2020ལོའི་ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་གསར་བྲིས།(2)

609



ཕྱེ་ལེབ་འཁྱམས་པོ།*


རྨི་ལམ་ཟེར་དོན།
མཚན་མོ་ཁྲི་སྟོང་།
དེ་དུས།
རླུང་བུ་ལྡང་ཚུལ།
ང་ལ་མ་གསུང་རོགས།

གལ་ཏེ། གལ་ཏེ།
མེ་ཏོག་གི་མཛེས་སྡུག་འཕྲོག་མཁན།
ཁྱེད་དང་ཁྱེད།
འཕུར་བསྐྱོད་ལ་བྲེལ་ནས།
དབུགས་ཤིག་རྔུབ་པ།
ག་དུས་ཡིན་ནམ།

ཡང་ན་གཤོག་པ།
ཡང་ན་ཉི་འོད།
ཡང་ན་དྲི་མའི་ཁྲོད།
དབྱར་ཁའི་མི་ཡུལ།
ཚོར་བའི་ཕུང་བོ།

མེ་ཏོག་དམར་པོ།
ཁྱོད་ཀྱི་མེ་ཏོག།
ཕྱེ་ལེབ་འཁྱམས་པོ།
ང་ཡི་ཕྱེ་ལེབ།
ད་དུང་ལྟར་ན།
ཤབ་ཤུབ་ཀྱི་སྐད་ཆ་ཞིག
གང་ནས་གང་ལ་གསོག


2020/02/14–17

*གྲོགས་པོ་ཞིག་གི་དྲ་མིང་ཡིན།



མུ་ཏིག་ནག་པོ།


མཚན་མོའི་མིག་ཟུང་།
ནམ་ཡང་དམར་པོ་ཡིན་ནམ།
སྐབས་རེ་དང་སྐབས་རེར།
ངས་དེ་ལྟར་དྲན།

རྟོག་བཏགས་ཀྱི་ཡུལ།
ཁྲོམ་དང་སྲང་ལམ།
མིག་ཆུ་དང་འཛུམ་དམུལ།
གཏའ་མ་དང་བུ་ལོན།
འདར་ལྕུག་ལྕུག

དེ་རིང་ཡིན་ན།
ང་ནི་ཁྱེད་ཀྱི།
སང་ཉིན་ཡིན་ན།
ང་ནི་ཁྱེད་ཀྱི།
མཛའ་གཞས་ལྟར།
འཁང་ར་མེད་དོན།
ཅི་ཞིག་གང་ཞིག

མཚན་མོའི་འཁུན་སྒྲ།
ཁྱོད་ཡིན་ནམ།
མཚམས་རེ་དང་མཚམས་རེར།
ངས་ལས་དབང་གི་བདག་པོ་གང་ན་ཡོད་སྙམ།


2020/02/17-18



ཁྱོད་རྨི་ལམ་ལ་འཁོར་དོན།


དེ་ནི་ན་ནིང་།
བར་ཐག་ཅིག
དེ་ནི་མདང་དགོང་།
རྨི་ལམ་ཞིག

ལན་རེར།
རླུང་གིས་ཁྱོད་ཁུར།
ལན་རེར།
རླུང་གིས་ང་ཁུར།
ལན་རེར།
འཇིག་རྟེན་རླུང་གིས་ཁུར།

དེ་ནི་ང་།
བུད་སོང་པའི་ན་ནིང་།
དེ་ནི་ཁྱོད།
རྨི་ལམ་ལ་འཁོར་དོན།
ཨ་ཁ་ཁ།


2020/03/19-22



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།