ཐེའུ་རང་གིས་བོད་བསྒྱུར་བྱས་པའི་སྙན་ངག་ཚན་པ་བརྒྱད།

4687



 
          སྤྱི་གླིང་། 
 
                  __ལྗོན་ཁོལ•ཕོར་ཝེར།
                      
མི་ལོ་ཁྲི་སྟོང་དུ་མར་ཡང་།
སྨྲ་བརྗོད་ཀྱིས་མཚོན་དཀའ་བའི།
སྐད་ཅིག་མའི་རྟག་བརྟན།
 
ཁྱོད་ཀྱིས་ང་ལ་འོ་སྦྱོར་གནང་།
བདག་གིས་ཁྱོད་ལ་མཆུ་འདབ་སྦྱར།
 
དགུན་ཟླ་འདིའི་རབ་རིབ་ཀྱི་ཞོགས་པ།
ཞོགས་པ།    མཱོན་སོའུ་ལཱོན་སྤྱི་གླིང་དུ་ཡོད།
སྤྱི་གླིང་ཕ་རི་སི་ན་ཡོད།
ཕ་རི་སི་ནི་སའི་གོ་ལའི་གྲོང་ཁྱེར་ཞིག
སའི་གོ་ལ་ནི་ནམ་མཁའི་དབྱིངས་སུ་འཚེར་བའི་སྐར་ཆེན་ཞིག
 

           ཁྱོད་ཀྱི་གམ་དུ་སྡོད་པའི་ཚེ།
                          __ཧྭ་སང་།
 
ཁྱོད་དང་མ་འཕྲད་པའི་སྔ་རོལ་དུ།
གཙང་ཆབ་ནི་གཙང་ཆབ་དང་།
མེ་ཏོག་ཀྱང་མེ་ཏོག་གོ།
 
ཁྱོད་དང་ཕྲད་རྗེས།   སྣང་བ་ཞིག་ལ།
གཙང་ཆབ་སྔར་ལས་དྭངས་ཤིང་གསལ།
མེ་ཏོག་སྔར་ལས་བཀྲག་མདངས་འཚེར།
 
དེ་དག་ཁྱོད་ཀྱིས་བསླུས་པ་མ་ཡིན།
ཁྱོད་ཀྱིས་བསླུས་པ་ནི་ང་རང་སྟེ།
 
ངས་མཚོ་གཏིང་གི་གསེར་ཉ་འཛིན་རྒྱུ་སེམས་ཀྱིས་མི་བཟོད།
ངས་མེ་ཏོག་གི་གསེབ་ན་མེད་པའི་བསུང་ངད་ཚོར་བྱུང་།
 
ཁྱོད་ཀྱི་གམ་དུ་བསྡད་དེ།
ནམ་མཁའི་སྤྲིན་པར་ལྟ་དུས།
སྣང་བ་ཞིག་ལ། 
རང་ཉིད་འཕུར་ཤེས་པ་འདྲ།

 
            ང་ཡི་མིག་ཆུའི་ནང་ན།
                               __ཧཱན་རེ་ཁོལ•ཧཱན་ནེ།
          
ང་ཡི་མིག་ཆུའི་ནང་ན།
མེ་ཏོག་བྱེ་བ་ཁྲག་ཁྲིག་འཛུམ།
ང་ཡི་སྨྲེ་ངག་དང་ཤུགས་རིང་།
འཇོལ་མོའི་གླུ་སྐད་ལ་སྤྲུལ།
 
གལ་ཏེ།   ཁྱོད་རང་ང་ལ་སྙིང་ནས་བརྩེ་ན།
མེ་ཏོག་ཡོད་ཚད་ཁྱོད་ལ་དབུལ་ཆོག
 
སྨན་ཤར་ལགས།  
ཁྱོད་ཀྱི་སྒེའུ་ཁུང་ངོགས་སུ།   
འཇོལ་མོའི་དྲུག་འགྱུར་གྱི་དབྱངས་རྟ།
རྟག་པར།   འཁོར་ཞིང་འཁོར།
 
 
      བྱེའུ་ཆུང་གི་འཆི་འཕོ།
                      __ཞུས་མོ་རུང་།
                      
གལ་ཏེ་ཁྱོད་ནི་མིག་ཟུང་མཆི་མས་གང་བའི་མདའ་པ་དེ་ཡིན་ན།
ང་ནི་སེམས་ཐག་རྦད་ཆོད་ངང་།
གཡོ་གཟུར་འཁྱུག་ཙམ་མི་གནང་བའི་བྱེའུ་སྟེ།
བར་སྣང་ཤར་གྱིས་བཅད་པའི་མདའ་སྒྲོ་ཡིས།
ཆག་གྲུམ་གྱི་བདག་སྙིང་ཕྱི་ནང་བརྟོལ་རྒྱུ་ཁོ་ནར་སྒུག་ཡོད།
 
གལ་ཏེ་ཁྱོད་ནི་འཇིག་རྟེན་འདི་ངོགས་སུ།
ང་རང་རྨས་མཁན་གྱི་མདའ་པ་གཅིག་པུ་དེ་ཡིན་ན།
ང་ནི་ཁྱོད་ཀྱི་ལང་ཚོའི་དཔལ་ཡོན་རྒྱས་པའི་ན་ཆུང་གི་ལོ་ཟླ་ཧྲིལ་པོ་ཡིན།
བརྗེད་པར་དཀའ་བའི་དགའ་སྐྱིད་དང་སྐྱོ་གདུང་མཐའ་དག་ཡིན།
 
སྔོ་ལྟེམ་ལྟེམ་གྱི་མུ་མེད་ཀྱི་ནམ་མཁའི་མཐོངས་ནས།
ཆེས་མཐའ་མཇུག་གི་འཇའ་ཚོན་ཡལ་བ་ཇི་བཞིན།
 
ང་རང་ཁྱོད་ཀྱི་སོར་རྩེ་ནས་ཚེ་རྫོགས་པར་གྱིས་ཤིག
ཡུན་རིང་འཁྲེང་ཞིང་སྨོན་པའི་ཁྱོད་ཀྱི་པང་དུ།
གཞི་ནས་ཚེ་ཡི་འཕེན་པ་རྫོགས་སོང་བ་ཇི་བཞིན།
 
 
        མེ་ཏོག་རྒྱས་པའི་ལྗོན་པ།
                            ___ཞུས་མོ་རུང་།
 
ཁྱོད་རང་ང་དང་འཕྲད་ཐབས་ཡོད་དམ།
ང་རང་ཆེས་ཡིད་དུ་འོང་བའི་དུས་སྐབས་འདི་ལ།
 
དེ་ཡི་ཆེད་དུ།
བདག་གིས་སངས་རྒྱས་ཀྱི་སྤྱན་སྔར་མི་ལོ་ལྔ་བརྒྱར་སྨོན་ལམ་བཏབ།
འཁོར་བའི་ཀློང་དུ་ཁྱོད་དང་ལས་འབྲེལ་རྙེད་པའི་སྐྱབས་འཇུག་ཞུས།
ཁྱོད་རང་འགྲོ་སའི་ལམ་གྱི་ལྗོན་པར་སྤྲུལ།
 
ཉི་འོད་ཀྱི་ཀློང་དུ།
སྡུག་གུར་བཀྲ་བའི་མེ་ཏོག་རེ་རེ།
ཚེ་རབས་སྔོན་མའི་བདག་གི་རེ་སྒུག་ཡིན།
 
ཁྱོད་རང་ཉེ་བར་བསླེབས་པའི་དུས་སུ།
གཟབ་ནན་གྱིས་རྣ་བ་བླགས་དང་།
འདར་ལྕུག་ལྕུག་གི་ལོ་མ་ང་ཡི་ངང་སྒུག་གི་བརྩེ་འདང་ཡིན།
 
དེ་ལྟ་ནའང་།
མཐའ་མཇུག་ཁྱོད་ཀྱིས་དེ་དག་སྣང་མེད་བཞག་སྟེ་བུད་སོང་།
ཁྱོད་ཀྱི་རྒྱབ་ཕྱོགས་ན་ས་རུ་ཟགས་པ་གང་ཞིག
མེ་ཏོག་གི་འདབ་མ་མ་ཡིན།     གྲོགས་པོ་ཡེ། 
དེ་ནི་ཉམས་དམས་སུ་སོང་བའི་ང་ཡི་སེམས་པའོ།།
 
 
            སྟོན་ཀ།
                      __ཧེ་ཙི།

སྟོན་མཇུག་འདིར།
ལྷ་ཆེན་གྱི་གཞིས་ཀ་ན་བྱ་རྒོད་ཀྱིས་འདུ་ལོང་རྒྱག
ལྷ་ཆེན་གྱི་ཕ་ཡུལ་ན་བྱ་རྒོད་ཀྱིས་སྐད་ཆ་སྨྲ།
 
སྟོན་མཇུག་འདིར།   མི་དབང་གིས་སྙན་ངག་འབྲི་བཞིན་ཡོད།
 
སྲིད་པའི་ཁམས་འདིར་སྟོན་མཇུག་སླེབས།
ཐོབ་དགོས་པ་དེ་ད་རུང་ཡང་ཐོབ་མེད་ལ།
ཤོར་འོས་པ་དག་སྔ་མོ་ནས་ཤོར་ཚར་འདུག་ཨང་།
 
 
        ཚིག་ཕྲེང་བཅུ་བཞི་མའི་སྙན་ངག་ཨང་བཅོ་བརྒྱད་པ།

                                      __ཤིག་སེ་ཕེར།
                               
བདག་གིས་ཁྱོད་ཉིད་དབྱར་གཞུང་འདི་ཡི་ཉིན་མོའི་དཔེ་རུ་དགོད་ནུས་སམ།།
སྙིང་སྡུག་ཁྱོད་རང་སྔར་ལས་ཡིད་འོང་གཞུང་འཇམ་ལྷོད་བག་ཉམས་རེ་དགའ།།
རླུང་ནག་འཚུབ་མས་ཟླ་བ་ལྔ་བའི་མེ་ཏོག་གཏོར་ཅིང་ལྕུག་ཕྲན་བསྒུལ།།
གླས་པ་འདྲ་བའི་དབྱར་ཚིགས་འདིའང་སྐད་ཅིག་ཡལ་བ་བཟློག་ཐབས་བྲལ།
 
མཚམས་རེར་གནམ་གྱི་སྤྱན་ཆེན་འཚེེེར་པ་དམར་པོ་མེ་ལས་དབལ་ཚ་ལ།།
གསེར་འོད་ལམ་ལམ་ལྷ་ཞལ་ཉིད་ཀྱང་མུན་པ་ནག་པོས་སྒྲིབ་པར་བྱེད།
མཛེས་ཤིང་སྡུག་པའི་ཆོས་དངོས་མཐའ་དག་མཐའ་མར་ཉམས་པ་སྲིད་པའི་ལུགས།།
དུས་དང་རང་བྱུང་རེས་སུ་འཁོར་བའི་སྐྱེ་འཇིག་འདི་གོ་ཉམ་རེ་ང་།
 
འོན་ཏེ་ཁྱོད་ཀྱི་བསྐལ་བའི་དབྱར་གཞུང་རྒུད་ཅིང་རྙིད་པའི་དུས་མ་མཆིས།།
ཡིད་འོང་ཁྱོད་ཀྱི་མཛེས་པའི་བྱད་གཟུགས་ཉམས་པ་མེད་པར་རྟག་པར་གནས།།
ཁྱོད་ཀྱི་གྲིབ་འོག་སོམ་ཉིའི་རྒྱ་ལས་འཆི་བདག་ཉིད་ཀྱང་ཐར་རེ་དཀའ།།
ཁྱོད་ཉིད་འཇིག་བྲལ་སྙན་ཚིག་ཁྲོད་དུ་དུས་ཚོད་ཉིད་དང་གཞི་གྲུབ་བོ།།
 
ཇི་སྲིད་སྐྱེ་བོའི་དབུགས་རྒྱུན་མ་འགགས་འདྲེན་བྱེད་དབང་བོ་མ་ཉམས་བར།
དེ་སྲིད་ཁྱོད་ཀྱི་ཚེ་སྲོག་བསྲིང་པའི་ང་ཡི་སྙན་ངག་གསོན་པར་བྱ།།
 
 
         བྱེའུ་ཆུང་ནམ་མཁར་གྱེས་པའི་ལོ་ཟླ།
                            
                         __Shuntarou Tanikawa
        
 
གཅན་གཟན་ནགས་སུ་བོར་བའི་ལོ་ཟླའི་ནང་།།
ལྗོན་ཤིང་སྨྲ་བ་འགགས་ཤིང་དབུགས་ངལ་བསྡམས།།
གཅན་གཟན་ནགས་སུ་བོར་བའི་ལོ་ཟླའི་ནང་།།
མི་རྣམས་སྔར་བཞིན་བགྲོད་ལམ་བསྐྲུན་ལ་འབད།།
 
ཉ་མོ་ཆུ་ལས་བོར་བའི་ལོ་ཟླའི་ནང་།།
རྒྱ་མཚོ་འཁྲིགས་པའི་རླབས་ཀྱིས་འཁུན་སྒྲ་སྒྲོག།
ཉྭ་མོ་ཆུ་ལས་བོར་བའི་ལོ་ཟླའི་ནང་།།
མི་རྣམས་སྔར་བཞིན་གྲུ་ཁ་བཟོ་བར་བྲེལ།།
 
ཁྱེའུ་ཁྲོམ་ནས་བོར་བའི་ལོ་ཟླའི་ནང་།།
ཁྲོམ་འདི་འུར་ཟིང་འདུ་འཛི་སྔར་ལས་ཐུ།།
ཁྱེའུ་ཁྲོམ་ནས་བོར་བའི་ལོ་ཟླའི་ནང་།།
མི་རྣམས་སྔར་བཞིན་སྤྱི་གླིང་བསྐྲུན་པར་བརྩོན།།
 
རང་ཉིད་མི་དང་གྱེས་པའི་ལོ་ཟླའི་ནང་།།
མི་རྣམས་ཕན་ཚུན་འདྲ་ཞིང་མཚུངས་བར་གྱུར།།
རང་ཉིད་མི་དང་གྱེས་པའི་ལོ་ཟླའི་ནང་།།
མི་རྣམས་སྔར་བཞིན་འབྱུང་འགྱུར་རེ་བས་བརྟས།།
 
བྱེའུ་ཆུང་ནམ་མཁར་གྱེས་པའི་ལོ་ཟླའི་ནང་།།
ནམ་མཁའ་འཇགས་པའི་མིག་ཆུ་ཤུམ་ཤུམ་འཇོ།།
བྱེའུ་ཆུང་ནམ་མཁར་གྱེས་པའི་ལོ་ཟླའི་ནང་།།
མི་རྣམས་སྔར་བཞིན་རྨོངས་པའི་གཞས་ཆུང་ལེན།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།