གློ་བུར་དུ།
____ཨོ་གླིང་གི་མེ་སྐྱོན་ལ་ཕུལ་བ།
མེ་དང་དུ་བ་ཁོ་ནས།
འཇིག་རྟེན་ཧྲིལ་བོ།
ཚ་ལམ་ལམ།
རི་དྭགས་ཀྱི་མིག་ན།
ཆར་ཐིགས་ཤིག
འདབ་ཆགས་ཀྱི་སྐད་ན།
ཆར་ཐིགས་ཤིག
མེ་ནི་དམར་པོ།
འཚིག་དྲི་ཞིག
དུ་བ་ནི་ནག་པོ།
གཞོབ་དྲི་ཞིག
མེ་ཡི་ཚོགས།
ད་དུང་།
དུ་བའི་དཔུང་།
ད་དུང་།
2019/2020/01
ཡར་སྔོན་ཞིག་ལ།
མར་མེ་དེ སུ་ཞིག་གི་མར་མེ།
མུན་པར་དུང་བ་མ་ཡིན།
མཚན་མོའི་མངལ་ན་གཡོ།
མུན་པའི་སྔོན་ཏུ།
མིག་ཟུང་གྲངས་མེད་ཀྱིས།
ཅི་ཞིག་སྒུག
ཟླ་བ་ཡིན་ནམ།
གྲང་ཤར་ཤུར།
རླུང་ལ་དབང་བའི་མཚན་མོར།
སུ་ཞིག་ཕ་ཡུལ་ལ་གྱེས།
གྱེས་བྲལ་དེ།
སྐྲ་དཀར་རེ་རེ།
ངའི་མིག་ཟུང་།
ང་ལ་ཐོག་སྙམ།
མུན་པའི་ཚོགས།
གང་ནས་ཤུད་འོང་།
2019/12/17-2020/02
ག་ཤེད་ཅིག་ནས།
- JOYEལ་ཕུལ་བ།
ང་ང་ཟེར་མཁན།
ང་ཚོ་སྟེ།
ཡང་ཡང་གྱེས་པ།
གོ་ནོར་ཞིག
འཇིག་རྟེན་ཆེ་དྲག་ཆུང་དྲག
ག་ཤེད་ག་ཤེད་ཅིག་ནས།
ཁྱོད་ངའི་རྨི་ལམ་ལ་འཛུལ་བཞིན།
རྩྭ་ཐང་གང་ན་ཡོད་ཅེས།
གཏམ་རྒྱུད་ཁ་ཤས་ལ་སློང་།
ཁ་སང་མ་ཡིན།
དབང་མྱོང་བའི་ཐ་སྙད་རེ་རེས།
མིག་ཆུ་མང་བའི་མི་ཚེ།
ཐག་ཉེ་ཐག་ཉེ་ཞེས།
ཡང་བསྐོར་བསྐྱར་བསྐོར།
ང་ང་ཟེར་མཁན།
ང་ཚོ་ཡིན་ནམ།
ལས་དབང་ཡག་དྲག་སྡུག་དྲག
འཁྱམས་པོའི་སྐྱེ་བ།
ལོ་དང་ཟླ་ཞིག
2020/01/18-20
ཁོ་ཚོས་ང་ལ་ཁྱོད་བརྗེད་དུ་བཅུག་ཟེར།*
འཛུམ་གྱི་ཁྱོད།
འཇིག་རྟེན་ན་ཡོད་དམ།
སྐད་ཆའི་ང་ཚོ།
ནགས་ཚལ་དང་རྒྱ་མཚོ རི་ཚོགས་ཀྱིས།
ཁུ་སིམ་མེར།
ཡོད་པ་ཡོད་པའི་མི་ཚེ།
ཉིན་དང་མཚན་གྱི་འཁྱམས་པོ།
འཛུམ་གྱི་ཁྱོད།
སྐྱེལ་མའི་ཁྱོད།
ཁོ་ཚོས་ང་ལ་ཁྱོད་བརྗེད་དུ་བཅུག་ཟེར།
2020/02/07
* ཁ་ན་ཊའི་སྙན་ངག་མNaiwa zebian ཁ་བྱང་གཡར།
ཇ་འཁྱགས་སོང་།
བཤད་སྲོལ་ཡིན་ན་ཐང་།
ཇ་འཁྱགས་སོང་།
མིག་ཟུང ངའི་མིག་ཟུང་གིས།
སུ་ཞིག་བཙལ་བཞིན་འདུག
ཁེར་བཤད་རེ་རེས།
ང་གང་ལ་ཁྲིད་སོང་།
ཁྱེད་ཀྱི་འཇིག་རྟེན།
ན་ནིང་འདྲའམ།
ཡང་ཡང་ཉན་འདོད་པ་མིན་ཏེ།
ལས་དབང་གི་གོ་རིམ་གྱིས།
ངས་དྲན་གདུང་གཞན་ཞིག་འཐུས།
བཤད་སྲོལ་ཡིན་ན་ཐང་།
སྙིང་ཉེ་ལགས།
མདང་དགོང་གི་རྨི་ལམ་ཁོ་ནས།
ངས་ང་བོར་པ་དྲན།
2020/02/07--08
ཁྱོད་ཀྱིས་གངས་རི་བསྐོར་ནས་གང་ལ་སླེབས་སོང་།
ཡི་གེ་རུ་འབབ་པའི་གངས་རི།
ནམ་ཡང་དཀར་པོ་ཞིག
རྨ་ཁ་ཞིག
ཁྱོད་ཀྱི།
ངུ་ངག་ཅིག
ཁྱོད་ཀྱི།
ལག་ཟུང་ཞིག
ཁྱོད་ཀྱི།
སྲིད་པ་རུ་ཆགས་པའི་གངས་རི།
ནམ་ཡང་གཟུགས་བརྙན་ཞིག
ཕ་རོལ་ཞིག
ཁྱོད་ཀྱི།
རྒྱང་བལྟ་ཞིག
ཁྱོད་ཀྱི།
སྟོང་སྟོང་ཞིག
ཁྱོད་ཀྱི།
ཁྱོད་ཀྱི་ཚེ་གཅིག
ཁྱོད་ཀྱིས་གངས་རིར་བསྐོར་ནས་གང་ལ་སླེབས་སོང་།
2020/02/07-08
8
དིང་གླིང་། 2020ལོའི་ཙོང་ཁ་ཚེ་བརྟན་རྒྱལ་གྱི་གསར་བྲིས་སྙན་ངག(1)
རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ།
འབྲེལ་ཡོད་རྩོམ་ཡིག