
རྟག་མཐའ།
ངས་སྙན་ངག་མ་བྲིས་ཡུན་རིང་འགོར། དེའི་རིང་ཁར། མི་རྣམས་ཀྱི་ངོ་གདོང་འགྱུར་ཟིན། ས་ཁའི་རྩི་ཐོག་དང་བར་སྣང་གི་སྤྲིན་པ་འགྱུར་ཟིན། མཚན་མོའི་སྨག་རིམ་འགྱུར་ཟིན། ཐ་ན་སྡོད་ཁང་དང་རྐང་ལམ་ཡང་འགྱུར་ཟིན། དུས་ཚོད་ཁོ་ན་ཁ་མལ་དུ་བསྡད་དེ། མེ་ལོང་ཁྲ་ཁྲ་བྱི་དོར་བཟོ།

སེར་ཆེན།
—ལི་ཐང་བསྐོར་ནས་བསླེབ་ཤོག
འཇའ་ཚོན་གྱི་སྣེ་གཅིག་ན། ཨཱ་ལེ་སིར་ཕུལ་བའི་རོལ་དབྱངས། སྣེ་གཞན་གཅིག་ན། Mona Lisaཡི་མྱོས་བུམ། ད་རུང་ཡང་ཡང་བལྟས་པར། མིག་སྤྲིན་གྱི་ནང་དུ། ཁྱོད་ཀྱི་ཟིལ་བ་ཆགས་ཏེ། སེར་ཆེན་གྱི་རྐང་པ་བརླན།

མདོག་འགྱུར་བའི་འབྲོག་པ།
ང་རྟ་ཕོའི་མགོ་རྣ་ལ་དགའ། ངས་རྟ་གོང་མི་ཐུབ། ང་གཡག་གི་རུ་ཐུར་ལ་དགའ། ང་གཡག་སྣར་མི་དོ། ངས་འབྲོག་མོའི་རུམ་ཁ་དྲན། ངས་མཚན་མོར་ཁྱི་ཁ་མི་ཆོད།

ཞིང་དཀར་པོ་བཏབ་རྗེས། འབྲས་བུ་ནག་པོ་སྡུད་པའི་མི་སེར། ལྕགས་ཐགས་ཀྱི་སྣེ་ན། མཚན་མོ་སྲུང་བའི་ཁྱི་ལ་བོ། དིང་ཐོག་སྨུག་པོ་ཡིན། བར་དུ་སེར་པོ་ཡིན། ད་ལྟ་དམར་པོ་ཡིན།

ལྷ་མཚོ།
བརྒལ་མི་ཐུབ་པའི་གཙང་པོ། བྲི་རྒྱུ་མེད་པའི་གཏིང་མཐའ། ཟད་མེད་ཀྱི་སྐོམ་གདུང་། ང་རང་ཁྱོད་ཀྱི་གཏིང་དུ་འཚོ་བའི་ཉ་ཞིག་ཡིན་ན། ཚེ་ཐུབ་པའི་དུས་ཚོད་རིང་བོ་མི་དགོས། ང་རང་ཁྱོད་ཀྱི་ཕ་མཐའ་བརྒལ་བའི་གྲུ་ཞིག་ཡིན་ན། རྒྱང་ཆོད་པའི་མྱུར་ཚད་མི་དགོས། ང་རང་མཁའ་ལ་འཕྱོ་བའི་ཁྱོད་ཀྱི་ལང་ཚོའི་མེ་ཏོག་ཡིན་ན། རྩུབ་མོ་བྲག་ལ་བརྡབ་ཀྱང་ཆོག

མི་ཚེ།
རེ་སྨོན་གྱི་ས་གཞི་ཁ་ཕྱེས་ནའང་། རྨིག་འོག་གི་མེ་ཏོག འདབ་མ་ཐོར། འཚེར་སྐད་ལྷང་ལྷང་། སྒྱུ་མའི་རྡུལ་འཚུབ་ནང་ཡལ། རྟ་རྒྱུག་ལྟ་བུའི་མི་ཚེ་འདིའི། ཁོབ་མགོ་གང་དུ་ཡོད།