སིལ་བུར་འཐོར་བའི་སྙན་ཚིག་བརྒྱ་རྩ་བརྒྱད། ནག་པོས་བརྩམས།

13868






པད་མ་ཆུ་ལས་སྐྱེས་པས
ཟླ་མཚན་གྱིས་གསང་བའི་ཁ་དོག་བསྒྱུར

མུན་པ་རྒྱབ་ཏུ་བཀླུབས་ཀྱང
ཞེད་སྣང་བཙལ་བས་མི་རྙེད

གངས་རི་གཙང་ཞིང་དཀར
དེ་ཡི་སྟེང་དུ་ཉི་མའི་རྔུལ་ཆུ་ལྷུང
༤ 
གྲིབ་མའི་ངུ་སྐད་གཉོམ་པོས
མི་ཕོ་ཁེར་ཧྲེང་ཞིག་འཁྲུལ་བའི་དོང་ལ་བཅུག

སྡོད་ཁང་གི་ཕྱི་ནང
གཟེབ་དྲས་དབང་དུ་བཟུང

རི་ཟོམ་ནས་རྙེད་པའི་གློ་གྲི
འཆི་བར་ཞེད་ཅིང་ཁྲག་ལ་སུན

གྲོང་ཁྱེར་ཟད་པོ་འདིའི་མཐའ་རུ
ལྕགས་རྗེན་པ་སྦྱངས་བརྡུངས་བྱས་པའི་གོ་རིམ་དྲན

བརྩེ་དུང་གིས་མྱོས་པའི་གར་མ
པད་མས་མྱོས་པའི་བུང་བ

བགྲང་མི་ཚར་བའི་ཚེ་འདིའི་རྨི་ལམ
ཆར་བ་ཟ་ཟི་ཞིག་གི་སྔུན་ནས་བོར
༡༠
སྲང་ལག་གྱ་གྱུའི་བར་གསེང་དུ
དབུགས་ལེན་དཀའ་བའི་གླེགས་བམ་ཞིག
༡༡
སྦྲའི་ཧྲག་བར་གྱི་སྨག་རུམ
བགྲེས་པོ་ཞིག་གི་ངོ་གདོང་ནས་འཚང་ཁ་བརྒྱབ
༡༢
ཟླ་བ་ཉ་གང་བའི་མཚན་མོར
ནམ་མཁའ་དུད་པའི་དབང་གིས་གཉིད་ལ་ཡུར
༡༣
རྩིས་འཁོར་སྟེང་གི་སྙན་ངག་འདི་དག
ཤ་ཁྲག་གིས་བཙོ་སྦྱང་བྱས་ཤིང་རྣམ་ཤེས་ཀྱིས་ལྷད་བཏོན
༡༤
ནགས་ཚུལ་སྟུག་པོའི་དཀྱིལ་དབུས་སུ
ཁ་ཕྱོགས་བོར་ཅིང་གླུ་སྐད་ཁེགས
༡༥
ལག་མཐིལ་གྱི་རི་མོ
སུ་ཞིག་གིས་བྲིས་པ་བཞིན་འཚོ་བ་ལྟར་གསལ
༡༦
རི་ཟོམ་ནས་མེ་སྟག་གཙུབས
བསང་དུད་ཞེ་སྡང་གིས་འཕྱུར
༡༧
ཁྲ་ཆིལ་དགུ་ཆིལ་གྱི་རྩྭ་ཟིལ་འདི་དག
གཡུ་བྱུར་གྱི་ཕྲེང་བ་བཞིན་བུ་མོའི་སྐེ་ལ་བསྐོན་དགོས
༡༨
སྨན་པའི་ཧེབ་ཆི་གཅིག་གིས
འགྲམ་གྱི་བེམ་པོ་གཉིད་ལས་བསླངས
༡༩
ཉིན་གང་བོར་རྨི་ལམ་རྨིས
མཚན་གང་བོར་རི་ལུང་བརྒལ
༢༠
ཚིག་དང་ཐ་སྙད་ཀྱི་ལག་པས
སྲིད་པའི་སྒོ་ང་བཅག
༢༡
གངས་རི་འདུ་ཚོགས་བརྒྱབ
མཚོ་མོའི་མངལ་གནས་ཁེགས
༢༢
སྐེ་ཡི་གཟི་ཁྲ
སྣ་སྦྲིད་ཡང་ཡང་གཏོང་བའི་ཚོང་པ་ཞིག་གིས་ཉོས
༢༣
དབུས་ལམ་གྱི་འགྲོ་རོགས་ཉལ་རོགས
འདི་ཕྱིའི་བག་མར་གྱུར
༢༤
དབྱངས་ཀྱིས་ངུད་མོ་འདེབས་པ་བཞིན
ངའི་ཨམ་ཅོག་གི་སྒོ་མོ་བརྡུངས
༢༥
ཁ་བ་ལེབ་མོ་རླུང་གིས་སྤུར
རང་དབང་ཡོད་པ་ནས་མེད་པར་གྱུར
༢༦
ཡོལ་བའི་རྒྱབ་ཀྱི་དམར་ཧྲེང་གི་བུ་མོ་དགོངས་དག
འཁོར་བ་ལོགས་སུ་བསྐྱུར་བའི་ཆོས་པ་དགོངས་དག
༢༧
བསྐལ་བའི་སྡིག་སྒྲིབ་ཀྱིས
མཐོན་པོའི་སྒང་ནས་ཅེར
༢༨
རྙེད་འོས་པའི་མི་ཚེའི་སྙིང་པོ
འཁོར་བའི་འདུ་བྲལ་ཡིན་ནམ
༢༩
འདོད་པའི་རྩེ་དགར་རྫོགས་མཐའ་བྲལ་བས
བདུད་རྩི་ཆང་གི་འཁྲུལ་ངོར་འཐམས
༣༠
པད་མ་ར་གས་ཁྱེད་རང་མཚོན་མི་ནུས་ཏེ
རོ་བརྒྱའི་སྙན་ཚིག་གིས་དེ་བས་ཀྱང་ངོ
༣༡
ཆུ་བོ་གངྒའི་འབྱམས་ཀླས་ཀྱིས་ངལ་བའི་ང་རང
ལུས་ངག་ཡིད་གསུམ་གྱི་ཚ་སྨུག་གིས་བཅུམས
༣༢
གངས་དང་ལྷགས་པས
ལུས་ཀྱི་རྨ་ཁ་བསུབས
༣༣
རྟ་ཕོས་གཙུབས་པའི་སྡུག་བསྔལ་གྱི་ས་རྡུལ་འདི་དག
འོན་ལྐུགས་ཀྱི་ཡུལ་ལུང་འདི་ནས་ས་བོན་བཞིན་འཕེལ
༣༤
དུས་ཚོད་ཀྱིས་རང་གི་སྨད་གཡོགས་ཕུད་པ་ན
སྐྱེ་བ་གསུམ་གྱི་བརྩེ་དུང་ཕུག་པའི་མངལ་སྒོར་འཚང
༣༥
བག་མེད་རྒྱས་སྤྲོས་ཀྱི་འཚོ་བ་འདི
མེད་མུག་གི་ཕག་ཏུ་སྦེད
༣༦
སྐབས་འགར་གཞས་ལ་ཉན་ནས་སེམས་ངལ་གསོས
སྐབས་འགར་རྒྱང་ལ་ཅེར་ནས་ཤུགས་རིང་འབྱིན
༣༧
འཇིག་རྟེན་ཇེ་ཡག་ཏུ་འགྲོ་བཞིན་པའི་སྣང་བས
གར་ཡོང་མི་ཤེས་པའི་ཤྭ་འོད་ཆེན་པོ་ཞིག་གི་མདུན་བསུས
༣༨
ཆུ་ཁར་གཡེང་བའི་ཚེས་རིས
མཚམས་མེད་པར་མིག་མཐར་ལྷུང
༣༩
གློག་ཞུ་མག་མོག་གི་མཛུབ་སྟོན་ལྟར
འདོད་པའི་སྒོ་དྲུང་དུ་ས་རུ་འགྱེལ
༤༠
རྡོ་མཁར་དེའི་བདག་མོ་ག་པར་ཡོད་དམ
དོན་ལྔ་སྣོད་དྲུག་དང་མཐའ་མའི་གསང་ཚིག་ག་པར་ཡོད
༤༡
ལྷོད་ལ་བབས་པའི་གར་སྟེགས་སྟེང་དུ
རང་གི་བྲང་ཁོག་བསྙབ་པའི་བྲོ་ཞིག་འཁྲབ
༤༢
རླུང་དམར་འུར་འུར་གྱིས་སྤང་རྩྭ་མེ་ལ་བསྒྲོན
ཁ་ལྕེ་འདར་འདར་གྱིས་མི་སེམས་གཡང་ལ་དྲུད
༤༣
རྩལ་གྱིས་རྫོགས་པའི་བྱ་བྱེའུ་དེ་དག
དུས་ཀྱི་ཆར་རླུང་གིས་ཁྱུར་མིད་བཏང
༤༤
ཁྲག་རྣག་གི་ཁུ་བ
འཆི་འཕོའི་སྐོམ་པ་སེལ་བྱེད་ཀྱི་ལེགས་སྐྱེས་མ་ཡིན་ནམ
༤༥
ནད་དེའི་མགོ་མ་ནོན་པར་སེམས་ཕངས་བར་གྱུར
ནམ་གུང་ཞིག་ལ་བྲེལ་འཚུབ་ཀྱིས་སྒོར་བུད
༤༦
ཁྱེད་ཀྱི་ན་ཆུང་བའི་གདོང་གི་དམར་མདངས་ཀྱིས
ངའི་ན་ཆུང་བའི་ནང་སེམས་ཡོངས་སུ་བརྐུས
༤༧
མགོ་ཐོག་གི་ཆར་ཤ་བརྗིད་པོ་འདི
བསམ་དབང་དྲན་དབང་མེད་པར་ཐོན་པ་འདི་མཚར་ཨང
༤༨
ནུབ་ཁའི་མཚམས་སྤྲིན་གྱིས
རེག་པས་ཟིན་མི་ཐུབ་པའི་ངོ་གདོང་ཞིག་བསྟན་ཡོང
༤༩
ཇག་ལ་སོང་བའི་མེས་པོར་ཕྱིར་འོང་མེད་པས
མེ་མདའ་ཟད་པོ་ཞིག་ངའི་ལུང་བསྟན་དུ་བབས
༥༠
གནམ་ཐང་གི་ཉེན་རྟོག་པས
ངའི་རྨི་ལམ་དུ་འཚིག་པ་ཟོས
༥༡
མཛེས་པའི་འོ་འཛིན་དང་བརླ
བརྩེ་བའི་སེམས་གསོ་དང་དྲོད
༥༢
མི་རྣམས་ཕྱོགས་གཅིག་ཏུ་བརྒྱུགས
བུས་པས་ཀྱང་དེ་ཡི་ཕྱོགས་སུ་ངུ་དངངས་བྱེད
༥༣
ཆང་ཁང་གི་བཟི་གཏམ་དང་དགོད་སྒྲ་དེ་དག
ལྷན་པ་བཞིན་མཚན་འདིའི་འགྲེལ་བཤད་ཀྱི་ངོ་བོར་འབྱར
༥༤
དུས་ཚོད་ཀྱི་ནང་སྙིང་སྔོག་འདོན་བྱེད
འཁྲུལ་བའི་བློ་སྐྱེད་ངོས་འཛིན་བྱེད
༥༥
བརྩེ་དུང་ནི་ཁ་པོ་ཞིག་ཡིན་འོས་ཏེ
དགའ་སྐྱོ་གང་རུང་གི་མིག་ཆུའི་རོ་ལྟར་ཁ་པོ་ཞིག་ཡིན་འོས
༥༦
བརླན་གྱིས་བཟུང་བའི་ཁང་མིག་འདི
ཅི་ཙམ་རྙིང་ན་དེ་ཙམ་གྱིས་སྐྲག་སྣང་ལྡན་པ་ཞིག
༥༧
སྟ་གྲི་རྟུལ་པོ་ཞིག
ཐོག་མ་ནས་མགོ་ཐོག་ཏུ་དཔྱངས་འདུག
༥༨
སྐྱེས་སྐར་གྱི་ཉིན་མོར་ཁེར་ལབ་བརྒྱབ
སྟོབས་ཤུགས་ཀྱིས་བཀང་བའི་ཉིན་མཚན་ལ་བཀའ་དྲིན་ཞུས
༥༩
བྱིས་སྒྲུང་གི་འོད་ཀྲིག་གེའི་ཚོར་རེག་སྟེང
མིག་ཏུ་འཕྱན་པའི་རྡུལ་ཚོགས་རེ་རེའང་བཀོད་ལེགས་ཀྱི་ཕོ་བྲང་ཞིག
༦༠
འགྲུབ་ཐབས་མེད་པའི་འཆར་གཞིའི་གྲལ་ཏུ
དེབ་རྟགས་མ་ལོན་པའི་སྙན་དེབ་ཅིག
༦༡
ལུས་པོ་འདི་སྲོ་མས་དབང་སྒྱུར་བྱས
སེམས་པ་འདིའང་ངན་འགྲོ་སུ་ཞིག་གི་མིག་གིས་འཚོས
༦༢
མེ་ལོང་ལ་གདོང་གཏད་ནས་ཕར་ལྟ་ཚུར་ལྟ་བྱས
མེ་ལོང་གིས་ཤ་ཚ་བའི་ངང་ཁྱེད་ལ་ཡག་དང་མི་ཡག་གསུངས
༦༣
ཤ་གཟན་རིགས་ཤིག་རྨི་ལམ་དུ་འཁོར
རིགས་སུ་གྱུར་བ་ལ་འཇིགས་སྣང་སྐྱེས
༦༤
གཟེབ་ནང་གི་འདབ་ཆགས
རང་དབང་ལ་མ་གོམས་པར་ཤི་བའི་གཏམ་ཐོས
༦༥
ཁྱུ་གཡག་ཅིག་གི་སྲེད་པའི་ངུར་སྒྲས
ང་ལ་ཚོད་ཚོད་དུ་བཟོད་མི་ཐུབ་པའི་ཟུག་གཟེར་ཞིག་བསླངས
༦༦
རླུང་གི་ལག་པས་སྟ་གྲི་ཞིག་འཕྱར་ནས
བདེ་བའི་དུས་ཀྱི་ཁོར་ཡུག་འཕྲོག་རྩིས་བྱས
༦༧
གངས་རིའི་ཁེར་རྐྱང་གི་ཟུག་རྔུས
ཤ་ཞེན་གྱི་རི་རབ་སྒུལ
༦༨
བཙན་ཤེད་ལ་རྒོལ་བའི་གཡག་རོག
བརྗིད་ཆགས་ཀྱི་རྫ་རི་ཞིག་ཏུ་གྱུར
༦༩
མི་ཞིག་གློ་བུར་ཡིད་ལ་འཁོར་བ་དང
མི་དེའི་ལེགས་ཉེས་བླང་དོར་ཡང་ཡིད་ལ་འཁོར
༧༠
ཉི་ཟླའི་མཐོ་ཚད་ཀྱི་སྣང་བས
ང་རང་གཏན་དུ་ནར་སོན་མེད་པ་ཤེས
༧༡
ལོ་ཟླའི་འཇིགས་ཉེན་གྱི་གྱང་གོག
དེས་བསྐྱངས་པའི་ཉེ་དུ་རྩ་ལག་གིས་བོར
༧༢
མཐའ་ཡས་པའི་རྩྭ་ཐང་དུ
མེས་པོས་ནམ་མཁར་ཅེར་ནས་མིག་ཆུ་བཏང
༧༣
རུས་རྡོ་དཀར་པོ་བོར་བའི་བོད
བསྔོ་ཡིག་ནག་པོ་ཉར་བའི་བོད
༧༤
ཡིད་དུ་བརྣགས་པ་ཡོད་ཚད་ཀྱི་ལམ་བུར
ཁྲག་མདོག་གི་མེ་ཏོག་བཞད
༧༥
ནམ་མཁའ་ནི་འཚབ་འཚུབ་ཀྱིས་སྨད་གོས་འཕུད་མ་ཐུབ་པར
གཅིན་པ་ཤོར་བའི་བུ་མོ་ཞིག་གི་གདོང་ལྟར་དམར
༧༦
གླག་རྒོད་ཅིག་གི་མཚན་མའི་ཤུགས་བསྟན་གྱིས
ནམ་མཁའི་སྤུ་གྲིར་གཤོག་ལྕག་བརྡེགས
༧༧
བརྩེ་དུངས་ཀྱིས་ངུས་པའི་མི་ཕོ་དེ
ངག་མི་འཁྲོལ་བའི་གངས་རི་ལྟར་རླུང་གིས་བསེད
༧༨
བོར་སྟོར་བྱུང་བའི་སེམས་ཀྱི་ཡུལ་ལྗོངས
ཉི་མའི་དཀར་ངོགས་སུ་རླངས་པ་བཞིན་ཡལ
༧༩
མགོ་ཐོག་གི་ཕོ་རོག
འཆི་བ་སླེབས་ཀྱང་ལྡིང་སྐོར་རྒྱག
༨༠
སྲེད་ཅིང་རྔམས་པའི་ཚིག་འབྲུ་ནད་པ་དེ་དག
ཇི་ལྟར་བཀླགས་ཀྱང་སྐོམ་པ་སེལ་མ་ནུས
༨༡
རིག་པའི་ཐག་པ་མེས་ཚིག
གདོང་གི་སེང་རས་འདྲེས་ཁྱེར
༨༢
ཚེར་མའི་ལམ་བུ་ག་ས་གང་དུ་བསྲིངས
མིག་ཆུ་རྡོག་གཅིག་རྦབ་རྡོ་བཞིན་དུ་འགྲིལ
༨༣
ཞག་གཅིག་གི་རྨི་ལམ་གཡར་ནས
ཕ་མར་སྐོར་བ་ལན་གཅིག་རྒྱག་དགོས་བསམ
༨༤
ཤུན་པ་བཤུས་མ་ཐག་པའི་ཁམ་བུ་ཞིག་ལས
དམར་གསོད་ཀྱི་གོ་རིམ་བསླབ་ཡོང
༨༥
རྒྱ་མཚོའི་གཏིང་གི་ནོར་བུ་ལ
ལོ་ཡུན་ཇི་ལྟར་ཐོགས་ཀྱང་ཕེབས་སྒུག་ཞུ་རྐྱང་ཡིན
༨༦
ལྟེམས་ལྟེམས་སུ་འཁྱིལ་བའི་ལྕགས་ཀྱི་ཕོར་བའི་ཚིལ་ཞག་གིས
ཆུང་མ་དང་བུ་མོས་གཡས་གཡོན་བསྐྱོར་ཡང་མགོ་ཡོམ་འཁོར
༨༧
ལྗོན་པའི་ཡན་ཡག་བཅད་པས
ས་གཞིའི་ཁྲག་རྩ་ཆད
༨༨
སྤྲིན་ནག་གི་ལག་པས
ཉི་མའི་འོད་ཟེར་བཅིལ
༨༩
སྐྱེ་བ་སྔོན་མའི་ཞིག་རལ་གྱི་སྡོད་ཁང
ད་ལྟའི་དུས་ཀྱི་ཁྲལ་པས་ཁྱེར
༩༠
མཐིང་སྨུག་སྦྲ་ཡི་ཨག་སྐད
རི་བོའི་སྟངས་སྟབས་ཀྱིས་ཕྱུང
༩༡
མི་རབས་གསུམ་གྱི་གདུང་བ
བྱེ་མ་སྤར་གང་བྱས་ནས་རླུང་ལ་སྤུར
༩༢
སྐད་ཆའི་གཏིང་གི་གཏེར་ཁ
ནར་ནར་ལྕེ་ཡིས་བསྔོག་གཏུབ་པ་ཞིག་ག་ལ་ཡིན
༩༣
འབྲོང་གཡག་འོབས་སུ་ལྷུང་བའི་དོད་ཀྱིས
སྤྱང་ཚོགས་དང་ལྦ་མོ་གམ་དུ་བཅར
༩༤
བཏུང་བའི་ཆུ་མྱགས་འདིས
ཟས་གསུད་ཅིང་ཕོ་བ་མི་བདེ་བ་བྱས
༩༥
འཁྲུལ་བའི་ཚིག་རྒྱན་ཆུ་བོའི་གཟུགས
རྨོངས་པའི་བུ་ཆུང་གང་དུ་འཁྲིད
༩༦
རྣམ་ཤེས་བཅུན་ནའང
ལུས་སེམས་ཀྲོག་ཀྲོག་བྱེད
༩༧
ཁྲབ་རྨོག་ཕུད་པ་དང
དཔའ་སྤོབས་ཡལ་བར་གྱུར
༩༨
དུད་པའི་གངས་སེང
འཁྲུལ་བའི་མི་ཡིས་གང་སར་དེད
༩༩
རྫ་ཆུ་བསིལ་མའི་ནང་དུ
བུ་མོ་ཞིག་གི་མིག་ཆུ་འཛུམ
༡༠༠
རྒས་ཤིང་འཁོགས་པའི་རི་ཟོམ་ནས
ཤྭ་བ་གཉིས་འགྲོ་མང་དུ་མཐོང
༡༠༡
སྐྱ་རེངས་འཁྱུག་པ་དང་ཉི་མ་ཤར
བདག་འཛིན་གྱི་སེམས་ཀྱང་གཉིད་ལས་སད
༡༠༢
ཁ་ཆད་ལྟར་འཛོམས་པའི་བྱ་རྒོད་དེ་དག
རི་ཟོམ་ནས་མར་བབས་ཤིང་ཤི་བོ་ཞིག་གི་སྔས་མགོར་འཚང
༡༠༣
མོ་ཊས་དྲུད་པའི་མི་ཚོགས་ཀྱིས་ཀུ་ཅོ་སྒྲོག
སྐད་རིགས་འདྲ་མིན་གྱིས་རྣ་གཟན་པ་བྱས
༡༠༤
ཚོར་བའི་མིག་ལམ་དུ
དཔེ་དང་སྣང་བ་གསེར་བཞིན་བཙགས
༡༠༥
མཚན་གྱི་རྒུན་ཆང་དམར་པོ
མཛེས་མའི་མཆུ་སྒྲོས་ལས་དམར
༡༠༦
སྙན་ངག་འབྲི་བ་ནི
གསོན་སྙིང་འབལ་བ་དང་མཚུངས
༡༠༧
མཐའ་དབུས་མེད་པའི་ཡིག་ཚོགས་ཀྱིས
གད་སྙིགས་ཕོན་པོའི་དཀྱིལ་དུ་བསམ་གཏན་སྒོམ
༡༠༨
ཕ་རོལ་གྱི་ཕ་རོལ་ལ་སྙན་ཚིག་བྲི
ཚུར་རོལ་གྱི་ཚུར་རོལ་ལ་གདོང་གཏུག་རྒྱག

༢༠༡༦/༡༢/༢༨


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།