དེ་ཁོ་ན་ཉིད་ཀྱི་གངས་རི
ཕྱེད་ཀ་ཉི་ནུབ་ལ་ཕྱོགས་ཀྱང་
ཕྱེད་ཀ་ང་ལ་དབང་བའི་གངས་རི
དངོས་ཡོད་ལས་རྣམ་པར་
རྒྱལ་བའི་གངས་རི
འཁྱོག་གཟུགས་ཀྱི་རྩ་དོན་
མཐའ་འཁོར་གྱི་ཡུལ་ལྗོངས་ལ་འདྲེས་པའི་གངས་རི
བྱས་པ་མི་རྟག་པའི་གནས་ལུགས་
བྲང་ཁོག་ལ་རུམ་པའི་གངས་རི
སྣང་བརྙན་གྱི་དཔེར་བརྗོད་
ལུང་སྐད་ཀྱིས་མཚོན་པའི་གངས་རི
རྒོད་འཕྲུ་དང་རྣོ་མིག་
ཐང་ལ་ལྷུང་མ་མྱོང་བའི་གངས་རི
ས་སྲོད་ཀྱི་མདངས་ལ་
འཁྲེན་པའི་གངས་རི
རང་བྱུང་གི་ཁྱད་མཚར་ལ་གཉེན་
བསྡེབས་པའི་གངས་རི
གསེར་ཡུམ་དང་གཡུང་དྲུང་གི་རྩིག་ལྡེབས་ཆེན་མོ
གངས་རི
སྐྱེ་རྒྱུད་ལ་དྲི་མ་མེད་པའི་
གངས་རི
འཇིག་རྟེན་ལ་ཞེད་སྣང་
བྲལ་བའི་གངས་རི
མགྲིན་པ་དག་སྣང་གི་བཅུད་ཀྱིས་
གཏམས་པའི་གངས་རི
བཀྲག་མདངས་དང་རྟོགས་བརྗོད་ལ་
རབ་ཁ་མེད་པའི་གངས་རི
དོན་ཟབ་མོའི་ཐིགས་པ་ལས་
གྲུབ་པའི་གངས་རི
བདེ་བ་ཆེན་པོས་རྟགས་དང་
རྒྱས་བཏབ་པའི་གངས་རི
བརྩེགས་མ་དང་
སྐུང་ཡིག་མང་བའི་གངས་རི
ཟུར་མ་ཆག་པའི་
གངས་རི
གདོད་མའི་ཁ་བཤད་ཚིག་ལ་
གནས་པའི་གངས་རི
མཚན་མོ་ཁོ་ནར་བསྐྱེད་རྫོགས་ལ་
གོམས་པའི་གངས་རི
བསྐལ་བའི་ཡར་སྔོན་གྱི་མི་ཕོའི་
སྐྱེས་ལྷ་གངས་རི
མྱ་ངན་མེད་པའི་སྒྲུང་དཀར་པོ་བཀླུབས་པའི་
གངས་རི
ཤུགས་བསྟན་དང་ཟབ་ཚད་ལ་
ལག་པས་མི་སྙོབ་པའི་གངས་རི
རྩེ་མོ་ལས་སྣང་བ་མཐོ་བའི་
གངས་རི
མཐོ་བ་གཞན་དྲིང་མི་
འཇོག་པའི་གངས་རི
རྣམ་འགྱུར་ཐོག་ལྟར་ཚ་བའི་
གངས་རི
དུས་གསུམ་ཁོར་མོ་ཡུག་ལ་
མདོག་དང་རྔམ་པས་འགྱིང་བའི་གངས་རི
སྲིད་པའི་བས་མཐའ་རུ་གཏོགས་པའི་
གངས་རི
བསྐལ་བའི་བར་དུ་དལ་ཅག་གེར་
གནས་ཐུབ་པའི་གངས་རི
ཉི་ཟླའི་པང་གི་གཙང་ཞིང་དཀར་བའི་ཁ་ཆད་
གངས་རི
སྒྱུ་ལས་དང་ཡིད་སྤྲུལ་ལྷོད་ལ་
བབ་པའི་གངས་རི
རང་གཤིས་དང་ང་རྒྱལ་ལྷང་ལ་
བུད་པའི་གངས་རི
གཟུངས་སུ་བདེན་རྫུན་གྱི་དབྱེ་བ་
བཞུགས་པའི་གངས་རི
གསང་བའི་ཞལ་ལྕེ་བདག་འཛིན་གྱིས་
ངར་བའི་གངས་རི
དུས་ཚོད་ཀྱི་ཕ་རོལ་ཏུ་ཕྱིན་པའི་
གངས་རི
ཤེས་པ་སྲ་ཞིང་མཁྲེགས་པའི་
གངས་རི
མཐོ་རིས་དང་རྩ་ལག་འབྱམས་
ཀླས་པའི་གངས་རི
རྩ་བ་རྡོ་རྗེ་གདན་ནས་ཡ་ཡོ་
མི་མཛད་པའི་གངས་རི
ཐུགས་དམ་ལ་གས་ཆག་མ་
སོང་བའི་གངས་རི
ངང་རྒྱུད་ཤིན་ཏུ་རིང་བའི་གངས་རི
༢༠༢༠/༡/༢༣
7
དིང་གླིང་། སེར་ལེགས་འཕྲིན་གྱི་གསར་བྲིས་སྙན་ངག་《མ་འགག་པའི་གླུ》ཞེས་པ།
རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ།
འབྲེལ་ཡོད་རྩོམ་ཡིག