གཡས་རུ་གཡོན་རུ།__ནག་པོ།

21252



  

               ཀ
 
ནམ་མཁའི་རུས་པ་དེ། རླུང་གི་སྤུ་གྲིས་ཀྱང་རྨུར་མ་ནུས།
ཡིན་ནའང་། ཉི་ཟླ་འཆིང་བྱེད་ཀྱི་གློག་གི་ཐགས་པ་དེ་ཆར་ཆུས་འཇིག
 
གཡུ་རལ་ཞེ་དྲག་ཡག་པའི་སེང་གེའི་སྐོར། བྱིས་པའི་ཀློག་དེབ་ཅིག་ནས་མཐོང་ནའང་།
དུས་ད་ལྟ་ཚང་ཚིང་ནགས་ཀྱི་འཇིག་རྟེན་མགོ་མཇུག་ལྡོག
 
               ཁ།
 
ཇུས་གཏོགས་ཅུང་ཙམ་མེད་པའི་མུན་ནག་གི་མཚན་མོར།
འབྱམས་ཀླས་པའི་སེམས་ཀྱི་ཞུ་ཚིག་མཐའ་དག དབྱིངས་ཀྱི་སྐར་ཚོགས་སུ་གྲུབ།
 
བློ་མི་བདེ་བ་ཞིག་ལ། སྒོ་དང་སྒེའུ་ཁུང་ལས་མཐོང་བའི་རུ་སྡེ་བ།
རང་བྱུང་ཁམས་ཀྱིས་བདག་གིར་བཟུང་ཚར།
 
ང་རང་གངས་རི་བཞིན་བརྟན་ཞིང་བརླིང་དགོས།
ས་རུབ་ཀྱང་། གཙང་པོ་བཞིན་ས་ཆེན་གྱི་བྲང་ཁོག་སོ་སོར་ལག་པས་བསྙབ་དགོས།
 
                ག
 
ཟླ་བ་རལ་བོས་ངལ་གསོ་བརྒྱབ་མི་འདུག
ཁང་པའི་ནང་རོལ་དུ། ཁྲག་རྣག་གི་གསེབ་ནས། ཡང་སྙིང་མ་བོས་འགྲོན་པོར་སྒུག་འདུག
 
                ང་།
 
སྐད་ཆ་སྣ་ཚོགས་ངའི་མགྲིན་པའི་སྦུབས་སུ་ལུས།
མི་ལོ་དུ་མའི་རྗེས་སུ། རླུང་དམར་འཚུབ་ཀྱིན་པའི་མཚན་མོ་ཞིག་ཉམས་སུ་མྱངས།
 
ཕྱོགས་བཞི་མཚམས་བརྒྱད་ཀྱི་གླུ་སྐད།
མཐོ་ས་ནས་དལ་མོར་འོངས་ཏེ། ཤ་ཁྲག་གི་རི་རབ་སྒུལ།
 
རྟོག་བཏགས་ཀྱི་མུན་པ་སྒུལ།
རྟ་ཕོ་དཀར་པོ་ཞིག གཡས་ཉལ་གཡོན་ལོག་བྱས་མཐར་གློག་དམར་བཞིན་འཁྱུག་ནའང་།
 
བསྐྱར་བཟློས་ཀྱི་བློ་མིག
དུས་ཚོད་ཀྱི་ཉིན་སྲིབ་བར་ནས་གློ་རྡེག་ཏུ་ལྡོངས་པར་གྱུར།
 
                  ཅ།
 
སྤྲིན་ཕུང་གི་གཞི་རུ། སྤྲིན་པ་གཞན་ཞིག་གིས།
སྔོ་བསངས་ཀྱི་ནམ་མཁའ་དེ་བསྐྱུར་ནས། ཆར་ལྭ་བརྗིད་པོ་ཞིག་གྱོན།

                  ཆ།
 
ཡུལ་ལུང་དང་འབྲེལ་བའི་གདུང་སེམས་ཀྱི་ཚིག་འབྲུ་དེ་དག
སེམས་པའི་གཏིང་དུ་བཙལ་ན་རྙེད་རྒྱུ་ཞིག་ཡོད་དམ།
 
ངའི་ལྕེ་སྟེང་གི་རོ་འདི་དག བདག་པོ་མེད་པའི་ལུག་ཁྱུ་བཞིན།
སེམས་ཚོར་ཇི་སྙེད་ཅིག་གི་རྗེས་སུ་བྲེལ་བྲེལ་འཚབ་འཚུབ་ངང་གང་འདབས་སུ་ཞོགས།

                   ཇ།
 
འཆི་བའི་མདུན་དུ་ཁེར་རྐྱང་གི་གཞས་ཤིག་བཏང་།
བསྲན་ཡང་ཤོར་བའི་མིག་ཆུ་དེ་མཚོ་མོ་བཞིན་བསྐྱིལ།
 
                  ཉ།
 
ལག་དམར་ཡིན་ཟེར་མཁན་དེ་གང་དུ་ཕྱིན་སོང་།
མིད་པའི་སྦུབས་ཀྱི་སྐད་ཆ་བཤད་འཕྲོ་དེ། དྲོད་ཀྱིས་གཏམས་ཡོད་དམ།
 
གནམ་ས་དཀྲུག་དཀྲུག་བྱས་རྗེས་ཀྱི། འདུ་འཛིའི་གཞི་རུ།
གཟུ་མིག་དགུ་བ་ཞིག་སྦལ་ལྕོང་བཞིན་དུ་འགུལ།
 
                  ཏ།
 
མུན་པ་མི་གསལ་བ་དེའི་ཕ་རོལ་ཏུ། གཙང་པོ་མུ་ནས་མུ་རུ་བསྲིངས
གཡས་རུའི་བུད་མེད་ཅིག་གི་སྙིང་མགོར་ན་ཟུག་ཕྲན་ཙམ་སྐྱེས།
ཟླ་བ་སྤྲིན་པའི་ཕག་ཏུ་ཡིབ།
མོས་མཆུ་སྒྲོས་འདར་འདར་གྱིས་བརྩེ་གཞས་ཤིག་བཏང་།
 
ལག་པས་རེག་ཐབས་མེད་པའི་རྨ་ཁ་འདི།
བདེ་ལྕག་འཁྱུག་པོས། མཆོང་ལྡིང་བྱེད་དོན་ག་རེ་ཡིན་ནམ།
 
                ཐ།
 
མཐོང་ལམ་དུ། མཐའ་ཟེར་བའི་རྒྱང་རིང་གི་ཚོར་བ་དེས།
ང་རང་ཁེར་རྐྱང་ལ་སྐྲག་པའི་རླུང་ཡན་ཞིག་ཏུ་བསྒྱུར།
 
ལྗོན་པའི་རྩེ་ལ་འཁྱུད།
གངས་རིའི་རྩེ་ནས་འཁྱུག
 
པོ་ཏ་ལའི་རྒྱ་ཕིབས་ཀྱི་བཀྲགས་མདངས་དེས། ངས་རྨི་ལམ་ཞིག་དྲན།
མིག་ཆུ་ལྗིད་པོ་ཤོར།
 
སྨུག་པ་ཀྱ་ཀྱུའི་གསེབ་ནས་ཀི་རིང་ཞིག་བཏབ།
ཚོར་བ་དེ་དམར་པོ་མེ་འདྲ། ཡིན་ནའང། མུན་པ་གཞོབ་དཀའ།
 
             ད།
 
དུས་ཚོད་ཀྱིས་བསུབས་པའི་མིའི་སྡུག་བསྔལ་གྱི་མཚལ་ཐིག
མཚེར་ས་གང་ཞིག་ཏུ། དགྲ་གཤེད་སུ་ཞིག་གིས་སྤྲིན་པ་བཞིན་དྲུད་ཡོང་།
 
               ན།
 
ཉི་ཟླའི་ཁ་སྤྲོད་ཀྱིམགོ་བོ་བསྒུར་ཏེ། ངག་མི་སྨྲ་བའི།
གཏིང་ཟབ་པའི་མཚོ་མོ་འདི། རྟོག་བཏགས་ཤིག་ཡིན་ནམ།
 
མཚན་མོའི་དུས་སུ།
འཕྲོག་རེས་རྒྱག་གིན་པའི་མིག་ཆུའི་འདོད་ཡོན་འདི་རྟོག་བཏགས་ཤིག་ཡིན་ནམ།
 
སྡེ་མགོའི་སྲང་ལག་ཅིག་ནས། ང་སྡེ་མཐའི་གཤེད་མ་ཞིག་ལ།
གློ་རྡེག་ཏུ་ཞེད་སྣང་སྐྱེས།
 
           པ།
 
གངས་རི་ཞུ་རྗེས། རྒས་ཤིང་འཁོག་པའི་ས་གཞི།
རི་དྭགས་དང་སྨན་རྩྭའི་རླབས་ཀྱིས་གང་སར་དེད།
 
དཀར་པོའམ་ནག་པོ། ཁ་དོག་གང་རུང་ཡིན་འོས་པའི་ཕྱེ་མ་ལེབ་ཅིག
མགོ་ཐོག་ཏུ་ཡང་ཡང་འཁྱུག་སྟེ་མེད་པར་གྱུར།
 
ངུ་སྐད་ཀྱིས་སྒུལ་བའི་རྒྱུ་སྐར་གྱི་ཚོགས་ཀྱང་།
ནམ་མཁའི་ངོས་སུ་བོར་སྟོར་བྱུང་།
 
རྩ་ཆེ་ཤོས་དེ།
རྙེད་དཀའ།
 
ལག་པས་བསྙབ་ན་རྨི་ལམ་འདིའི་ལུས་པོ་རེག་ཐུབ་བམ།
གྲིབ་མ་ཡིན་ཡང་ཆོག
 
སྐྱ་རེངས་འཁྱུག་དུསཡིད་མི་ཚིམས་པ་ནི།
ད་དུང་ཡང་མཚན་མོ་འདི་ལས་ཐེངས་གཅིག་བརྒལ་དགོས་འདུག
 
            ཕ།
 
ཁྱི་རྒན་རྒྱ་བོས། བཙན་ཚུགས་ཀྱིས་མུན་པ་འདི་བཅིལ་རྗེས།
ངས་འོད་ཀྱི་ཕུང་བོ་འགྲེ་ལོག་རྒྱག་སའི་ཐང་རྙིང་ཞིག་དྲན་འོངས།
 
དེའི་སྟེང་དུ་འབྲོ་བཟའ་ཁྲི་མ་ལོད་བཞེངས་འདུག
མངའ་ཐང་རྒྱ་ཆེ།
 
ལོ་རྒྱུས་ཀྱིས་བཏོན་པའི་དྲི་བ་ནི།
དམིགས་ས་གཞན་ཞིག་ཏུ་གཡོ་འགུལ་བྱེད།
 
ཁྱེད་རང་དལ་མོར་གཤིན་པོའི་ཚོགས་སུ་བཅར་ན།
སང་ཉིན་ང་ཚོས་ཅི་བྱེད།
 
           བ།
 
ཤ་ཁྲག་འདྲེས་དཀའ་བར་སླེབས་དུས།
ངས་ང་རང་ངོ་མི་ཤེས།
 
         མ།
 
རྡུལ་དང་ལྷགས་པས་ལྡག་པའི་གདོང་དེ།
སྣང་བའི་རྦ་རླབས་ཀྱིས་སྒུལ་བའི། བརྩེ་དུང་རེད་སྙམ།
 
ཡལ་གྱིན་པའི་འཛུམ་ཀོང་།
ལག་པ་དྲོན་མོས་བྱིལ་བྱིལ་བྱས་ཀྱང་། དར་བཞིན་སྲ་ཞིང་འཐས།
 
ཟས་བཅུད་ཀྱིས་ཀོ་གྱོང་བཞིན་མཉེས་པའི་ལུས་པོ་འདི
ལོ་ཟླའི་ཁུར་གྱིས་དུད།
 
             ཙ།
 
མཚན་ལམ་གསུམ་གྱི་གནས་ཚང་།
སྙིམ་པའི་རྒུན་ཆང་འདིས་གཞལ་དགོས།
 
གྲིབ་མ་མ་ཡིན་པའི་མི་བུ་དེ་ལ།
རང་ཉིད་ཟེར་བ་དེ་གླེང་ཐབས་བྱ་དགོས།
 
             ཚ།
 
ཕྱོགས་སོ་སོ་ནས་འདུས་པའི་རྩིས་འཁོར་གྱི་ཀླད་པས།
ཁྱེད་རང་རྒྱུ་ནོར་གྱིས་གཏམས་པའི། འདོད་པའི་ལྷ་མོ་ཞིག་ཏུ་ངོས་འཛིན་བྱས།
 
ཤ་ཆང་། ལྕེ་སྟེང་གི་ཚ་བ། མུན་པ་གས་པའི་ང་རོ།
གྲང་རླུང་དལ་གྱིས་ལྡང་ཡོང་། ཁྱེད་ཀྱི་ཉམས་སྣང་ཁྲོད། ཧི་མ་ལ་ཡ་ཇེ་དམའ་རུ་ཕྱིན།
 
རི་རྩེ་དེ་རུ།
ཁྱེད་ལ་གཉིད་ལྕོག་ཕྲན་ཙམ་བརྒྱབ།
 
            ཛ།
 
གཡོན་རུའི་ཁ་གཏད་དུ། བློ་རྣལ་མོས་རྦབ་རྡོ་བཞིན་འགྲིལ་ཡོང་བའི།
གཏམ་ཡན་ཁ་ཤས་ལ་གསན་ཙམ་བྱས།
 
དེ་ནས་ཕར་སོང་བ་དང་།
འཁོར་བ་འདི་ཇི་ལྟར་གྲུབ་པ་དང་ཇི་ལྟར་འཇིག་པའི་སྐོར་ནས་ཁ་ཏ་ཕྲན་ཙམ་བྱས།
 
འདི་ནི་གཉིད་མ་སད་ཀྱི་དུས་ཚོད་ཅིག་ཡིན་པ་འདྲ་སྟེ།
རྨི་ལམ་ལས་སྣང་བ་དག་མངོན་སུམ་དུ་མཐོང་ཡོང་།
 
དགུན་གྱི་བདག་པོར་དགའ་བ་ཇི་བཞིན།
ངའང་ཉིན་གུང་གི་བར་གསེང་དེ་ལ་ཤིན་ཏུ་དགའ་བར་གྱུར།
 
               ཝ།
 
ང་རང་རྨོངས་པར་བྱེད་པའི་ཚིག་ཚོགས་ལྗིད་པོ་དེས།
མཐའ་འཁོར་གྱི་སྤྲོ་བ་ཡོངས་སུ་མནན་རྗེས། སྣང་བ་སུན་པོ་ཞིག་བྱུང་།
 
ཡོལ་བའི་ངོས་ཀྱི་རུས་པ་དཀར་སེང་ངེར་ལྷང་ལ་བུད་པ་དེའང་།
ཚོར་བ་ལྗིད་པོ་ཞིག སྡུག་བསྔལ་གྱི་མཐའ་ཤན་ཞིག
 
ངའི་ཉིན་མཚན་ཀུན་ཏུ། འཚོ་བ་ཟེར་བའི་སྒྲོམ་འདིས་གྱོན་གོས་ཧྲལ་ཧྲུལ་གྱོན།
ཕ་གིའི་གཙང་པོ་བཞིན་ཀུ་ཅོ་སྒྲོག
 
             ཞ།
 
ཁྱེད་ཀྱི་ངག་འཇམ་པོས། ནད་ཀྱིས་མནར་བའི་ང་རང་བོས།
ང་སྨྲ་བ་མེད་པར་མིག་ཟུང་བཙུམ།
 
མིག་ཆུ་འཁྱག་པ་འགའ་མཁུར་མགོ་ནས་ལྷུང་།
ཕོ་ལོ་སུམ་ཅུ་བརྒལ་དུས་ཀྱི་གཉེན་ཚན་གྲོགས་པོ་དྲན།
 
ཁེར་རྐྱང་དུ་ལུས་པའི་རྒྱབ་ཀྱི་ཉི་མ།
སྐྱེ་བ་སྔ་ཕྱིའི་གོ་རིམ་ལྟར། མུ་ནས་མུ་རུ་འཕགས།
 
གློ་བུར་རྣ་ལམ་དུ་མགུར་མ་ཞིག་འཁོར།
མི་ལ་རས་པ། ནམ་རྒྱུན་ལྟར་གྲང་གི་ཡོད་དམ།
 
            ཟ།
 
ལྕེ་སྟེང་དུ་འཁྱིལ་བའི་ཁ་བའི་རོས།
དགུ་གསུམ་པའི་ཀླད་སྙིང་ཁྲག་རྩ་གས།
 
ངའི་ལྕེ་སྟེང་གི་ཁ་བང་ཚོ་དང་ཉེ་བར་ཅི་ལྟར་བཅར་རུང་།
ནང་ལས་ཙག་ཙིག་གི་བར་ནས་མེད་འགྲོ།
 
ལེབ་མོ་གཅིག་གི་ངོས་གཉིས་ནས།
ཉིན་སྲིབ་གཉིས་ཀྱི་གདུང་བ་ལྕི།
 
          འ།
 
སླེབས་མ་ཐག་པའི་ཚེ་སྲོག་ཆུང་ཆུང་དེས། རླུང་དམར་ནང་བཞིན།
ངའི་འཁྲིས་སུ་འོངས་ཏེ་རྩྭ་ཐང་ཁོད་ཡངས་པ་ཞིག་ལ་འཁྲིད་རོགས་ཟེར།
 
                ཡ།
 
རྒྱབ་གཞུང་དུ་ན་ཟུག་འཚང་ཁ་ཤིག་ཤིག་བྱེད་པ་དེ།
མོ་ཊ་གཏོང་སྐབསཞེ་རྩ་འཁྲུགས་པས་ཡིན་ནམ།
 
གནས་འདིའི་འཕེལ་འགྱུར་ལ་རྣམ་ཤེས་གཡེང་བས་ཡིན་ནམ།
བརྩེ་དུང་གིས་འགྲོ་ལམ་མ་རྙེད་པས་ཡིན་ནམ།
 
                 ར།
 
མི་ཚོགས་དང་གྱེས་པའི་ལྐོག་ཇུས། པང་ལེབ་སྟེང་ཐེངས་མང་བྲིས་ཀྱང་།
ཡིད་སེམས་མ་སྐྱིད་པའི་དུས་ཤིག་ལ་མིག་ཆུ་རྡོག་གཅིག་དང་ལྷན་དུ་ཕྱིས།
 
དུས་ཚོད་ཀྱི་དོན་སྙིང།
བསྐལ་བའི་བར་དུ་ཁྱེད་རང་ལ་འཆད་པ་དང་ཉན་པ་དེ་ཡིན་པས།
དགའ་སྐྱོ་གཉིས་འདྲེས་ཀྱི་འཚོ་བ་འདིར།
སྔར་བས་དུངས་བ་ཞིག་སྐྱེས། ཆར་བ་བཞིན་མཚམས་མེད།
མི་ལོ་དུ་མའི་རྗེས་སུ། ཁྲ་ཁྲ་རིག་རིག་གིས།
ལྐོག་ཇུས་གཞན་ཞིག་བཤམ་ཡང་སྲིད།
 
           ལ།
 
ཉི་མ་འཆར་ཚུལ་ཡག སྐད་ཅིག་མར་མཐོང་ཐུབ་ཀྱང་།
ཡོལ་བ་ནག་པོ་ཞིག་གིས་ཡོངས་སུ་བཏུམས་ཚར།
 
གཡས་རུ་གཡོན་རུའི་སྣང་བའི་རྩེད་མོར།
ངས་ཧྲིག་གེར་བལྟས་ཀྱང་དམུས་ལོང་ཉིད་དང་ཁྱད་པར་ཅི།
 
             ཤ
 
རེའུ་མིག་གི་མདུན་དུངས་ཅི་མི་སྙམ་པར་ལས་རྒྱུ་འབྲས་དྲན་འོངས།
ཤ་ཁྲག་རུལ་བཞིན་པའི་དྲིས། མིའི་ཕོ་བ་རུལ་བའང་ཚོར་ཐུབ་ཀྱིན་འདུག་སྟེ།
 
མུན་ནག་གི་ཁ་དོག་ཅི་ཞིག་ཡིན་པ།
འཆི་འཕོའི་ལམ་པས་ཀྱང་ལབ་མ་སོང་།
 
སེམས་ཅན་རི་རབ། འཁོར་བའི་ངོ་བོ། འདོད་པའི་རྡུལ་ཕྲན།
ངའང་དེའི་མཚོན་བྱེད་དུ་གྱུར།
 
           ས།
 
མིག་ཆུས་བཞུས་པའི། ཁྲ་ཆིལ་དགུ་ཆིལ་གྱི་སྙན་ངག
ཕ་རོལ་བོའི་ལུས་སྟེང་དུ་ཆར་བ་བཞིན་བབས།
 
              ཧ།
 
མིག་གིས་བལྟས་པ་ཙམ་གྱིས། བཟོད་སྲན་དཀའ།
དགུ་ཚིགས་ཀྱི་བར་སྟོང་ནི་དྲོད་སྣང་བོར་བའི་རྨི་ལམ་འཁྱག་པ་ཞིག་ཡིན་ནམ།
 
སྡོད་ཁང་ལས་ཕྱིར་བུད་དེ་མཐོང་ཐུབ་པ་ནི།
རྒྱུ་སྤུན་ཚགས་དམ་པའི་སྐར་མ་ཁྲག་ཁྲིག་དུ་མ་མ་ཡིན་པར། དེ་དག་ཤི་རྗེས་ཀྱི་གྲིབ་མ་རེད།
 
དངོས་ནས་བཟོད་སྲན་བྱེད་དཀའ་སྟེ།
རྒྱུན་རིང་བའི་ཉམས་སྣང་འདིའི་ཁྲོད་དུ། འོད་དཔག་མེད་ཀྱང་ཡིད་ལ་དྲན།
 
            ཨ།
 
སྣང་བའི་རི་མོ།
གཅེར་བུར་མངོན་པའི་ལུས། བྱ་རྒོད་ཀྱིས་བལྡད།
 
བར་དོ་ནས་ངལ་གསོ་ཕྲན་ཙམ་རྒྱག་དགོས་ཟེར་བའི་བདག་མེད་ཀྱི་སྐྱེ་བོས།
སྒོ་མོ་མང་པོའི་རྒྱབ་ཏུ་རང་ཉིད་བཙལ་ནས་རྙེད།
 
                          ༢༠༡༨/༡༠/༡༢
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།