གཉན་གྱི་སྙན་ངག་ཆེད་འགོད།

8953



                   ཤ་སྐྱ།




ཐག་རིང་ཟེར་བ་ནི།
ཕ་གིའི་སྲིད་པའི་རྫ་སྒང་གན་ལ་ཟེར་བ་རེད།

སྲིད་པའི་རྫ་སྒང་གན་ནི།
ང་ཚོའི་ཤ་མིག་གིས་ཐེངས་རེར་མཐོང་ཐུབ་ལ།
ཐེངས་རེར་ཡེ་ནས་མཐོང་མི་ཐུབ།

དེ་རིང་ང་རང་རིག་པ་སད་པ་ཡིན་ནམ་ཅི།
ནང་དགོས་སུ་གསལ་མོ་ཞིག་མཐོང་ཐུབ་སོང་།

ཨོ་ལེ། ཕ་གི་ནི་སྲིད་པའི་རྫ་སྒང་རེད།
སྔོན་ལ་རླུང་བསེར་བུ་མ་བུ་གཉིས་ལྡང་ཡོང་།
མ་ནི་སྔུན་མ་ཡིན་པས་གྲང་ཞད་ཆེ་བ་དང་།
བུ་ནི་གཞུག་མ་ཡིན་པས་བསིལ་ཞད་ཆེ་བ་ཞིག་རེད།
འདི་དོ་ནུབ་གང་ལ་བུད་འགྲོ་བ་དང་།
འདི་དོ་ནུབ་གང་ནས་འདུག་ངས་མི་ཤེས།

དེའི་འཕྲོ་ནས། དེའི་འཕྲོ་ནས།
སྒྱུ་འཕྲུལ་དང་འདྲ་བའི་ཤ་སྐྱ་རྒོད་ཡེ་རེ་ཡོད་པ་ཞིག
སྲིད་པའི་རྫ་སྒང་བརྒྱུད་ནས།
རབ་རིབ་སྣ་མ་སྣ་ཚོགས་ཀྱི་ཐོག་ཏུ།
ལྕེབས་ཞོར་ལྕེབས་ཞོར་ལ་ཐོན་ཡོང་།

འདི་ནི་སྔ་མོ་སྔ་མོ་ནས།
ཡོངས་སུ་གྲོལ་བའི་རི་དྭགས་ཤིག་ཡིན།
སྨུག་པ་དང་ཆུ་ཚང་མ་ཁུར་བུད་སོང་བས།
ད་ནི་འདི་ལ་སྐོམ་མེད།

ཅིག་ཐེངས་ན་ནི།
ལྷོད་ཤིག་གེར།
ཉམས་སངས་དང་བཅས་བུད་འགྲོ་བ་དང་།

ཅིག་ཐེངས་ན་ནི།
སུ་ཞིག་ལ་འདྲོགས་ལངས་ནས།
ཡུལ་གང་ཞིག་ལ་ཤོར་འགྲོ་ངེས་རེད།

སྒང་ཁ་གན་ཨང་།
སྲིད་པའི་སྒང་ཁ་མཐོན་པོ་གན་ནས།
ཤ་སྐྱ་ནི་ཞག་ལ་ལུས་མི་དཔེ།
ཞག་རང་ནི་སྒང་ཁ་གན་ནས་ལུས་འགྲོ་ཤག་ཤག་རེད།

རྣམ་ཤེས་ཀྱི་གསང་བ་གྲོལ་ཐུབ་པའི་ཡུལ།

___མཚོ་སྔོན་པོ་བཀླགས་པ།


སྲིད་པའི་མཚོ་ཐམས་ཅད།
གཤེར་གཟུགས་ཡིན་ནའང་།
བདག་གི་མིག་ལམ་དུ་སྣང་བའི།
ཁྲི་གཤོག་རྒྱལ་མོ་ནི།
གཤེར་གཟུགས་མིན་དོན་ཅི་ཡིན་ནམ།
དེ་དངོས་གནས་གཤེར་གཟུགས་རེད་མི་འདུག

སྲིད་པའི་མཚོ་ཐམས་ཅད།
སྔོན་པོ་ཡིན་ནའང་།
བདག་གི་མིག་ལམ་དུ་སྣང་བའི།
ཁྲི་གཤོག་རྒྱལ་མོ་ནི།
སྔོན་པོ་མིན་དོན་ཅི་ཡིན་ནམ།
དེ་དངོས་གནས་སྔོན་པོ་རེད་མི་འདུག

ཁྱོད་ཀྱི་ཆེད་དུ།
བདག་གིས་ཉིན་གཅིག་ལ།
སྐྱེ་བ་ཁ་ཤས་ཀྱི་བརྩོན་འགྲུས་འཚོལ་དགོས་བྱུང་།

ཁྱོད་ཀྱི་ཕ་མཐའ་མེད་པ་དེ།
བདག་གིས་ཚུར་ལ་བསུས།
ཁྱོད་ཀྱི་མུ་མཐའ་བྲལ་བ་དེ།
བདག་གིས་ཕར་ལ་བསྐྱལ།

སྒྱུ་མའི་རྩ་མདུད་ཐམས་ཅད།
འདི་ནས་གྲོལ་བུད་སོང་བས།
འཇིག་རྟེན་གྱི་སྒྲོག་ཚང་མའང་།
འདི་ལ་ཐོན་མ་ཐག་ཏུ་འཐོར་འགྲོའོ།།

བདག་གིས་ཁྱོད་ལ་སྦྱོང་བ་བྱས་པས།
འཁོར་བ་ཁབ་ཀྱི་རྩེ་མོ་ལ།
འདབ་མ་སྟོང་ལྡན་གྱི།
མེ་ཏོག་ཚེ་འབར་ཞིག་སྒྲོན་ཐུབ་སོང་།

སྒྲིབ་པ་ནི།
ལྕགས་མཁར་སྒོ་མེད་ཅིག་ཡིན་ཡང་།
ད་རེས་བདག་ནི་དེའི་ནང་ནས་ཡོངས་སུ་ཐར་ཏེ།
མཐའ་མེད་པ་ཞིག་ལ་སྙེག་དགོས་བྱུང་།

མཇུག་ཏུ་སླེབ་འགྲོ་ཐུབ་ས་ཞིག་ནི།
འདི་ན་ཡོད་མི་སྲིད།
མཇུག་ཏུ་སླེབ་འགྲོ་ཐུབ་ས་ཞིག་ཡོད་ན།
དེ་ནི་ཕ་ཡུལ་ཡིན་མི་སྲིད།

རིག་པ་ཧྲིལ་གྱིས་སྒྲིམ་པའི།
སྐད་ཅིག་མའི་ནང་དུ།
བདག་ནི་ཡི་རངས་དང་བཅས།
ཁྱོད་ཀྱི་རྗེས་སུ་ཡང་ཡང་འབྲངས་ཡོད།

ཕ་གི་ནི་མདུན་ན་ཡོད་པས།
ཅི་འདྲས་སྒྲོལ་དཀའ་བ་ལ།
མདུན་ནི་ཕ་གི་ན་ཡོད་པས།
ཅི་འདྲས་ཐག་རིང་བ་ལ།

ཆ་མེད་རྣམས་ངོ་ཤེས་པར་བྱའོ།།
ངོ་ཤེས་པ་རྣམས་ངོ་འཕྲོད་པར་བྱའོ།།

ཁྱོད་ནི་གཤེར་གཟུགས་མ་ཡིན།
ཁྱོད་ནི་སྔོན་པོའང་མ་ཡིན།
ཁྱོད་ནི་རྣམ་ཤེས་བསུ་ཐུབ་མཁན་གྱི།
ཕ་རོལ་དང་ཚུ་རོལ་ཡིན་འདུག

ཇི་སྲིད་དུ་ཉམས་པ་མེད་པའི།
ཕ་རོལ་དང་ཚུ་རོལ་ཡིན་འདུག

ཀྱེ། གཉིད་དུ་ཡུར་བའི་མིག་ཟུང་།
ཁྱེད་དང་མི་འབྲལ་བའི།
སྡེ་སྣོད་དང་བསྟན་བཅོས་ཤིག
ཡུལ་འདི་ག་ནས་རྙེད་ཡང་སྲིད།

ཚེ་རབས་ལས་ཀྱི་ཕྲེང་བ་ཀུན་ཏུ།
གཉིད་དུ་ཡུར་བའི་མིག་ཟུང་ཚང་མ།
ཡུལ་འདི་ག་ནས་མུ་ནས་མུར་སད་འགྲོའོ།།

 2018.7.30


                    གཉན་གྱི་བྱ་རྒོད།


 

རྨིད་ལྔ་སྟོང་གི་ས་ཆའི་གྲང་ངར་ནང་ནས།
ཨིགས་ལེན་མཁན་དེ།
གཞུང་ལ་འབབ་མི་སྲིད།

གཞུང་ནི་ཉོན་མོངས་པ་ཡིན་སྐད།
ཉ་ཉོག་དུ་འགྲོ་ཉེན་ཆེ་ཡེ།
འོ་ན་གཞིས་ནི་གང་དུ་ཡོད་ཅེས་ན།
བར་སྟོང་ཁོ་ནའི་ཡུལ་ན་ཡོད་འདུག་ཡེ།

ཉིན་རེ་རེར།
གངས་རིན་པོ་ཆེར་སྐོར་རེ་རེ་བརྒྱབ་པས།
ཉིན་རེ་རེར།
འོད་གསལ་གྱི་ལེའུ་རེ་རེ་གྲུབ།

འཇིག་རྟེན་གྱི་ཚིག་རྒྱན་དེ་དག་ལས།
ཆེས་མཛེས་པ་དེ།
སླར་ཡང་སྟེང་ལ་ཁྲིད་དགོས་བྱུང་།

སྟེང་ནི་བརྩན་དྲགས་པ་ལ།
བག་ཞི་ལྷོད་ཅིང་སེམས་པ་དལ།
སྟེང་ནི་མཛངས་དྲགས་པ་ལ།
རྡུལ་གྱིས་གོས་དཀའ་འོ།།

སྤྲུལ་བའི་རང་དབང་།
ཐེངས་སྟོང་ཕྲག་ལ་ཐོབ་པའི།
རྣམ་པར་ཤེས་པ་ཉིད་ལ།
གཟེབ་ཏུ་ཚུད་པའི་སྐྱོ་བ་མེད།

དངོས་པོའི་རྣོ་སྐུད་མཁྲེགས་པོ་དག
ཡང་ཡང་འཐག་རྗེས།
ཡང་། རང་དབང་རྙེད་བྱུང་།

                    ཨ་ནེ་དགའ་ལྡན་སྐྱིད།



ང་རང་ཆུང་དུས་སུ།
ངེད་ཀྱི་ཁྱིམ་མཚེས་ཡིན་པའི་ནག་མོ་དེ་ལ།
ངས་རྒྱུན་དུ་ཨ་ནེ་དགའ་ལྡན་སྐྱིད་ཅེས་བོས།

ཤ་ཁྲག་གི་འབྲེལ་བ་ཨེན་ཙམ་ཡང་མེད་པའི།
དགའ་ལྡན་སྐྱིད་ཀྱི་བྱམས་བརྩེ་ནི།
ངའི་གཉེན་ཉེ་ལྟ་བུར་གྱུར་བས་ཡིན་ནམ།
ནག་མོ་དེ་བགྲེས་དྲགས་ཀྱང་།
ངས་ནི་ནག་མོ་དེ་ལ།
ཨ་ནེ་དངོས་ཀྱི་འདུ་ཤེས་བཟུང་ཡོད།

མི་དཔེ་མེད་པ་ཡག་པོ་ཡོད་པའི།
ནག་མོ་དེས་ང་ལ་གནང་བ་ནི།
བྱམས་བརྩེ་ཡིན་ཤག་ཤག

ང་ཡི་ཉིན་རེ་ལ།
ཡི་གེ་རྩོམ་དུས།
དགའ་ལྡན་སྐྱིད་ནང་བཞིན།
བྱམས་བརྩེ་ལ་རྟག་ཏུ་གུས་པ་བྱས་ཡོད།

ད་ལྟ་ངའི་ཡུལ་བ་ན།
དགའ་ལྡན་སྐྱིད་ལྟ་བུ་ཤིན་ཏུ་དཀོན།
ཨ་ནེ་ཨ། ཁྱེད་དང་ཁྱེད་ལྟ་བུ་དག་གིས།
ང་ཡི་ཕྲ་ཕུང་ལ།
ཁ་རྗེ་དབང་ཐང་བསྩལ་མྱོང་།

ཁྱོད་ནི་བྱམས་བརྩེ་ཡིན་པས།
བདེ་སྐྱིད་ལས་ཀྱང་ནུས་སྟོབས་ཆེ།
ཁྱོད་ནི་བྱམས་བརྩེ་ཡིན་པས།
མགོ་ཁུངས་དངོས་ནི་དེ་ག་ན་ཡོད་འདུག


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།