སེར་ལེགས་འཕྲིན་གྱི་2019ལོའི་གསར་བྲིས་སྙན་ངག་བདམས་བཀོད།

40744



       ཤིན་ཏུ་ཚ་བའི་ཨ་ལན།



ཞོགས་པ་ཞིག་ལ་ཁ་ཚར་གསོལ་བས།
རིགས་རུས་འཁྲིད་དམ་སྣང་བ་གསོ།
སྒྲོན་མེ་ཞིག་ལ་གསང་གཏམ་གློད་པས།
དམྱལ་བའི་གློག་ཞགས་དཀྲིའམ།
སྤྲུལ་བའི་ཟོ་ཆུན་བཟློག
དཔྲལ་བའི་རང་དབང་སྲུང་ངམ།
རྐང་བས་སྨག་རིམ་འཐག
ཇི་ལྟར་གོ་འཕངས་བརྩད་དེ་མ་བརྙེས་པའི།
བདེན་པའི་ལས་ལ་ཡ་ཡོ་མེད་པ་དེས།
སྲོག་གི་རླུང་རྟ་བསྐྱེད་དམ།
མིག་གི་འཁྱག་པ་སེལ།
དུས་མཐའི་སྤྲང་བོ་ཚིག་གི་འགྲོ་རོགས་འོག
འཁོར་བའི་བདེ་སྡུག་མིག་གིས་ཉན་པའི་སྒྲས།
ཚེ་ལ་ཡལ་ག་འདོགས་སམ།
སྒྲུང་ལ་གྲིབ་མ་བཟོ།
བླ་ན་མེད་པའི་རྟོགས་བརྗོད་ཀྱི་ནགས་ཀློང་།
ཆོག་ཤེས་མེད་པའི་རྩ་ཉོན་གྱིས་གཏམས།
འཆི་འཕོའི་ལམ་ཕྲན།
ཕར་འགྲོ་ཚུར་ཡོང་གི་རུ་བ་བུ་ཡུག་བཞིན་འཚུབ།
འཚོ་བའི་ལུད་པ།
བཟོ་ལྟ་དང་བཅོས་ཐབས་མེད་པའི་ཆིག་ལབ་ཀྱིས་བསྒྲིལ།


                    2019/9/22



             མུན་པ།


སེམས་ནི་ཆུ་བཞིན་བཞུར་བ།
ལམ་ལམ་འབར་བའི་སྒྲ་དེས་མི་ཚུགས།
ལག་པའི་རྩ་རྒྱུས་གློད་དེ་གངས་དང་བྱེ་མ་སྡོམ་ནི་མི་ཐུབ།
གཏན་བདེ་ངེས་མེད་ལས་རླུང་ཆ་མེད་མདུན་གྱི་ལམ་ཕྲན།
འཚང་ཁས་གཏོར་བ་ཞེན་ཆགས་ང་རས་མྱོང་དགོས་ཨེ་ཡོད།
དོན་གྱི་གནམ་འཕང་གཅོད་པའི་མདའ་མོ་རྟག་འཛིན་རྙི་ལ་ཐོགས་སོང་།
ད་ལྟའི་དུས་ཀྱི་སྙིང་བོ་ང་ཡི་སེམས་ཀྱི་དེ་མིན་ཁྱོད་ཀྱི་ལག་གི་འདི་མིན།
སྟོན་འདི་ཀུ་ཅོས་བདས་ཏེ་ཕུགས་ཀྱི་ལོ་ལེགས་གཏོང་དགོས།
དུས་གསུམ་བློ་ལ་ཤོང་ཡང་སྨྲ་ལྕེ་ཐག་པས་མདུད་པ།
ཚིག་གི་ཕད་གོག་འདི་ཡི་ནང་ན་ཁྱོད་དང་འབྲེལ་བ་ཅི་ཞིག་ཡོད་དམ།
སེམས་ཁམས་མཚོན་པའི་མགྲོན་པོ་དག་ནི་རྒས་འཁོགས་ཞྭ་མོའི་འོག་ཏུ་ལུས།
སྐྱེ་འགྲོ་ཀུན་ཀྱང་སྐྱིད་པའི་ཟོལ་དུ་འཁོར་བའི་བ་མོ་མིག་གིས་གྱོན།
སྐྱིད་སྡུག་ཉམས་པའི་ཕ་སའི་ལག་མཐིལ་བྲོ་བ་བོར་བའི་རས་ལྷན་ཅིག
ལུས་སེམས་གཉིས་ཀྱི་བར་དུ་ལྷག་པའི་མུན་པའི་ལྕེ་དང་བྱ་བྱེད་འབྲི།

                         2019/9/27


         འགྲེལ་མི་ཆགས་པ་ཞིག


 
བཀྲེས་སྐོམ་གྱི་མིག་གིས་མ་སྨིན་པའི་དུས་ཚོད་ལ་ཉན།
ཚ་མུག་གིས་རི་དྭགས་ཀྱི་པགས་པ་མ་གདུང་བར་ཤེས་པ་རྙིད།
རྟ་ཁ་དཀྱོགས་ཏེ་སྡུག་ལ་གཟུར་ཐུབ་བམ།
མི་ཚེ་ཕྱེད་ལ་གངས་རི་བསྟད་ཅིང་།
མི་ཚེ་ཕྱེད་ལ་འཐག་ལས་བྱེད་པའི་ཨ་ཅེ།
ད་ནི་མི་རྟག་པའི་རྒྱན་ཆ་ས་ལ་འབོག་རན།
མིག་འདི་སུའི་རེད།
ཕ་སའི་འགྲམ་གྱི་ལང་མ་གོག་གི་ཆུ་དེའི་ཨེ་རེད།
ཁྲག་འདི་སུའི་རེད།
གྲིག་མའི་ཕག་གི་གཉིད་མ་སད་ཀྱི་དཔེ་དེའི་ཨེ་རེད།
གནས་སྐབས་ཙམ་ལ།
རང་མགོ་རྨོངས་བྱེད་ཀྱི་བྱེ་མར་མངོན་བརྗོད་མེད།
སྡོད་ཁང་གི་དཀར་རྩི་དག་པས་ལན་ནམ།
ལྟར་སྣང་གི་བཟི་ལ་དྭངས་རྒྱུ་མི་འདུག
མི་ཡུལ་ནས་ལས་བཅོས་མ་ཞིག་བསྒྲུབས་པས་ཡིན་ནམ།
རི་དྭགས་སྐྱོ་གླུ་འཇགས་རྒྱུ་མི་འདུག

              2019/10/2


           མངོན་སུམ།


  ལག་པའི་མཐིལ་གྱི་འཕྲུལ་སྣང་ཉུང་ཙམ་སྤྱད་དེ།      
འདོད་ལྷའི་མེ་ཁ་གསོས་ཀྱང་།
ལུས་པོ་སྔར་བཞིན་ཁང་བརྩེགས་ཀྱི་གྲིབ་མ་བརྗིད་པོས་མར་མནན།
སྲིད་གསུམ་སྒྱུ་མའི་ནགས་ཚལ།
མིག་བཙུམས་ཏེ་གཤོག་ལྕག་གཅིག་གིས་གཞལ་ཐུབ།
ཡིད་ཀྱི་གངས་རི་བླ་ནས་བླ་རུ་འཕགས་ཏེ།
དེའི་རྩེ་མོ་མི་མཇེད་ཞིང་ལ་བསྙེགས་ཀྱང་།
མངོན་སུམ་གྱི་སླ་ངའི་ནང་གི་ང་རང་།
ཅི་འདྲའི་ཉམ་རེ་ཆུང་ཨང་།

           2019/10/11
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།