བོད་ལྗོངས་ཀྱི་ན་གཞོན་སྙན་ངག་པའི་ཆེད་སྒྲིག(ཕྱི་དུམ)

34239


ངེད་དྲ་བས་ད་ལོའི་ལོ་སྨད་ནས་བོད་ཁམས་ཀྱི་ས་ཁུལ་སོ་སོའི་ན་གཞོན་རྩོམ་པ་པོ་དག་གི་སྙན་ངག་ལེགས་འདེམ་ཐོག་མུ་འགོད་ཆེད་སྒྲིག་གཉེར་རྒྱུའི་གཏན་ཁེལ་བྱུང་ཞིང་། ཐོག་མར་དབུས་ཕྱོགས་ཀྱི་ན་གཞོན་སྙན་ངག་པ་བཅུ་དགུའི་སྙན་ངག་བདམས་ནས་ཆེད་སྒྲིག་བཟོས་ཡོད། དབུས་ཀྱི་ན་གཞོན་ཚོའི་ཕ་སྐད་རྩོམ་ཡིག་གི་ས་ལམ་སྔར་ལས་ཡངས་ཤིང་གསར་རྩོམ་གྱི་འཕྲིན་ལས་ཕྱོགས་བཅུར་རྒྱས་པའི་སྨོན་ལམ་བཏབ་པ་ཡིན། གདན་ཞུས་རོགས་དན་གནང་མཁན་ཆོས་འཕེལ་ལའང་སྐུ་དྲིན་ཞུའོ།།


                 ཕྱི་དུམ།



འཕན་ཕྲུག་ཆོས་འཕེལ། དབུས་ཀྱི་འཕན་པོར་སྐྱེས། ད་ལྟ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་བོད་ཡིག་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།


ཕུ་མདའ་མེད་པའི་གཙང་པོའི་གཞུང་དུ།




གཙང་པོའི་ཉེ་སར་གཏུགས་ནས་རྒྱང་རིང་ས་ཞིག་ལ་བལྟ་དུས།
རི་བོའི་རྩེ་ལ་སྤྲིན་དཀར་པོ་ཞོ་བཞིན་ཆགས།
གནམ་སྔོན་མོ་དར་བཞིན་བརྐྱངས།
ཉི་འོད་ཀྱི་ལག་པ་ཆུ་བོའི་སྐྲ་ལོར་རེག་མཚམས་ཆད་ནས།
ཕ་རོལ་གྱི་འཇིག་རྟེན་དུ་བཞུད་རྗེས།
གཉིད་ཅོག་གིས་བཟི་བའི་ལྕང་ལོ་དག་ཀྱང་རླུང་བུ་ལྡོམ་པོ་དེ་དག་དང་ལྷན་དུ་འདར་ཤིག་ཤིག

གསེར་བྱ་ངང་པ་གཉིས་ཀྱིས་གཙང་པོ་བརྒལ་ཚུལ་ལ་ཁུ་སིམ་མེར་མིག་ཟུང་ཅེར།
ཕྱེ་མ་ལེབ་མང་པོ་མེ་ཏོག་གི་འདབ་མའི་སྟེང་ནས་ཕར་བྲེལ་ཚུར་བྲེལ་ངང་རང་གི་འཇིག་རྟེན་འཚོལ་བར་ལྡོག་རྗེས།
ད་གཟོད་ང་ལ་རྒྱང་རིང་དང་ལྷོད་བག་གི་མཛེས་རྟོག་སེམས་རྩར་སྦྲུམ།

འདུ་རྒོད་ལ་མཚམས་ཚིགས་མེད་པའི་གྲོང་ཁྱེར་དེ་ནས།
ངས་རྒྱང་རིང་ལ་ལྷོད་བག་གི་བལྟ་བ་ཤིན་ཏུ་ཉུང་།
ཡང་ན། འཇིག་རྟེན་འདི་ནས་རིང་དུ་མ་གྱེས་པའི་སྔ་རོལ་དང་ཕྱི་མ་གང་ལ་ཡང་།
ལྷུན་ཆགས་ཀྱི་ཁམས་སུ་རྒྱང་བལྟ་ཙམ་ཡང་མ་བྱས་ཚེ།
ཁྱོད་ཀྱི་དབང་ཤེས་ལ་འགྱོད་གདུང་གི་དགོངས་སེལ་ཡང་ཡང་ཞུ་དགོས་པ་འདྲ།

བལྟ་གིན་བལྟ་གིན་དུ། མུན་པའི་ཡོལ་བ་རིམ་པར་གཏན།
འཛིན་དཀའ་བའི་སྐར་མའི་ལུག་ཁྱུ་ག་ལེར་ནམ་མཁའི་ཐང་དུ་གྲམ།
ཡུན་རིང་གཡེང་བའི་སེམས་པ་ཡང་གློ་བུར་སད་ཡོང་དུས།
གཙང་པོ་ལྷིང་འཇགས་ཀྱི་བཞུར་འགྲོ།
ཟླ་བ་ལྷིང་འཇགས་ཀྱི་ཚེས་འགྲོ།

རང་གི་གྲིབ་གཟུགས་རྡོག་པས་རྫི་ཞོར།
སྙན་ངག་ཅིག་ངག་ལས་ཤོར་དུས།
ཕ་ཡུལ་དང་སྙིང་ཉེ་དྲན་པ་རེ་ཞིག་བརྗེད་སོང་། རེ་ཞིག་བརྗེད་སོང་།

2019/7/24ལ་བྲིས།
2019/7/28ལ་བཅོས།

བྱང་རིགས་སྐལ་རྡོར། ཕ་ཡུལ་ནག་ཆུ། ད་ལྟ་བོད་ལྗོངས་སློབ་ཆེན་དུ་ཤེས་རམས་པའི་སློབ་གཉེར་ལ་འབད་ཀྱིན་ཡོད།


        ཉི་མའི་པང་གི་ཕྱི་དྲོ།


 མི་རྣམས་ཀྱིས་ཚལ་གྲི་དང་སྟ་རེ་ཁྱེར་ནས།
མདུན་ལམ་གྱི་ལམ་ཡིག་འཚོལ།
སྨན་ཁང་མང་པོའི་ཁ་ནས་ཐར་བའི་འཆི་བ་ཞིག
གྲོང་མཐའི་མི་ཚོགས་ལ་གཡོལ་ཐབས་ཀྱིས།
རང་གིས་རང་ལ་ནད་དུག་གི་ཁབ་རྩེ་འཛུགས་ཀྱིན་མཆིས།

སྐྲ་ལོ་དུང་ལས་དཀར་བའི་རྒན་པོ་ཚོས།
རང་གི་ཚ་བོ་ཚ་མོ་ལ་ཆུ་དང་ཆར་བའི་བདུད་རྩི་བླུད་ཀྱིན་འདུག
གནམ་སའི་བར་ནས།
ཁེར་རྐྱང་གི་ཆུང་མ་རྣམས་ཀྱིས་ལས་དབང་གི་ལྕི་བའམ་རིལ་མ།
སེམས་པའི་ཁམས་སུ་བསྡུ་གསོག་རྒྱག་བཞིན་མཆིས།
ཁ་ངོ་མི་གསལ་བའི་བྱིས་པ་ཞིག
ཁྭ་ཏ་ནག་པོ་ཞིག་ལ་བཞོན་ཏེ།
སྐྱིད་ཆུའི་བཞུར་རྒྱུན་ལ་དེད་ནས་འགྲོ།

ལྷག་མའི་སྐྱེ་འགྲོ་རྣམས།
བདེ་སྡུག་གི་ཆགས་སྡང་བོར་ནས།
ཉི་མའི་པང་དུ་ཆང་ཕོར་ཞབས་དག་རྒྱག་གིན་འདུག

                     

གཙང་དཀར། མིང་དངོས་བསོད་ནམས་བཀྲ་ཤིས་ཞེས་འབོད་ཅིང་། ནག་ཆུ་གཉན་རོང་རྫོང་ཁོངས་ཀྱི་འབྲོག་སྡེར་སྐྱེས། ༢༠༡༧ལོར་བོད་ལྗོངས་སློབ་ཆེན་ནས་དངོས་གཞིའི་སློབ་མཐར་ཕྱིན་ཏེ་ད་ལྟའི་བར་དུ་ལྷ་ས་སློབ་འབྲིང་དུ་བྱ་བ་གཉེར་མུས་ཡིན།


       སྤྱི་ཟླ་དགུ་པ།


སྤྱི་ཟླ་དགུ་པའི་བར་སྣང་ན་ཐག་རིང་དུ་འཕྱན་བཞིན་པའི་གཤོག་སྒྲ་ཡོད།
སྤྱི་ཟླ་དགུ་བའི་ས་གཞི་རུ་ཐག་རིང་ནས་འཐོར་བཞིན་པའི་མཆི་མ་ཡོད།

གྲོགས་པོ། སྤྱི་ཟླ་དགུ་པར་གཞན་གྱི་དུར་ས་རུ་མཆི་ཐིགས་ལྷུང་དོན་མེད།
དུར་ཁྲོད་འདབས་རོལ་ན་རུས་ཆག་གིས་གང་ཚུལ་ཀུན་གྱིས་བཟློ་བཞིན་འདུག

སྐྱེ་འགྲོའི་ཕ་མ་རྣམས་ཐང་ཆེན་མི་འདྲ་བ་བརྒྱ་དང་བརྒྱད་ལ་འདུས།
གཉེན་ཉེ་སྙིང་དམར་ཀུན་གྱིས་ཟས་ཆང་སྣ་ཁ་བརྒྱ་དང་བརྒྱད་ཙམ་བཏེགས།
ད་དུང་སྔར་འདྲིས་ཕྱི་རྒྱུས་མི་ཆེ་བའི་མི་ཚོགས་ཀྱིས་ཀྱང་གླུ་བླངས་ཏེ།
ཟླ་དགུ་པའི་མཆི་ཐིགས་བརྒྱ་དང་བརྒྱད་དེ་འཇིག་རྟེན་ལ་གསང་སྟེ་སྦས་སོང་།

ཆུ་བོ་རྒྱབ་ཆད་དག་རི་ལིའི་འཁོར་སྒྲོམ་གྱི་ཕྱི་ནས་ཕྱི་རུ་གསེག་སོང་།
རི་བོ་འཇིང་ཡོན་དག་གནམ་གྲུའི་གཤོག་རྩེས་དམའ་ནས་དམའ་རུ་བདས་སོང་།

ཁྱོད་ཀྱིས་མཐོང་བཞིན་པའི་སྤྲིན་གྱི་རྒྱ་མཚོའི་ལྟོངས་སུ།
བདག་གི་རྣམ་པར་ཤེས་པ་ལ་དམེ་གྲིབ་ཕོག་པའི་གཟུགས་བརྙན་ཡོད།
ཁྱོད་ཀྱིས་ཐོས་བཞིན་པའི་ལྕགས་ཀྱི་འཁོར་ལོའི་སེང་སྒྲ་ལ།
བདག་གི་རྣམ་པར་ཤེས་པ་ལ་དུག་ཁུ་འདྲེན་བཞིན་པའི་ཆོ་ངེ་ཡོད།

ལ་ནས་སྤྱི་ཟླ་དགུ་པ་ནི་ཁྱོད་ཀྱི་རྨི་ལམ་གྱིས་ཁྱོད་ཉིད་བསླུ་ཚུལ་ཞིག་མིན་ན།
རང་གི་གྲིབ་རྩེད་ཁོ་ནར་བརྟེན་ཏེ་མཐའ་མེད་པའི་མུན་པ་འཁྱོལ་ཐབས་བྱ་དགོས།

                ༢༠༡༩-༩-༡ པེ་ཅིང་ཁྲོ་ཡངས་ཆུས།

གཙང་སྒྲ་སྙན། ཕ་ཡུལ་གཙང་རྟ་ནག མིང་དངོས་ལ་གྲགས་པ་རུ་འབོད། 2016ལོར་བོད་ལྗོངས་སློབ་ཆེན་ནས་སློབ་མཐར་ཕྱིན་ཞིང་ད་ལྟ་མངའ་རིས་ས་ཁུལ་གྱི་གཞི་རིམ་ཞིག་ན། ལས་བྱེད་དཀྱུས་མ་ཞིག་གི་ལས་གནས་ཐོག རང་གི་འཚོ་ཚིས་ཀྱི་ཆེད་དུ་འབད་བཞིན་ཡོད།


     དྲན་འཆར་ཉམས་སྣང་མ།


 
འཛོམས་ཆིངས་སྒུག་པའི་ཉི་མ་རིང་སྣང་ཞིག །
ཚེ་ཡི་ཉི་མར་སྤྲིན་པའི་བར་ཆད་མང་། །
བརྟེན་དང་གཏད་ས་མེད་པའི་ས་མཐའི་བུའི། །
ནམ་མཐའི་སྐར་མར་སྐྱེལ་མའི་མིག་ཟུང་གྲུང་། །
དྲན་ཚད་ཉེ་བར་འཚོ་ན་མིག་ཆུ་འཐོར། །
དྲན་རྟེན་རྒྱང་དུ་ལུས་པས་སེམས་པ་སྐྱོ། །
ས་མཐའ་བྱང་སྟོད་ཕྱོགས་ཀྱི་འབྲོག་ཐང་ནས། །
དྲན་སེམས་སྐད་ལ་བསྐུར་ཡང་ཡིག་ལན་དཀོན། །
ཚོར་བའི་རྟ་རྒོད་དྲན་པའི་གཞུང་ན་འདུར། །
ཁྱེད་ཀྱི་བག་ཆགས་སེམས་པའི་རྟིང་ན་འཕྱོ། །
སེམས་པའི་མེ་ཏོག་ལམ་གྱི་བར་ནས་སྐམ། །
ལོ་ཟླའི་ཆག་གྲུམ་སེམས་པའི་ཞབས་ན་ལུས། །
རྣམ་རྟོག་སེམས་ཀྱི་འཆར་སྒོ་རྒོད་ལྟར་ལྡིང་། །
མ་ངེས་འཚོ་བའི་སྐྱིད་སྡུག་རྨི་ལམ་བཞིན། །
ས་མཐའ་བྱང་སྟོད་ཕྱོགས་ཀྱི་འབྲོག་ཐང་ནས། །
སྐྱིད་མ་སྡུག་གི་འཚོ་བར་བསུན་ཚད་རེད། །
ཤེལ་སྒོའི་དྲ་བ་བཅད་དེ་རྒྱང་ལ་ཅེར། །
མྱ་ངམ་ཐང་སྟོང་དག་ན་རྡུལ་འཚུབ་ལྡིང་། །
དྲན་སེམས་ཡུལ་ལ་འདུར་བའི་ཉིན་མཚན་འོག །
སེམས་པ་ཆུ་ལྟར་འཁྱགས་པའི་ནམ་ཟླ་རིང་། །
དྲན་པ་རྒྱང་ལ་འཕུར་བའི་ཉིན་མཚན་རིང་། །
ཚོར་བ་རྦ་རླབས་བཞིན་དུ་འཕྱུར་ཐེངས་རེར། །
ནས་ཆང་བཏུང་ཁ་མེད་ཀྱང་ཨུ་ཚུགས་ཀྱིས། །
ཚོར་བ་མངར་སྐྱུར་མང་པོ་དམར་གསོད་བྱས། །
འཇག་སྐྱས་ཤུགས་གླུ་གྱེར་བའི་རི་སྒང་ནས། །
མིག་ཟུང་རང་ཡུལ་ཕྱོགས་ལ་ཐེངས་མང་འཁྲེང་། །
སྤྲིན་ཚོམས་རླུང་གིས་འཚོ་བའི་ནམ་མཐའ་ནས། །
དུས་བྱའི་ཚོགས་རྣམས་མོན་ལ་འདབ་གཤོག་བརྐྱངས། །
མགོ་ཐོག་ནམ་མཁར་སྤྲིན་པའི་བང་རིམ་བརྩེགས། །
ཤོད་ལ་ལྷུང་བའི་གྲིབ་རིས་མག་མོག་རྒྱུ། །
འུར་འུར་དགུན་རླུང་ངར་མའི་རེག་བྱ་རྩུབ། །
རྒྱུས་མེད་གཞན་གྱི་ལུང་པ་གོམས་འདྲིས་དཀའ། །


འདྲེ་མེ། དངོས་མིང་ལ་བསོད་ནམས་ལེགས་བཤད། ༡༩༩༩ལོར་གཙང་འུ་ཡུག་གི་རི་གྲོང་ཞིག་ཏུ་སྐྱེས་ཤིང་། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་ཡོད་དོ། །


        མཚན་ཉིད་འཇོག་ཚུལ།


 ཁྱེད་ནི་ས་གཞིའི་དབུས་ནས་ཧྲིལ་ལེར་སྒྲུག་པའི།
མྱ་ངན་གྱི་གཟི་མིག་དགུ་པའོ། །
གངས་རིའི་ལོགས་སུ་བརྐོས་ཤིང་ཟུབ་པའི།
ན་ཟུག་གི་དྲི་མའི་མེ་ཏོག་གོ །

ཁྱེད་ནི་གཙང་པོའི་བྲང་གཞུང་ལ་འཁྱུད་པའི།
མི་ཁོམ་པའི་ཆུ་ཡི་གཉེར་མ་བཞིན།
ཕྱེད་ཀ་ནི་གསང་བའི་དུས་ཚིགས་ལ་བཏབ་པའི།
མཛེས་སྡུག་གི་བྱེ་མའི་ཕོ་བྲང་ངོ་།།

མཚན་མའི་ཕྱེད་ཀ་ཁྱེད་ཀྱིས་གཏུབ།
སྟོན་ཀའི་ལོ་ཏོག་གི་ཕྱེད་ཀ་ཁྱེད་ཀྱིས་བཅོམ།
ཟིལ་པ་དཀར་པོའི་གཤོག་པ་ནས།
གཤོག་པ་གཞན་ཞིག་སྐྱེས་ཏེ་ག་ལེར་འཕུར།

                         ༢༠༡༨ ༡༢ ༢༢


ཁྱུང་སྒྲིག དངོས་མིང་ལ་སྤེན་པ་ཚེ་རིང་དུ་འབོད། 1996ལོར་གཞིས་རྩེའི་གམ་པ་རྫོང་དུ་སྐྱེས། ད་བར་མི་སྡུག་པའི་ཐ་སྙད་དག་སྡོང་གྲོགས་སུ་བརྟེན་ནས་འཇིག་རྟེན་འདིའི་ཚེར་ཐགས་ལ་རྒོལ་བཞིན་ཡོད། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་མིང་ཙམ་འཛིན་པའི་ཁུལ་ཡིན།


           ལྷ་ས།


 
སྙན་ཞུ་འབུལ་མི་དགོས་པའི་མཚན་མོའི་འཁོར་བ་རུ།
ལོ་ཟླའི་དར་རྒུད་ཀྱི་ལྷུ་ལག་སེམས་འགྱུས་འཚེམ་དུས།
ལྷ་ས་ནི་སེམས་འགྱུ་རྐང་ཆག་མ་ཞིག་གི་ལག་མཁར་དེ་ཡིན།

ལོ་ཚིགས་རྙིང་པ་དག་གིས་དྲུད་པའི་ལྷ་སའི་ཕྱི་ནང་།
དུས་ཚོད་ཀྱི་ཁོང་དུ་རྒས་ཟིན་པའི་ཉིན་ཐོའི་གཉེར་རིས་བཞིན།
ནམ་ཞིག་ལ ཁེར་རྐྱང་ངང་རྣམ་རྟོག་གི་གཤོག་ཡ་ལས་ལྷུང་འགྲོ།

རྡོ་རིང་གི་རྒྱ་ཁྱོན་ངོས་སུ་ཆིངས་ཡིག་འཇོག་མཁན་གྱི་ང་ཡི་མེས་པོ།
པོ་ཏ་ལའི་རྡོ་ཐེམ་སྟེང་དུ་མགུར་གླུ་ལེན་མཁན་གྱི་ཚངས་དབྱངས་རྒྱ་མཚོ།
བར་སྐོར་གྱི་སྲང་ལམ་ནས་ལྷིང་འཇགས་འཚོལ་མཁན་གྱི་སྨག་གི་འདྲེན་པོ།
དེ་དག་ཡོད་ཚད ལྷ་སའི་མུན་པར་འཁྱུད་པའི་འོད་ཀྱི་རྨུ་ཐག་དང་ཧ་ཅང་འདྲ་ཨང་།

རུས་མཛོད་ཀྱི་དཀར་ཆག་ལས་ཡང་མེས་ཀྱི་མགོ་ཁུངས་འཚོལ་མཁན།
རྡོ་ཧྲུག་སྦར་མོ་གང་སེམས་པར་བླུགས་ནས་སྐྱིད་ཆུའི་རབ་ཁ་རྒལ་མཁན།
རྡོ་སྦར་མོ་གང དཀར་ཆག་སེམས་གང བརྩེ་བ་གནམ་གང་།

གྱང་རོ་འགར་ཆགས་པའི་འཁྲེང་སེམས་ཀྱི་མིག་ཆུ་ས་རུ་འཁྱིལ་སོང་།
བྱིས་བློའི་སེང་རས་ཀྱིས་བཏུམས་པའི་སྤུ་གྲིའི་སོ་ཁ་ཆར་པས་བརླན་སོང་།
ངའི་སྐྱིད་སྡུག་གི་སྟེར་དུ་འདུར་བའི་སྒྲུང་མཁན་གྱི་སྨྲ་སྒོ་རྨང་ནས་འགགས་སོང་།
ལྷ་ས་ཡ ངའི་རྣམ་པར་མི་དག་པའི་མཚན་གཞིའི་སྡུག་ཡུས་དག་སུ་ལ་ཤོད་ཨང་།

མི་རབས་ཤིག་གི་ལོག་མལ་དང་འདྲ་བའི་འོད་ཀྱི་གུར་ཁང་།
གཏམ་རྒྱུད་ཀྱི་མཇུག་བྱང་ནང་ལྷུངས་བའི་མཚན་ཉིད་ཀྱི་མུན་པར་ལྕེབས།
ཡིག་དྲུག་གི་འོད་ལས་བཞད་པའི་མཐར་ཐུག་གི་མཛེས་པ།
གངས་ཀྱི་སྨྲ་ལྕེ་རླུང་ལ་བསྐུར་བའི་མི་རབས་འདིའི་རྐང་འོག་ཏུ་ནུབ།
ལྷ་ས། ལྷ་ས།
མདོར་དྲིལ་ན་ཆག་འཇིག་གི་ཁོང་དུ་ལུས་པའི་སྒྱུ་རྩལ་གྱི་བསྐྱར་མཚོན་ཞིག་ཡིན།

དུ་དྲེག་གི་ནང་ནས་བླངས་པའི་ལྷ་སའི་བླ་གཡུ།
གླེགས་བམ་གྱི་ནང་ནས་བཅུས་པའི་ལྷ་སའི་མིག་ཆུ།
ལྷ་ས བླ་གཡུ་དང་མིག་ཆུ་དག་ངལ་དུབ་དང་ཚ་ཟེར་ལ་བསྐྱུར་དགོས་དོན་ཅི།
ཁྱོད་ནི་ཐ་སྙད་ཀྱི་རྒྱབ་རི་བརྟན་པོ་ཞིག་ཡིན་མི་ཟེར་རམ།
ཁྱོད་ནི་རྟེན་འབྲེལ་གྱི་ཕ་ས་མཛེས་པོ་ཞིག་ཡིན་མི་ཟེར་རམ།
ལྷ་ས། ལྷ་ས་ཨང་།

ལྷ་ས་ནི་དུས་ཚོད་ཀྱི་རུམ་ཁོང་དུ་སྐྱོ་སྣང་ངང་སྦས་པའི་གབ་ལན་དེ་ཡིན།
ལྷ་ས་ནི་ལོ་ཟླའི་གསུམ་མདོ་རུ་ཁེར་རྐྱང་ངང་ལུས་པའི་གྲིབ་གཟུགས་དེ་ཡིན།
ལྷ་ས། ལྷ་ས།
ཁྱོད་ཡང་སྙིང་ལྗིད་ཏིག་ཏིག་ངང་སུ་ཞིག་གི་པང་དུ་གཉིད །

ལུང་འབྲོག་རིན་ཆེན་རྒྱལ། བཞད་མཐོང་སྨོན་རྫོང་གི་ལུང་འབྲོག་ཅེས་པའི་འབྲོག་སྡེ་ཆུང་ཆུང་ཞིག་ནས་ལྟེ་ཁྲག་འཕོས་ཤིང་། སྤྱི་ལོ་༢༠༡༦ལོར་བོད་ལྗོངས་སློབ་ཆེན་ཁྲིམས་ལུགས་ཆེད་ལས་དངོས་གཞིའི་སློབ་གནས་འཐོབ། ད་ལྟ་གཙང་པ་སྣམ་དུ་གཞི་རིམ་གྱི་ལས་ཀ་སྒྲུབ་བཞིན་ཡོད། ༢༠༡༧ལོར་ལུའུ་ཞུན་རྩོམ་རིག་སློབ་གྲྭའི་སྐབས་ཉེར་དགུ་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས་མྱོང་།


        ལྷ་སའི་ཁ་བ།



                 ༡
ཨ་མའི་བྱམས་བརྩེ་ཡིས་འགོས་པའི།
གྲོགས་པོའི་ལྷག་བསམ་གྱིས་བཏེགས་པའི།
ལྷ་སའི་ཁ་བ།
འོད་ཀྱི་སྣེ་མོ་ལ་མཐུད་པའི་སེམས་ཀྱི་འཇུ་ཐག
               ༢
ལྷ་སའི་ཁ་བ།
ལ་མོའི་རྒྱབ་མདུན་ལ་བསམ་གཞིག་གི་སྦར་མོ་བགྲད་དུས།
ཕོ་བྲང་དམར་པོའི་ཕྱི་ནང་།
སྤྲིན་དཀར་གྱིས་དགུང་ལ་བཏེགས་ནས།
དྲན་པས་མ་སྙོབ། སེམས་པས་མ་སྙོབ།
དབྱངས་གསལ་གྱི་རོལ་ཆ།
ཁ་བ་བབས་ཚུལ་ལ་ཐིམ་ཟིན།
ངག་གིས་མ་རྙེད། ཡིད་ཀྱིས་མ་རྙེད།
ཁ་སང་ཁ་བ་བཞིན་བབས་ཡོང་བའི་མེས་པོ་ཚོ།
རུས་སྒྲོམ་གྲིབ་མས་བཞུར་ནས་སྐྱ་ཁྲོམ་ཁྲོམ།
མིག་གིས་མ་མཐོང་། རྣ་བས་མ་ཐོས།
ལྷ་སའི་ཁ་བ།
ཞོགས་པའི་ཉི་འོད་ཀྱི་གྲིབ་མར་འཁྱུད་དེ།
ས་ཆེན་གྱི་བྲང་ཁར་ནེམ་གྱིས་བབས་ཚེ།
ལོ་ཟླའི་གཤོག་པ་ལ་དཔའ་དར་གྱི་དུར་ས་བཏབ་པའི་ང་ཚོ།
དྲན་པའི་ངོ་གདོང་ལ་ཕྱིས་དར་ཡང་ཡང་བྱེད་དགོས་ཨང་།
གངས་རིའི་ནམ་མཁའ་ལ་གླག་གི་སྡེར་རྗེས་ཕབ་པའི་མཐོ་སྒང་།
རྟ་གོང་ནས་ལུད་པའི་ཁྲབ་རྨོག་གི་རྨིག་སྒྲ་ཉན་གྱིན་ཉན་གྱིན་གྱེར་དགོས་ཨང་།
                   ༣
ལྷ་སའི་ཁ་བ།
སྙན་ངག་པ་སྨྲེང་བུས་གྱེར་བའི་རོལ་དབྱངས་རེད།
༼ཁ་བ་ལོས་དྲན། རང་གི་ཕ་ས་རེད༽
ཚིག་རེད། དོན་རེད། དབྱངས་རེད། གདངས་ཀྱང་རེད།
ཕ་ཡུལ་གྱི་དྲན་པ་འཁུར་བའི་ཕོ་ཉ་རེད།
ལྷ་སའི་ཁ་བ།
གྲོགས་ཞིག་གིས་སྐྱིད་ཆུའི་རབ་ཁ་ནས་མཐོང་དུས།
སྐུ་མཁར་མ་རུ་ནས་དབྱངས་གསལ་གྱི་རུས་པ་འཐོར་བྱུང་ཟེར།
                 ༤
ལྷ་སའི་ཁ་བ།
གཡག་རོག་གི་རྭ་རྩེ་ན་གྱོན་པའི་ཉི་མ་དང་ཟླ་བ་རེད།
འོད་ཀྱི་རལ་གྲིས་ངའི་རུས་རྐང་དུམ་བུར་བྱས།
ལྷ་སའི་ཁ་བ།
ཟླ་བ་སྒྲོལ་མས་བསྙལ་བའི་ལོ་ཆང་ཁམས་པ་རེད།
སྐྲ་རྩེ་ནས་རྐང་མཐིལ་བར་གྱོན་ཐེངས་རེ་རེར།
ངའི་མིག་ཟུང་གི་མཆི་མ་ཡང་བཟི་ལ་ཁད།
                  ༥
ལྷ་སའི་ཁ་བ།
དྲན་པ་ཆག་རོ་ཞིག་གི་སྔས་མགོ་རུ།
ཁྱོད་ཀྱིས་རྨི་ལམ་རྨིས་དུས།
ནམ་མཁའ་སྟོང་པ་རེད།
ཉི་འོད་ནག་པོ་རེད།
དེ་བས།
སེམས་པ་ཁ་འདར་ཤོར། ཁོག་འདར་རྒྱབ།


དངོས་མིང་ཚེ་བརྟན་རྒྱལ་པོ། ཕ་ཡུལ། ཤངས་རྣམ་པར་རྒྱལ་བའི་གླིང་།

        གཡག་གུ་རོག་པོ།


 ས་མཐར་འཁྱམས་པའི་ཡུལ་གྱི་བུ་ཕྲུག ། 
ཨ་མ་འདྲ་བའི་ཁྱེད་ཀྱི་པང་ཁར། །
སླེབས་མ་ཉིད་དུ་སྐྱོ་སྡུག་ཡོད་ཚད། །
རང་བཞིན་གྱིས་ནི་ཡལ་བར་གྱུར་འགྲོ། །

དོ་ནུབ་ཁྱེད་ཀྱི་བྲང་ཁ་དྲོན་མོར། །
ཡུན་རིང་གཏོར་བའི་བདག་གི་རྨི་ལམ། །
མི་མ་འདྲེ་ཡི་དཀྲོག་མཁན་མེད་པར། །
ཡར་བསྐྱར་ལན་གཅིག་རྨི་བར་རེ་བའོ། །

ས་འདི་ལྷ་ས་སྙིང་གི་ཕྱི་ཤུན། །
དབྲལ་ནས་བལྟས་ན་བོད་པ་མཐོང་ཡོང་། །
སྙིང་རིལ་ཆུང་ངུ་འཁྱོར་བ་གང་ལ། །
རིགས་དྲུག་ཀུན་གྱི་གནས་མལ་བཅས་ཡོད། །

རྩམ་བུ།དངོས་མིང་ལ་འཆི་མེད་སྐལ་བཟང་དུ་འབོད།ལ་སྟོད་དིང་རིའི་ཞིང་གྲོང་ཞིག་ཏུ་ལྟེ་ཁྲག་འཐོར།ད་ཆ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་དངོས་གཞི་ཐོན་ལ་ཁད་ཡིན།



       ཡར་ཀླུང་གཞུང་གི་བུ་མོ།


 
གཙང་པོའི་ཕ་རོལ་ན་ཁྱོད་ཀྱི་བྱིས་དུས་ཡོད།
ང་དེ་རིང་ཁྱོད་ཀྱི་རྨི་ལམ་དཀྲོག་བཞིན་ཡོད།
ཡང་ན། དེ་རིང་ཁྱོད་ནི་ངའི་རྨི་ལམ་གྱི་མགྲོན་པོ་ཡིན།

ཉི་འོད་འཚེར་འཚེར་ཁྲོད་ནས། རྒྱང་རིང་གི་སྨིག་རྒྱུ་མཐོང་ཐབས་མེད།
ཟླ་དྲུག་པའི་ཆར་པ་ཟམ་ཟིམ་ཁྲོད་ནས།
ཡང་ན་སྨུག་ཞགས་ལང་ལོང་ཁྲོད་ཀྱི་ཡར་ཀླུང་གི་གྲོང་ཚོ་དེ་ནས།
ངས་ཁྱོད་ཀྱི་བཞིན་རས་མཇལ་ཐབས་མེད།

མིག་ཟུང་སྨིག་རྒྱུས་འགྲིབ་ཀྱང་།
ཞེ་སེམས་ཁྱོད་ལ་འཁོར་ཡོད།
མིག་ལམ་མཆི་མས་བཀག་ཀྱང་།
ལམ་ལ་ཉི་འོད་ཤར་ཡོད།

ཡར་ཀླུང་གཞུང་གི་བུ་མོ།
ཆར་པ་དེའི་རྗེས་ཀྱི་བྱིའུ་སྐད་ཡིན་ནམ།
ཉི་འོད་དེའི་འོག་གི་བསིལ་རླུང་ཡིན།

                 ༢༠༡༩-༦-༢༠

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།