གཅན་མེ་སྟག་གི2020ལོའི་གསར་བྲིས་སྙན་ངག་ཁག་ལྔ།

6875



བུམ་པ་དེ་ཆག་སོང་།


བུམ་པ་དེ་ནི་ངའི་སེམས་ཀྱི་བླ་བུམ་ཡིན།
ལོ་དང་ཟླ་བ་ག་ཚོད་ཅིག་འདས་ཀྱང་།
བུམ་པ་དེ་ངའི་སེམས་ཀྱིས་འཚོས་ཤིང༌།
ཡིད་ཀྱིས་གཉོར་ཡོད།

ཡིན་ནའང་མ་བསམས་ས་ནས།
བུམ་པ་དེར་གས་ཁ་ཞིག་ཤོར་སོང་།
རླུང་དང་ཟླ་འོད་མེད་པའི་མཚན་མོ་ཞིག་ལ།
སིང་སྒྲ་དང་བཅས། གས་ཁ་ཞིག་ཤོར་སོང་།

བུམ་པ་དེས་ན་ཟུག་བསྲན་བསྲན་ནས།
མཇུག་མཐར། གས་ཁ་ཡོད་ས་ནས།
ཧྲུག་གེར་ཆག་སོང་།
རླུང་དང་ཟླ་འོད་མེད་པའི་མཚན་མོ་ཞིག་ལ།
ཆག་སྒྲ་དང་བཅས། ཤེལ་ཆག་མང་པོ་ཞིག་གི་ཚུལ་གྱིས།
ངའི་མིག་མདུན་དུ་འཐོར་བྱུང་།

གནའ་ནས་གས་ཁ་ཤོར་བའི་བུམ་པ་དེ་ལ།
སྙིང་འབྲད་པར་བྱེད་པའི་ན་ཟུག་གང་འདྲ་ཞིག་ཡོད་དམ།
ཡང་ན་ཉིན་མཚན་གྲངས་མེད་དུ།
ཡང་ཡང་སྒོམས་པའི་བཟོད་བསྲན་གྱིས།
ད་བར་དུ་བདེན་ལུགས་ཅི་ཞིག་སྲུང་བ་ཡིན་ནམ།

རེད། ད་ལྟ་ཁོ་ཆག་སོང
ཁོས་བཏང་སོང་། ཁོས་བློས་བཏང་སོང་།
ཨམ་གཙིགས་བསྡམས་བསྡམས་པ་དེ།
ད་ལྟ་གཏོང་བའི་དུས་ལ་སླེབས་སོང་བའམ།
ཡང་ན་དབུགས་རིང་ཞིག་དང་བཅས།
སྡོམ་པ་ཡང་གཏོང་དགོས་པ་ཡིན་ནམ།

བུམ་པ་དེ་འདྲ་ཞིག
ཆེས་སྤྱིར་བཏང་གི་བུམ་པ་དེ་འདྲ་ཞིག
སྔོན་བརྡ་ཙམ་ཡང་མེད་པར། དེ་ལྟར་ཆག་སོང་།
ད་ལྟ། ང་རང་སྐྱོ་དགོས་སམ་དགའ་དགོས།

བུམ་པ་ཆག་སོང་།
རླུང་དང་ཟླ་འོད་མེད་པའི་མཚན་མོ་ཞིག་ལ།
བུམ་པས་རང་གི་ཚེ་སྲོག་རྟ་རྔ་འདྲ་བོ།
དེ་ལྟར་ལག་ནང་ནས་ཤོར་སོང་།

ཨ། ཤི་རེ་ཁོ། 


བར་དོ་ནས།


མི་ཡུལ་ནས་བརྩེ་བ་ཆགས་སྟེ།
ཁྱོད་ཀྱི་ལུས་ལ་ང་འདྲེས་ཤིང་།
ང་ཡི་སེམས་ལ་ཁྱོད་ཞུགས་ཡོད།

དུར་ཁྲོད་ལ་མཉམ་དུ་ཐོན་ཏེ།
ཁྱོད་ཀྱི་ཁྲག་ལ་ང་འདྲེས་ཤིང་།
ང་ཡི་རྐང་ལ་ཁྱོད་འཐིམ་ཡོད།

ཉི་མ་ཤར་མ་ཤར་གང་ཡིན་རུང་།
ཆར་བ་བབ་མ་བབ་གང་ཡིན་རུང་།
སྐྱོ་བཞིན་དགའ་བཞིན་འོང་།

བར་དོ་རུ་སླེབས་རྗེས།
དག་ཞིང་དུ་འགྲོ་མཁན་དག་ཞིང་དང་།
དམྱལ་བ་རུ་འགྲོ་མཁན་དམྱལ་བ་རེད།


སྡོད།


ངས་རྨ་ཁ་ལ་བྱིལ་བྱིལ་བྱེད་བཞིན། ༼ཨེ་ན་གི༽ཞེས་དྲིས།
ངས་མིག་ཆུ་ཁྱོར་བའི་ནང་བླངས་ཏེ། ༼ད་ཆོག་གི༽ཞེས་བཤད།
སང་ཉིན་ལ་ལག་འཇུ་ཐེངས་གཅིག་བྱས་རྗེས།
ང་འགྲོ་རྒྱུ།



འོབས་སུ་ལྷུང་བ།



ང་བདེ་སྐྱིད་དང་ཁ་གྱེས་དགོས་པ་ངས་ཤེས་ཡོད།
ང་མཛའ་བརྩེ་དང་ཁ་གྱེས་ཟིན་པ་ངས་ཤེས་ཡོད།
ཀོ་བ་ཆེན་པོ་ཞིག་དང་འདྲ་བའི་ལོ་མ།
རྣོ་ལྕགས་ལྟར་འཁྲིགས་པའི་ས་གཞི་དང་གྱེས་རྗེས།
སྐབས་རེར་ཤེད་ཀྱིས་འབྲབ་ཅིང་།
སྐབས་རེར་བཙན་གྱིས་བརྡུངས་བའི་དྲག་ཆར་དེས།
སྐྲ་ལོ་ནས་རུས་རྐང་དང་།  དབང་རྩ་ནས་ཁྲག་རྒྱུན་བར།
རློན་ཤིག་ཤིག་གི་ན་ཟུག་ཅིག་བར་མེད་དུ་སྐྱེལ་འོང་།

ན་ཟུག་དེ་འདི་འདྲའི་ཆེ་བ་སུ་ཡིས་རྟོགས།
སྤྲིན་གྱི་མདའ་མོ་ལྟ་བུའི་དྲག་ཆར་ཁྲོད།
ངས་ཅི་ཞིག་འཚོལ།
རྙེད་ཀྱིན་པའི་ལོ་མ་ལྗང་གུ།
དེའི་བར་གསེང་ན་སྲོག་བླ་བཞིན་འཁྱམས་པའི།
མེ་ཏོག་གི་རྣམ་ཤེས།
ལག་པ་བརྟེན་སའི་ཤིང་གི་སྒྲོམ་སྐྱོར་དེ་ཡང་གང་དུ་ཡོད།

སྟོན་མཇུག་གི་སྙེ་མ་སྟོང་བ་དེས།
ཀུ་ཤུ་སྨིན་སའི་སིལ་རའི་ཁ་ཕྱོགས་སྟོན་བཞིན་འདུག
ཡིན་ནའང ང་ལ་མཁོ་བ་ནི།
ལོ་ལེགས་དང་ཕུན་ཚོགས་གང་ཡང་མིན།
ཕྱིས་མི་དག་པའི་འདམ་རྫབ་དང་།
མེ་ལོང་ནང་གི་བྱེ་སྙིགས།
འདི་ལྟར་སྦངས་ཤིང་སྦོས་ནས།
བརླན་ཞིང་ཁེགས་ནས།
ངའི་སེམས་ཀྱི་སྦྱར་སྡོང་དེ་ཡང་བསྣུབས་པར་གྱུར།

ཀྱེ་མ ཡ་ང་བ་ལ
ས་ཡི་རླབས་གཉེར། ཆུ་ཡི་འོ་དོད།
རླུང་གི་འདོད་ཆགས། མེ་ཡི་ཟུག་གཟེར།
...



ཕམ་ཁ།



ཆོག་གི ད་ལྟ་ངས་ཕམ་ཁ་ཡོད་ཚད་དང་ལེན་བྱས་ཆོག
གནམ་གྱི་རྒྱལ་མོའི་བཀའ་ལུང་དང་ཁ་ཆེམས་ཇི་བཞིན།
ངའི་མིག་ལ་ཆགས་པའི་ལིང་ཏོག་འདིས།
མེ་ལོང་དཀྱིལ་གྱི་གཟུགས་བརྙན་དེ་དག་མཐོང་ཀིན་མི་འདུག
ངའི་རྣ་བར་འབྱར་བའི་རྡུལ་དྲེགས་འདིས།
སྒྲ་ཡི་ངོས་སུ་བབས་པའི་རོལ་དབྱངས་དེ་དག་ཐོས་ཀྱིན་མི་འདུག

མུན་ནག་གིས་མ་བཅིངས་པའི།
ལུགས་རྙིང་གི་མཚན་མོ་ཕྱེད་ཀ
ད་ལྟ་འདི་ཡོད་ཚད་ངས་དང་ལེན་བྱས་ཆོག
ལྕེ་ཐོག་ལ་བབས་པའི་དྲག་ཆར།
སྙིང་ཁ་རུ་སྦྲུམ་པའི་སྤུ་གྲི།
དཔེ་ལྟར་ན། རྩྭ་ཕྱགས་ཐེད་པོ། སྒོང་ཤུན་རུལ་བ།
དམ་བུའི་ཆགས་གྲུམ་དང་སླ་ངའི་ཞབས་མཐིལ་ཇི་བཞིན།
འདི་ཡོད་ཚད་ངས་དང་ལེན་བྱས་ཆོག

སློབ་གསོས་མ་ཐུལ་བའི་བུ་མོ།
དུད་དྲེགས་དང་བཅས་པའི་སྐད་ཆ།
འོ་དོད། འོ་དོད། འོ་དོད།
སྐྲ་ལོ་འཛིངས་ཤིང་ངོ་གདོང་གཉེར།
བྲང་ཁ་སྟོན་ཞིང་འཕོངས་རྐུབ་གཡུག
ལན་ཆགས། ལན་ཆགས། ལན་ཆགས།

ད་ལྟ། ངས་ཕམ་ཁ་ཡོད་ཚད་དང་ལེན་བྱས་ཆོག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།