་བྱུང
ཁྱེད་ཀྱི་གཞོམ་གཞིག་བྲལ་བའི་ཤེས་རིག་གི་རྡོ་རིང་མཐོན་པོ་སྟེ
ལོ་རྒྱུས་གས་ཆག་གི་བར་ནས་བརྡོལ་བའི
ཆོས་དང་རྟེན་འབྱུང་གི་ལྗོན་ཤིང་སྣུམ་པོ་དེ་མཐོང་བྱུང
དེ་ནི་ད་གཟོད་ཁྱེད་ཀྱི་ལྷག་བསམ་དང་རྟེན་འབྲེལ་གྱི་མཆོད་པ་དང་པོ་སྟེ
དེ་ནི་ད་གཟོད་ཁྱེད་ཀྱི་རིགས་རྒྱུད་དང་སྲོལ་ལུགས་ཀྱི་མེ་ལྕེ་དམར་པོ་དེ་རེད

གནའ་བོའི་མི་རིགས་ཤིག གངས་རིའི་བུ་རྒྱུད་ཅིག
བསྐལ་བ་ཡ་ཐོག་ནས་བཞུར་བའི་ཆུ་བོ་འདིའི་འགྲམ་དུ་ཆགས་པ་ནས
ངམ་ངམ་གྱིས་འབབ་པའི་རླབས་རྒྱུན་ངོགས་སུ
ཤེས་རིག་ལོ་རྒྱུས་ཀྱི་དྭངས་གཙང་བརླན་གྱིས་འབབ་ལ
སྲིད་པའི་དུང་སྒོང་ལས་སྐྱེས་པའི་རི་བོ་འདིའི་འདབས་སུ་བབས་པ་ནས
རྡོ་རྗེའི་རྩེ་མོ་དང་འདྲ་བའི་རི་བོའི་སྤོ་རུ
ཞི་བདེའི་ཕུགས་བསམ་གྱི་གླུ་གཞས་དབྱངས་ཀྱིས་གྱེར

ཀྱེ་མ འདི་ནི་ད་གཟོད་འཇིག་རྟེན་བྱེད་པོ་དང་ཆེས་ཉེ་བའི་ཆུ་བོ་ཞིག་སྟེ
བྲེལ་འཚུབ་མེད་པར་ཆོས་ལྡན་གྱི་ས་གཞི་འདི་ལས་བརྒྱུད
འདི་ནི་ད་གཟོད་མིའི་རིགས་སྙིང་སྟོབས་ལ་དབང་བའི་རི་བོ་ཞིག་སྟེ
གཡོ་འགུལ་མེད་པར་དུས་རབས་ཀྱི་ཡུལ་གྲུ་འདི་རུ་འགྲེང

དེ་རིང ངས་ལྗིད་ཏིག་ཏིག་གི་གོམ་པ་སྤོ་བཞིན
ཕ་ཡུལ་གྱི་ཟམ་སྣེ་འདི་རུ་སླེབས་དུས
ངས་ས་གྱང་སྐྱ་བོ་ཞིག་གི་སྒོ་རའི་ནང་དུ
རྒོད་སྒྲོ་ཁྲ་བོ་ཞིག་གི་འཕུར་ཤུགས་མཐོང་ཞིང
བྲག་གཡང་དམར་པོ་ཞིག་གི་ཐེམ་པའི་སྟེང་ནས
གཞུ་མཆོག་ནག་པོ་ཞིག་གི་སང་སྒྲ་ཐོས་ཏེ
སྐད་ཅིག་སྐད་ཅིག་ལ
ངས་རྡུལ་ཕྲན་ཆུང་ཆུང་ཞིག་གི་བྱུང་བ་དང་འཇིག་པའི་གོ་རིམ་བར་ནས་ཀྱང
མཐའ་མེད་པའི་དུས་ཚོད་ཀྱི་འཕར་ལྡིང་རྙེད་བྱུང་སྟེ
འཕར་ལྡིང་རེ་རེ་ལས འོད་ཀྱིས་འབར་བའི་ཐ་སྙད་མང་པོ་ཞིག
ལྐོག་གྱུར་གྱི་དབུགས་རྒྱུན་བཞིན་མཆེད་དེ
ཁྱེད་ཀྱི་མི་རབས་རེ་རེའི་བསངས་མཆོད་ཀྱི་སྨོན་འདུན་ཇི་བཞིན
ཁ་དོག་སྣ་ལྔའི་སྒྱུ་འཕྲུལ་གྱི་ལོངས་སྤྱོད་དབུས་སུ་འབབ

ཕ་ཡུལ་ཨ ཁྱེད་ནི་ངའི་དོན་དམ་གྱི་ལང་ཚོ་གཏིམས་ས་ཞིག་སྟེ
ངའི་སྐྱེ་འཆིའི་དབུགས་རྒྱུན་གྱི་རླུང་བུ་འདི་རུ་ལྡངས་ཤིང
ངའི་རིགས་ཞེན་སྙིང་ཁྲག་གི་འཕར་སྒྲ་འདི་རུ་མཆེད་ཡོད
ཁྱེད་ཀྱི་ལོ་རྒྱུས་ནི
ངའི་ཡུལ་དུས་གཉིས་ལས་འགོངས་པའི་སྒྲ་དབྱངས་ཤིག་དང་འདྲ་བར
སྔར་ལས་རྟག་བརྟན་གྱི་བར་སྣང་གང་ཞིག་ན
རྟེན་འབྲེལ་གྱིས་སྒྲོག་བཞིན་ཡོད་ཅིང
ཁྱེད་ཀྱི་གཟི་བྱིན་ནི ཨ་མའི་གཉིད་འགུག་གི་གླུ་གཞས་རིང་མོ་དེ་དང་འདྲ་བར
བྱིས་བློ་རྣམ་དག་གི་རྫ་ལུང་གང་ཞིག་ན
བྱམས་སེམས་ཀྱི་གྲགས་བཞིན་ཡོད

དེ་རིང་འདས་རྗེས ཕྱི་མིག་རེ་རེ་དྲན་གདུང་གིས་ཤོར་བཞིན
ང་སླར་ཡང་ཁྱེད་ཀྱི་ཕྱི་ལོགས་སུ་འགྲོ་དགོས་ཡོད
མཆི་མ་རེ་རེ་འཁྲེང་ཞེན་གྱིས་གཏོང་བཞིན
ང་སླར་ཡང་ཁྱེད་ཀྱི་རྒྱབ་རོལ་དུ་ཆས་དགོས་ཡོད
དེ་ནི་ཅི་ཞིག་གི་འཚོ་ཚིས་ཤོར་བའི་འཁྱམས་སྤང་ཞིག་མིན་ལ
དེ་ནི་གང་ཞིག་གིས་གནས་དབྱུང་བཏང་བའི་འཁྱར་ལྡོམ་ཞིག་ཀྱང་མིན་ནའང
དེ་ནི་ཁྱེད་ཀྱི་ལྷག་བསམ་གྱི་འཇའ་རིས་མཚར་བོ་དག
ས་མཐའི་མཁའ་དབྱིངས་སུ་འབྲི་ཕྱིར་ཡིན་ལ
དེ་ནི་ཁྱེད་ཀྱི་བདེན་དོན་གྱི་སྦྲང་ཆར་བསིལ་མའི་ཚོགས
མི་ཡུལ་ས་ཆེན་དུ་འགྱེད་ཕྱིར་ཡིན་ནོ

ང་གནས་གང་དུ་ཕྱིན་ནའང
ང་རང་བྱེ་མའི་ངམ་ཐང་ནས་རྡོ་བའི་བྲག་འཕྲང་བརྒལ་ནའང
སྲིན་པོ་རྫ་རྒན་ཞེས་པའི་རི་བོ་ཞིག་ངའི་རྒྱབ་བརྟེན་དུ་འགྲེང་ཞིང
རྨ་ཆུ་སྔོན་མོ་ཞེས་པའི་ཆུ་བོ་ཞིག་ངའི་རྣམ་ཤེས་སུ་འཐིམས་ཡོད་ཕྱིར
སྟོབས་དང་དཔའ་ཡིས་འཚེར་བའི་རྒྱུ་སྐར་ཞིག
མཁའ་མཐའི་སྤྲིན་རིམ་བརྟོལ་ནས་ཁྱེད་ལ་འཕྲོ་ཞིང་
བདེན་དང་དུངས་བས་ལྡིང་བའི་སྙིང་ཆུང་ཞིག
མི་ཡུལ་མཚན་མུན་སྦར་ཏེ་ཁྱེད་ལ་མཆོངས་བཞིན་ཡོད

ཕ་ཡུལ་ཨ
ཁྱེད་ཀྱི་མཛེས་སྡུག་ནི
ནམ་ཡང་ངའི་སྙན་ངག་དང་སྣང་བརྙན་དབུས་ན་འོད་ཀྱིས་ཕྱུག་ཅིང
ཁྱེད་ཀྱི་བརྩེ་ཞེན་ནི
ནམ་ཡང་ངའི་རྨི་ལམ་དང་དྲན་པའི་དབུས་ན་ཁྲག་ལྟར་བཞུར།
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།