རྟའུ། བདེ་བར་བཞུགས་ལགས་སམ།
ཉག་ཆུའི་སྟོད་རྒྱུད་ཀྱི་རྟའུ།
མ་མཇལ་ལོ་ངོ་བཅོ་ལྔ་ཕྱིན་སོང་།
དེ་རིང་རྨ་ཆུའི་འགྲམ་རྒྱུད་ཀྱི་ཁང་མིག་ཅིག་ཏུ།
འཕྱི་བ་བཞིན་འཛུལ་ནས་དྲན་དགོས་བྱུང་སོང་།
དྲན་པ་ཙམ་གྱིས་རྔོ་མི་ཐོགས་པ་ལོས་ཤེས།
ཡུལ་ལྷ་གཞི་བདག་གིས་ཀྱང་དགག་ཏུ་མེད་པ་དེ་དག
གསོལ་བ་སྨོན་ལམ་གྱིས་ཀྱང་བཟློག་ཏུ་མེད་པ་དེ་དག
ལས་དབང་ཡིན་ཡིན་འདྲ་ལ་མིན་མིན་འདྲ་བ་དེ་དག
དྲན་དང་མ་དྲན་ལ་འབྲེལ་བ་ཡོད་པ་མ་རེད།
ཡིན་ཡང་། རྟའུ་དྲན་བྱུང་།
སྣོད་ཀྱི་འཇིག་རྟེན་ལྷོད་བག་ཡངས་ངེར།
བཅུད་ཀྱི་སེམས་ཅན་འཛུམ་བག་གྱི་ལེར།
བཞུགས་ཡོད་པའི་ངང་ཚུལ་དྲན་བྱུང་།
རྟའུ། བདེ་བར་བཞུགས་ལགས་སམ།