2020ལོའི་ཙོང་ཁ་ཚེ་བརྟན་རྒྱལ་གྱི་གསར་བྲིས་སྙན་ངག་ཁག་གསུམ།(5)

9758



     དེ་རིང་གི་འཁྱག་གི


ནམ་མཁའ་སྟོང་བ་རེད།
རླུང་གི་ཁ་དོག
སུ་ཞིག་གིས་བཤད་མྱོང་།

འདབ་ཆགས་ཀྱི་ཁྱུ།
ཡང་བསྐྱར་འཕུར་དུས།
ལྗོན་པ་གཡོ་ཙམ།

དུས་འདི་དང་།
ཡང་ན་དེ་དུས།
འཛུམ་གྱི་ཁྱེད།
མིག་ལ་ཐོགས་དོན།
རབ་རིབ་ཀྱི་གྲིབ་མ་ཞིག

ནམ་མཁའ་སྟོང་བ་རེད།
ཉི་མའི་དྲོད་ཁོལ།
སུ་ཞིག་གིས་ཁྱེར་སོང་།
              2020/07/15-20


         མེ་ཏོག་སྔོན་པོ་འཐུ་བའི་ཁྱེད།


བརྩེ་དུང་གླེང་སྟངས།
རྒྱང་རིང་མ་ཡིན།
ཁ་སང་འདྲ་འདྲ།

འཇིག་རྟེན་གྱི་ང་ཚོ།
གང་ནས་འོང་འོང་།
གང་ལ་འགྲོ་འགྲོ།
སྟེས་དབང་ཞིག

མེ་ཏོག་སྔོན་པོ་འཐུ་བའི་ཁྱེད།
སུ་ཞིག་གི་གཏམ་རྒྱུད་ན་ཡོད།
ཡང་ཡང་འདྲི་འདོད་ན།
ཞེད་སྣང་དང་།
ཞེད་སྣང་ཞིག

ཁྱོད་ཀྱི་མིང་།
ངའི་ཡི་གེ་གང་ཡིན།
དྲན་སྟངས་ཤིག་ནོར་རམ།

               2020/07/16-17


        བྱེའུ་དམར་པོ།

                     --ཨར་ལན་གྱི་གླུ་པ་སྒྲ་ཁུ་ལན་གྱི་གླུ་སྐད་ཅིག


མིག་ཟུང་ན་འདར་པའི་གྲིབ་མ།
བྱེའུ་འཕུར་སྟངས།

ཡང་ཡང་ལྡང་བའི་རླུང་འཚུབ་ཁྲོད།
ནམ་མཁའ་ཧྲིལ་པོ།
སུ་ལ་དབང་སོང་།
ངས་ང་ལ་བཤད་ན།
དེ་ནི་དགུན་ཁ་ཞིག

གླུ་སྐད་ཀྱི་ཕ་རོལ་ན །
ཁྱེད་ཡོད་དམ།
ཁེར་བཤད་ཀྱི་འཚང་ཁས།
ཐ་སྙད་མང་པོ་གསོག་ན།
གཡབ་མོའི་དུས་ཤིག
ག་ལེར་ཞིག

བྱེའུ་དེ།
ཡང་བསྐྱར་འཕུར་དོན།
དྲན་པར་ཟུག་པའི་གླུ་སྐད།
ངས་ང་ཁྲིད་ནས་གང་ལ་སོང་ཆོག

            2020/07/30--/8/4

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།