དགའ་རུ་ཤག___གཅན་ཆེད་འབར།

4663



ཡལ་འདབ་སྟུག་པོའི་ལྗོན་པའི་སྟེང་།
ཐ་སྙད་ཀྱི་བྱེའུ་ལ་ཚང་མལ་བཟོས།
མི་དེ། འཚོ་བའི་རབ་ཁ་བརྒལ།
ཐ་སྙད་ཀྱི་བརྗིད་ཉམས་བརྒལ།
 
ཆོས་ཉིད་དོན་གྱི་ཕ་རོལ་ཏུ་ཕྱིན་པས་སྐྱོ་ལྷང་ལྷང་།
སྣང་བའི་ན་བུན་གྱི་གསེབ་ནས་འཇིགས་ཡེར་ཡེར།
རྣམ་རྟོག་གི་འོག་འགྱུ་རེས་མོས་བརྗེས་པ་ལས།
ཡོད་པའི་ལྷུ་ལག་སོ་སོར་དབྲལ་པས་ཅི་ཡང་མ་རྙེད།
མེད་པའི་ལྷུ་ལག་སླར་བསྒྲིགས་པས་ཅི་ཡང་སྣང།
 
ཆོས་ཉིད་ཀྱི་བལ་གདན་ལ་བདེ་བར་བཞུགས་ཀྱང་།
འཚོ་བའི་རྦ་རླབས་ཀྱི་འགྲམ་ལྕག་གིས།
ཚ་བེར་བེར་བྱས་པས།
མི་དེ། མཚོ་འདིའི་ཕ་རིའི་བྱེ་ཟེགས་བྱས།
མི་དེ། མཚོ་འདིའི་ཚུར་རིའི་བྲག་རྡོ་བྱས།
 
འཚོ་བའི་རྩངས་ཀྱི་རྣོ་དབལ་གྱིས།
ཆོས་དབྱིངས་ཀྱི་ཕུང་བོར་བར་མེད་གཙགས།
ན་ཟུག་གི་ཚོར་ཤེས་རེ་རེ་ལ།
སྨན་གྱི་གཏར་ཀ་རེ་རེ་བཏབ།
དེ་ལྟར་ཟོ་འཁྱུན་འཁོར་ལོ་བཞིན།།
ཀོ་གྲུ་དེ་ཉིད་འཁོར་བ་ཡི།།
ཕར་ཚུར་གང་ལ་མ་བརྟོལ་བར།།
དཀྱིལ་དང་དབུས་སུ་ཡོམ་ཡོམ་འདར།།
 
ད་ནི། ཨ་ཐང་ཆད་དེ།
ཆོས་ཀྱི་དབྱིངས་ནི་སིལ་བུར་གསིལ།
ཐ་སྙད་ཀྱི་རྫོང་གོག་རྨེག་མེད་དུ་བཤིགས།
སེམས་ཀྱི་བྱེའུ་ཕྱོགས་སུ་སྤུར།
ཚོར་བའི་རླུང་གི་རྗེས་སུ་ལྷབ་ལྷུབ་སྐྱོད།
སྐྱིད་ན་འཇིག་རྟེན་འདི་དང་།
གསོན་ན་འཇིག་རྟེན་འདི་རུ་བྱས་ཡོད་ནའང་།
 
འོན་ཀྱང་། ངས་ནི་དུས་ངེས་མེད་དུ་ཚོར་ཏེ།
མིག་ཟུང་ཟུམ་ཟུམ་བྱས་པ་ལས།
སེམས་ཀྱི་རང་བཞིན་མངོན་སུམ་དུ་མཐོང་བས།
དགའ་ལྷང་ལྷང་།
ལག་ཟུང་གུལ་གུལ་བྱས་པ་ལས།
སྐྱིད་སྡུག་གི་རྐང་རྗེས་རེ་རེ་ས་ལེར་མཐོང་བས།
སྐྱོ་ལྷང་ལྷང་།
འཁོར་འདས་ཀྱི་གཙུབ་བརྡར་ཁྲོད་ནས།
མི་དེ། ཕྱི་གསལ་ནང་གསལ་དུ་བྱས་ཤིང་།
མི་དེ། དགེ་འདུན་ཆོས་འཕེལ་དུ་བཏང་ཡོད་ནའང་།
……………………
 
 འོན་ཀྱང་། ངས་ནི་འཕྱུགས་མེད་དུ་ཚོར་ཏེ།
མེ་ཏོག་གི་དྲི་བསུང་ཕྱོགས་བཞིར་སྟོར་ཞིང་།
བུང་བའི་གཤོག་སྒྲོ་གང་སར་བརྡབས་ཡོད་མོད།
ཁྱོད་སེམས་ཀྱི་འཇག་སྐྱས་ཤུགས་གླུ་ཡང་ཡང་གྱེར་ཞིང་།
ཁྱོད་སེམས་ཀྱི་མེ་ཏོག་གི་འདབ་མ།
དང་པོ་ཉིད་ནས་རེ་རེ་བཞིན་བྲུལ་པ།
ང་ཁོ་ནས་ཚོར་ཏེ། ངས་ནི་རང་དབང་མེད་པར།
ང་ཡི་སེམས་ལ་སྦར་འབྲད་ཡང་ཡང་བྱས་ཏེ།
ཁྱོད་ཀྱི་གཏད་སོ་དང་། ཡང་སྙིང་གི།
ལན་ལྡོན་ག་རེ་ཡིན་པར་སྒུག།
 
ཁྱོད་ནི་ང་ཡི་ཟླ་བོ་སྟེ།
དགའ་རུ་ཤག་བརྒྱུད་ནས་འགྲོ་ཐེངས་རེར།
བཻཌཱུརྱའི་བུམ་པ་ནི་ང་ཡིས་བཟུང་ཉེས་ཐེབས་ཏེ།
ཆགས་སོང་བའི་ཉམས་སྣང་སྐྱེས་པས།
གྲང་ཤུར་ཤུར་བྱེད་ཅིང་།
གྲང་ཤུར་ཤུར་བྱེད་པ།
དཔྱིད་ཀ་མ་བསླེབས་པའི།
ཁྱོད་ཀྱི་མི་ཚེ་དང་ཇི་འདྲའི་འདྲ་ཨང་།

            ༢༠༡༧ལོའི་ཟླ༡༠པའི་ཚེས་༨ཉིན་བྲིས།

རྩོམ་སྒྲིག་པའི་མཆན།

ལྷ་སའི་ཤག་བཞིའི་ནང་ཚན་དགའ་རུ་ཤག་ནི།(དགའ་རུ་ཤར) གཙུག་ལག་ཁང་གི་ལྷོ་ངོས་ཀྱི་གསུང་ཆོས་རྭ་བའི་གཡས་ཕྱོགས་བར་སྐོར་ལྷོ་ལམ་གྱི་སྒོ་རྟགས་ ༡༢ཅན་དེ་ཡིན་ཞིང་། ཤག་བཞི་ནི་སྣང་རྩེ་ཤག་དང༌། དགའ་རུ་ཤག སྟག་ལུང་ཤག སྒང་མཁར་ཤག་བཅས་ཡིན་པ་རེད།

དེ་དག་བཙན་པོ་སྲོང་བཙན་གྱིས་དབུས་གཙང་གཉིས་ཀྱི་དམག་སྡེ་ཆེན་པོ་ལྷ་སར་བསྡུས་ཏེ་དམག་བཤེར་གཟིགས་འབུལ་གནང་སྐབས་གཙུག་ལག་ཁང་གི་གཡས་གཡོན་དང༌། རྒྱབ་མདུན་བཅས་ཕྱོགས་བཞི་རུ་གཡས་རུ་དང༌། གཡོན་རུ། དབུ་རུ་དང༌། རུ་ལག་བཅས་རུ་བཞིའི་དམག་སྒར་བཏབ་པའི་ས་མིང་ལས་དབུས་གཙང་རུ་བཞིའི་གོ་དོན་དེ་བྱུང་།

 རིམ་བཞིན་གྲོང་ཁྱེར་ཅན་དུ་གྱུར་དུས། ས་དེ་ལ་རུ་བཞིའི་གོ་དོན་མཚོན་ཆེད་གཙུག་ལག་ཁང་གི་ལྷོ་ཕྱོགས་ཁང་རྒྱུད་ལ་དཀར་རུ་ཤར་བཏགས་པ་དང་། རིམ་གྱིས་སྒྲ་འགྱུར་ནས་དགའ་རུ་ཤག་ཞེས་བོས། ཤར་རྒྱུད་དུ་དམར་རུ་དང་རིམ་གྱིས་སྒྲ་འགྱུར་བས་རྨེ་རུ་བོས། དཀར་རུ་དང་དམར་རུ་ཞེས་པ་དམག་སྡེའི་རུ་དར་གྱི་ཁ་མདོག་ལས་བཏགས་པར་བཤད།

དགུང་གྲངས་༤༩་ལ་ཕེབས་པའི་མཁས་ཆེན་དགེ་འདུན་ཆོས་འཕེལ་ལགས་ཕྱི་ལོ༡༩༥༡ལོའི་དགོང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་གནས་འདི་ནས་སྐུ་གཤེགས་ཤིང་། སྙན་ངག་པས”སྐྱིད་ན་འཇིག་རྟེན་འདི་དང་། གསོན་ན་འཇིག་རྟེན་འདི་རུ་བྱས་ཡོད་པ”གཏམ་གྱི་སྙིང་པོར་འཛིན་དོན་དེ་ཡིན་ངེས་ལ། གཞིས་འདི་ནས”འཚོ་བའི་རབ་ཁ་བརྒལ”ཅིང”ཐ་སྙད་ཀྱི་བརྗིད་ཉམས་བརྒལ”བའི་ཁོང་ཉིད་དྲན་དྲགས་པས་ཀྱང་ཏན་ཏན་ཡིན་ངེས་སོ།།







0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།