གཅན་མེ་སྟག་གི2020ལོའི་གསར་བྲིས་ཆེད་འགོད། (2)

1603



    
     
         ང་ལ་ལྕགས་འདི་དག་ལས་མེད།

དེང་སྐབས། ང་ལ་ལྕགས་འདི་དག་ལས་མེད།
ཁྱོད་ལ་ཟོར་བ་ཞིག་གམ་རྐོ་མ་ཞིག་མཁོ་ན།
ངས་རྣོ་ཉུང་ཙམ་ཞིག་བསྲེས་ཆོག
ཡིན་ནའང་། ད་ལྟ་ང་ལ་རྣོ་ལེགས་པོ་ཡང་མེད།
རྣོ་ལེགས་པོ་དེ་དག
ངའི་གཞོན་དུས་ཀྱི་ལང་ཚོའི་སྟེང་དུ་བཀོལ་ཚར།

ང་ལ་ལྕགས་འདི་དག་ལས་མེད།
ཁྱོད་ཀྱིས་ངས་རལ་གྲི་ཞིག་གམ།
ཤང་ལང་ཞིག་བརྡུངས་ཐུབ་པའི་རེ་བ་མ་འཛིན།
ངའི་ཁང་བའི་རྩིག་ལྡེབས་སུ་བཀལ་བའི་རལ་གྲི་འདི་དག
ངའི་ཕ་མེས་ཡང་མེས་རིང་བརྡུངས་པ་ཤ་སྟག་ཡིན་པས།
ཁྱོད་ཀྱིས་དངུལ་ག་ཚོད་བཏང་ཡང་།
ངས་བཙོང་མི་སྲིད།

ད་ལྟ་ང་ལ་ལྕགས་སྲང་དོ་གསུམ་ལས་མེད།
ཁྱོད་ཀྱིས་ང་ནི་བེད་མེད་ཀྱི་བཙའ་རོ་ཞིག་རེད་ཅེས།
མ་བསྡིགས་རོགས།
ལྕགས་སྲང་དོ་གསུམ་འདིས།
ངས་གཅུ་འཛེར་གསུམ་བརྡུངས་རྩིས་ཡིན།
འཛེར་མ་གསུམ་པོ་དེས།
ངས་མི་ཚེ་འདིར་དམ་དུ་སྲུང་བའི།
གྲོགས་པོའི་དམ་ཚིག་དང་།
ཨ་མའི་དྲིན་ལན་དང༌།
འཇིག་རྟེན་གྱི་ངོ་ཚ་གསུམ།
དམ་དུ་འཛེར་དགོས།


           ག་རེ།

ངའི་ནམ་མཁའ་གང་ན་ཡོད།
ནམ་མཁའ་སྤྲིན་གྱིས་གཡོགས་སོང་།

སྤྲིན་གང་ན།
སྤྲིན་པ་རླུང་གིས་དེད་སོང་།

རླུང་གང་ན།
རླུང་བུ་རི་ལ་ཤོར་སོང།

རི་གང་ན།
རི་བོ་གངས་ཀྱིས་མནན་སོང་།

གངས་གང་ན།
གངས་རི་ཉི་མས་བཞུས་སོང་།

ཉི་མ་གང་ན།
ཉི་མ་ནུབ་ལ་ནུབ་སོང་།

ནུབ་གང་ན།
ནུབ་སྒོ་རྒྱབ་ན་སྐུངས་ཡོད།

སྒོ་གང་ན།
སྒོ་ས་འོག་ན་ཕྱེས་ཡོད།

ས་གང་ན།
མ་ཁྱོད་ཀྱི་རྐང་འོག་ན་ཡོད།

རྐང་བ་གང་ན།
རྐང་བ་སྨན་པས་བཅད་སོང་།

སྨན་པ་གང་ན།
སྨན་པ་ཕྱི་མའི་ཡུལ་དུ་བུད་སོང་།


    རྨོ་མོའི་སྐོར་གྱི་བཤད་སྲོལ་ཞིག

རྨོ་མོ་འདས་རྗེས།
ལ་ལས་མགོ་རུབ་རུབ་ཀྱིས་དོན་དག་ཅིག་གླེང་ཀིན་འདུག
ཉིན་དེར་སྤྲིན་ནག་ཕོན་པོ་ཞིག་འཕྱུར་འོང་ནས།
ས་སྒང་ཁའི་ཞིང་ཐེམ་དེ་བསྒྲིབས་ཤིང་།
ཐོག་དང་སེར་ཞགས་མང་པོས།
ཞིང་ནང་གི་ལོ་ཏོག་ཡོངས་སུ་བཅོམས་སོང་ཟེར།

ཡང་ལ་ལས་ཕན་ཚུན་ལ་རྣ་གཏམ་གྱི་ཚུལ་གྱིས།
རྨོ་མོ་འདས་རྗེས།
རླུང་ཡན་དེ་ས་དམར་ཉག་ཁ་རུ་སླེབས་མཚམས།
འཚུབ་ལོང་ཞིག་དང་མཉམ་དུ་ཕྱིར་ལོག་བྱུང་།
འཐག་རྡོའི་ཕུག་པ་རུ་ཐོན་དུས།
ཡུག་མོ་ལྟ་བུའི་ངུ་སྐད་ཅིག་འབྱིན་བཞིན་འདུག་ཟེར།

འདི་ནི་ཇི་འདྲའི་རྫོགས་པ་མེད་པའི་མཚན་མོ་ཞིག་རེད་ཨང་།
ཟླ་འོད་ཀྱིས་ཕྱི་རོལ་ན་དངུལ་མདོག་གི་ཕྱིང་སྟན་ཞིག་
འདིང་བཞིན་འདུག
འཁྱག་བསིལ་གྱི་ཞིང་ཐེམ་སྟེང་དུ།
ལྷན་པ་ལྟ་བུའི་ནག་གྲིབ་འགའ་མངོན་འདུག

རེ་གཉིས་ཀྱིས། རིག་གསར་གྱི་སྔོན་ལ།
རྨོ་མོ་སྡོད་སའི་ཞིང་སྡེ་དང་ཁང་ཁྱིམ་གང་དུ་ཡོད་ལུགས་བཤད་ཅིང་།
མཚན་མོ་རེ་རེར། དུད་དྲེགས་ཀྱིས་ནག་པོ་ཆགས་པའི་
ཁང་བའི་ནང་ནས།
སྡེ་བའི་ཕོ་མོ་མང་དུ་འཚོགས་ཏེ། ཆང་བཏུང་བ་དང་།
ལ་གཞས་ལེན་རེས་བྱེད་པར་གྲགས་ཟེར།
ང་ཚོ་ཕལ་ཆེར་ཡིད་ཆེས་འོང་དུས།
ལ་གཞས་བླངས་ཚར་ལ། མཚན་མོའང་རྫོགས་ལ་ཉེ།

སྐབས་དེར་ཁང་བའི་ཀླད་ནས་སྐར་མདའ་རེ་གཉིས་
འཁྱུག་གེར་ཡལ་སོང་།
སྐར་མདའ་དེ་ཇི་འདྲའི་ཆུང་ཞིང་རྒྱང་ཐག་རིང་བ་ལ།


        སྙན་ངག་ཟེར་བ་དེ་ཧ་ཅང་ཆུང་།

སྡེར་མའི་ནང་གི་སྲན་རྡོག་ཧ་ཅང་ཆུང་།
ཞིང་ཚིགས་ཀྱི་མེ་ཏོག་སེར་པོ་ཧ་ཅང་ཆུང་།
སྦྲལ་བའི་མིག་ནང་གི་ནམ་མཁའ་ཧ་ཅང་ཆུང་།
ཁྭ་ཏའི་སེམས་ནང་གི་ཤེལ་དམ་དེ་ལས་ཆུང་།

ང་རང་སའི་གོ་ལའི་ཆུ་འགྲམ་དུ་བསྡད་དེ།
ངུ་བའི་སྐབས་སུ།
འཇིག་རྟེན་དུ། ངའི་ངུ་སྐད་ཧ་ཅང་ཆུང་།

ཁྱོད་དང་ཐེངས་དང་པོར་དུས་ཆད་གཏོང་བའི་དུས།
ཁྱོད་རང་ཡང་ངའི་མིག་ལམ་དུ་ཧ་ཅང་ཆུང་།


         ང་ལ་རྟ་ཞིག་ཡོད།

ང་ལ་རྟ་ཕོ་གཅིག་ཡོད།
ངའི་རྟ་ཕོ་ལ་བང་རྩལ་རྫོགས་པའི་སུག་བཞི་ཡོད།
ང་ལ་སྒྲ་ཕབ་འཕྲུལ་ཆས་གཅིག་ཡོད།
ང་ནམ་རྒྱུན་སྒྲ་ཕབ་འཕྲུལ་ཆས་ཀྱི་སྟེང་དུ་ཉལ་བཞིན་ཡོད།
ང་ལ་གྲོགས་པོ་གཅིག་ཡོད།།
ངའི་གྲོགས་པོ་ནི་རྒྱུན་པར་ཆང་གིས་བཟི་བཞིན་ཡོད།
ང་ལ་ཟི་ཚར་གཅིག་ཡོད།
ངའི་ཟི་ཚར་དེས་ང་ལ་དྲོད་སྣང་སྟེར་བཞིན་ཡོད།

ང་ལ་མེ་ཏོག་གཅིག་ཡོད།
ངའི་མེ་ཏོག་གིས་ཁང་བའི་ནང་དྲི་བསུང་སྐྱེལ་བཞིན་ཡོད།

ང་ལ་བུ་མོ་གཅིག་ཡོད།
ང་ལ་བུ་མོ་དེ་ཡོད་པས། ངའི་མི་ཚེ་ལ་བརྩེ་བ་རྫོགས་མེད་ཅིག་ཐོབ།

ང་ལ་འབར་ཞུན་སྒམ་གཅིག་ཡོད།
ངའི་འབར་ཞུན་གྱིས་ངའི་ཐ་མག་སྒྲོན་བཞིན་ཡོད།

ང་ལ་སྒྱུ་ལུས་གཅིག་ཡོད།
ངའི་སྒྱུ་ལུས་ཀྱིས་ངའི་འདོད་པ་ཡོངས་སུ་སྒྲུབ་བཞིན་ཡོད།

ང་ལ་མཚན་མོ་གཅིག་ཡོད།
ངའི་མཚན་མོ་དེ་མཚན་མོ་རེ་རེ་བཞིན་ཁང་བའི་སྒེའུ་ཁུང་བརྒྱུད་ནས།
ངའི་ལོགས་སུ་ཡོང་བཞིན་ཡོད།

ང་ད་ལོ་ལོ་ན་ལྔ་བཅུ་ཡིན།
ངའི་མི་ཚེ་གཅིག་འདི་ལྟར་ཚར་བཞིན་ཡོད།

ང་ནི་མི་སྙིང་སྟོབས་ཅན་ཞིག་ཡིན།
ངས་རང་གི་སྙིང་སྟོབས་སྤྱད་ནས།
མིའི་རིགས་ཀྱི་བླུན་རྨོངས་ལ་འཐབ་རྩོད་བྱེད་བཞིན་ཡོད།
ང་ལ་སྐྱེས་སྐར་གཅིག་ཡོད།།

ངའི་སྐྱེས་སྐར་ནི་ལོ་རེ་རེའི་དེ་རིང་ཡིན།
ང་ནི་མི་དབུལ་བོ་ཞིག་ཡིན།
ང་དབུལ་དྲགས་ཏེ་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་མཁན་ཀྱང་མེད།

            གླུ་སྐད།


གླུ་དབྱངས་ལེན་མཁན་དེ་སུ་རེད། ཁ་ཁུ་སིམ་པའི་ཉིན་གུང་འདིར།
སུ་ཡིས་བོད་སྐད་དག་མོ་ཞིག་གིས། སྣ་སྒྲ་ཅུང་ཟད་དང་བཅས་ཏེ།
ཡིད་སེམས་སྤྲོ་བར་བྱེད་པའི་གླུ་དབྱངས་ལེན་བཞིན་འདུག་

མི་དེ་གྲོང་བརྡལ་འདབས་རོལ་ན་ཡོད་དམ།
རྒུ་ཆུ་ཁའི། ཁ་བ་མ་དག་པའི་སྤང་ཁུད་ཅིག་ན་ཡོད་དམ།
ཁོའི་ཉེ་ལོགས་ན། རྩྭ་སྐྱ་ཧྲུག་ཧྲུག་ལྡོད་པའི་ནོར་ཁྱུ་ཞིག་ཡོད་དམ།

ངས་འདི་ལྟར་བྲེལ་བ་འཚབ་འཚུབ་ཀྱིས་ཁོ་རང་འཚོལ་བཞིན་ཡོད།
ཉིན་མོ་ཁ་དཀར་ངོ་དཀར་ཞིག་ལ། དོགས་ཚོམ་གང་ཡང་མེད་པར།
གླུ་དབྱངས་ལེན་དོན་ཅི་ཡིན་ནམ།

ཡིན་ནའང་སྐབས་འདིར། ང་རང་དབེན་སིམ་པར་བསྡད་ནས།
གླུ་དབྱངས་ཤིག་གི་འཕར་འཇགས། 
ཟླ་གསུམ་པའིརླུང་བུ་རིའི་སྲིབ་ངོས་སུ་ལྡངས་བ་བཞིན།
ཁ་བ་འཚུབ་ལང་ལོང་གི་དབྱངས་ཤིག

མིག་ཆུ་མེད་པར། ངུ་སྐད་མེད་པར།
སྨེང་བ་དང་བཅས།
ངའི་སེམས་ངོགས་སུ་མཆེད་དོན་ཅི་ཡིན།

གླུ་སྐད་དེས་ཕྱོགས་བཞི་ཡི་འོད་སྣང་ཡོད་ཚད།
བགྲེས་རྒུད་ཀྱི་གྲིབ་གཟུགས་ཤིག་ཏུ་བསྒྱུར་བཞིན་འདུག
གླུ་སྐད་དེས་མཐའ་མེད་པའི་གདུང་བ་ཞིག་རུས་པའི་ནང་རིམ་དུ་སྐྱེལ་བཞིན་འདུག

              རེ་སྒུགས།


ངས་གོས་བཀྲུ་འཕྲུལ་ཆས་ཀྱི་སྒོ་སེམས་ཆུང་གིས་ཕྱེས་ཏེ།
འདས་ཟིན་པ་དེ་དག་རེ་རེ་བཞིན་ནང་དུ་བཅུག
དེའི་སྟེང་ལ་འདག་བྱེ་དཀར་པོ་སྐྱོགས་གང་བསྣན་རྗེས།
དཀྲུགས་དཀྲུགས་འགའ་བྱས་ཤིང་།
འཕྲུལ་ཆས་ཀྱི་གློག་སྒོ་ག་ལེར་མནན།

ང་ད་ལྟ་གཙང་སྦྲ་ལ་ཧ་ཅང་དགའ།
ངས་འདས་ཟིན་པ་དེ་དག་གི་སྟེང་གི་
སྣུམ་གྱི་ཐིགས་པ་དང་ཚི་ཡི་དྲེགས་པ་དང་།
མདོག་ཡལ་བའི་ཁ་དོག་ལ་སོགས་པ་གཙང་མར་བཀྲུས་རྗེས།
ངས་ནོ་པེ་ཨར་གྱི་རྩོམ་རིག་གཟེངས་བསྟོད་ཚོགས་འདུ་ལ་གྲ་སྒྲིག་བྱས་ཚར། །

དེ་རྗེས།
ངས་རང་གི་འདས་ཟིན་པ་དག་ཁང་མིག་ནང་དཔྱངས་ཏེ།
བསིལ་སྐམ་བཏང་།
བསིལ་བསྐམས་གཏོང་བའི་དུས་ཚོད་ནང་།
ངས་ཆུང་དུས་ཀྱི་གྱོན་གོས་རེ་རེ་བཞིན་ལག་ཏུ་ལེན་དུས།
སྟོད་ལྭ་དམར་སེར་ཞིག་གི་བྲང་ཁ་ན།
མིག་ཆུའི་ཐིགས་པ་གཅིག་ད་དུང་བསྐམས་མི་འདུག

མིག་ཆུ་འདི་ནི།
ང་རང་གི་ཆེད་དུ་ཡིན་ནམ་འཛམ་གླིང་གི་ཆེད་དུ་ཡིན་ནམ་བསམས།


       ཆུ་ཟིལ་ཆུང་ཆུང་ནང་གི་ཞོགས་པ།

ཁོ་མོ་དེ་འདྲའི་ཆུང་ཞིང་།
དེ་འདྲའི་དྭངས་པ་ལ།

ཁྱོད་ཀྱིས་མཐོང་ཙམ་ཉིད་ནས།
ཁོ་མོའི་ལུས་སྟེང་གི་མཛེས་སྡུག་དེ་དག
གསལ་བོར་མཐོང་ཐུབ།

ཁོ་མོའི་ལུས་སྟེང་ན།
ང་ཚོ་གཞོན་པའི་དུས་ཀྱི་དྭངས་གཙང་ཆགས་ཡོད།

༼རྩྭ་འདབ་ན་གཉིད་དུ་ཡུར་བའི་བུ་མོ་ཆུང་ཆུང་དེར།
ཁྱོད་ཀྱིས་ལག་པས་མ་རེག་ཅིག༽

རླུང་ཡང་དལ་བུར་སོང་ཞིག་
ཡོད་ཚད་གཉིད་ལས་མ་སད་པའི་ཞོགས་པ་འདིར།

སྤྲིན་ཡང་དལ་གྱིས་གཡོས་ཤིག
ཉི་འོད་ཀྱི་རྒྱབ་རོལ་ནས་འགྲོ་རོགས།

འདི་ནི་ཧ་ཅང་ལྷིང་འཇགས་ཀྱི། ཤིན་ཏུ་དྭངས་བསིལ་གྱི།
ཞོགས་པ་ཞིག་ཡིན།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།