བོད་ལྗོངས་ཀྱི་ན་གཞོན་སྙན་ངག་པའི་ཆེད་སྒྲིག(སྔ་དུམ)

28481



ངེད་དྲ་བས་ད་ལོའི་ལོ་སྨད་ནས་བོད་ཁམས་ཀྱི་ས་ཁུལ་སོ་སོའི་ན་གཞོན་རྩོམ་པ་པོ་དག་གི་སྙན་ངག་ལེགས་འདེམ་ཐོག་མུ་འགོད་ཆེད་སྒྲིག་གཉེར་རྒྱུའི་གཏན་ཁེལ་བྱུང་ཞིང་། ཐོག་མར་དབུས་ཕྱོགས་ཀྱི་ན་གཞོན་སྙན་ངག་པ་བཅུ་དགུའི་སྙན་ངག་བདམས་ནས་ཆེད་སྒྲིག་བཟོས་ཡོད། དབུས་ཀྱི་ན་གཞོན་ཚོའི་ཕ་སྐད་རྩོམ་ཡིག་གི་ས་ལམ་སྔར་ལས་ཡངས་ཤིང་གསར་རྩོམ་གྱི་འཕྲིན་ལས་ཕྱོགས་བཅུར་རྒྱས་པའི་སྨོན་ལམ་བཏབ་པ་ཡིན། གདན་ཞུས་རོགས་དན་གནང་མཁན་ཆོས་འཕེལ་ལའང་སྐུ་དྲིན་ཞུའོ།།


                སྔ་དུམ།


བསྟན་ཆོས། དངོས་མིང་དུ་བསྟན་འཛིན་ཆོས་གྲགས་སུ་འབོད། ལྷོ་ཁ་ཁ་རག་ཞེས་པའི་ལུང་ཆུང་ཞིག་ནས་འཁོར་བའི་མགྲོན་དུ་འབྱོར། བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་སློབ་གླིང་ནས་སློབ་མཐར་སོང་། ད་ལྟ་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་སྐད་ཡིག་དགེ་རྒན་བགྱིད་མུས་ཡིན།


            མེས་པོ།


 ཐོགས་རེག་དང་བྲལ་བའི་མཛེས་སྡུག་གི་ནམ་མཁའ།
རྟ་ཕོའི་རྨིག་སྒྲས་གཏོད་པའི་བཙན་པོའི་དབུ་རྨོག

ལྷིང་འཇགས་ངང་འཚོ་བའི་བདེ་བའི་ལམ་བུ།
ཤེས་རབ་ཀྱི་རལ་གྲིས་བསྙེགས་པའི་མེས་པོའི་ཞིང་ཁམས།

ལོ་ཟླའི་ཆགས་འཇིག་ཁྲོད།
ཁྱེད་ཀྱི་དཔའ་ངར་གྱིས་བསྐྲུན་པའི་བླ་མཁར་དེ།
ལོ་རྒྱུས་ཀྱི་གླེགས་བམ་ཁུད་བསྟིས་འདུག

འཁོར་བའི་ཉིན་སྲིབ་ནས།
ཁྱེད་ཀྱི་བྲང་གཞུང་ལས་བཙེམས་པའི་རིགས་དྲུག་གི་ཞལ་ཐང་དེ།
ལྷ་དང་ལྷ་མིན་ཚོགས་ཀྱིས་ཡང་ཡང་མཇལ།

ཀྱེ། མེས་པོ་ལགས། ཨུཏྤལ་ལྟར་གས་པའི་ཁྱེད་ཀྱི་སེམས་པ།
བཻཌཱུརྱ་ལྟ་བུའི་རང་བཞིན་འཇམ་པོར། སུ་ཞིག་གིས་གསོ་ཐུབ།

རྦབ་ཆུ། མིང་དངོས་ལ་འཆི་མེད་རབ་བརྟན་ཟེར། ལྷོ་བྲག་དཀར་པོ་སྒང་དུ་སྐྱེས། ད་ལྟ་སྤོ་བོའི་ཡུལ་དུ་དགེ་རྒན་བྱེད་མུས་ཡིན།


      དུས་ལ་ལྡོག་རྒྱུ་ཞིག་ཡོད་ན།



སོང་སོང་བའི་མཐར། ཁྱེད་རང་གང་དུ་བསླེབས་སོང་།
སྔར་བཞིན་ཁ་བ་མ་ཞུ་བ འི་དཔྱིད་ཀ་དེར་སྒུག་གིན་ཡོད་དམ།

ལོ་ཟླའི་ལག་ཟུང་ནས་དམ་དུ་འཇུ་བསམས་ཀྱང་།
ཕུགས་འདུན་གྱི་རྡང་ལ་བབས་པའི་བྱ་ཁྱུས།
རེག་རྒྱུ་མེད་པའི་འཚོ་བའི་ཁ་མདོག་བདག་ལ་བསྟན་བྱུང་།

མི་མེད་ལུང་སྟོང་ཞིག་ནས་གཤེགས་ཟིན་མི་འགའ་དང་ཕྲད།
མ་འོངས་པའི་ཀློང་ཡངས་ནས་འཚིག་གིན་པའི་དུས་ཚོད་ཀྱི་ཚག་སྒྲར་ཉན།

གལ་ཏེ། ཁྱེད་ལ་རྒྱང་དུ་བསྲིངས་ཐུབ་པའི་ཐག་པ་རིང་པོ་ཞིག་ཡོད་ན།
འདོད་པའི་ཨ་ལོང་ཆེན་པོ་དེ།
ལག་ཟུང་ཆུང་ཆུང་དེས་གང་ལ་བཅིང་སྲིད།

ཚོད་ཚོད་དུ། ཡིག་འབྲུའི་ཐང་ན་རྒྱུགས་ཀྱིན་པའི།
ཤེས་རབ་ཀྱི་འཚེར་སྐད་ཐོས་བྱུང་ངམ།
ཡང་ན། བདེན་པའི་མངའ་ཐང་དབུ་ལ་བཞེས་པའི།
གངས་དཀར་པོའི་རང་མདངས་མཐོང་ཨེ་བྱུང་།

གྲོང་ཁྱེར་གྱི་ལམ་ཁ་ན་ལངས་པའི།
ཁེར་རྐྱང་གི་རྒྱབ་གཟུགས་ཤིག་ས་མཐར་ཆས།
དུས་དེ་ནས། སང་ཉིན་ལའང་གདེང་ཚོད་མི་འདུག་ཅེས།
རྨི་ལམ་དུ་ཆིག་ལབ་ཡང་ཡང་རྒྱབ།

དུས་ལ་ལྡོག་རྒྱུ་ཞིག་ཡོད་ན།
ལོ་དེའི་དགུན་ཁར་ཐེངས་གཅིག་ལོག་ཐུབ་ནའང་བསམས།

                  ༢༠༡༩ ༠༥ ༠༨

ལྷ་དབང་བསྟན་འཛིན། ལྡོང་རྡོ་ཞེས་ཀྱང་འབོད། དགུ་བཅུའི་སྟོད་དུ་གཙང་མྱང་སྟོད་སྟག་ཚལ་མཁར་ཁར་སྐྱེས། ད་ལྟ་ལྷ་ས་གྲོང་ཁྱེར་པེ་ཅིང་མཐོ་འབྲིང་དུ་སྐད་ཡིག་སློབ་ཁྲིད་ཀྱི་བྱ་བ་གཉེར་མུས།


      ཨ་མ་ལགས། (གཞན་གཉིས།)




གཤོག་པ་འཇམ་པོ་མཁའ་མཐར་བརྐྱངས་ཏེ།
ཉིན་ལྟར་མིག་ཟུང་ལ་འཕྱིས་བརྡར་གནང་དང་།
ཀུ་ཤུ་དམར་ནག་གི་འཛུམ་ཆུང་དྲན་བཞིན་དུ།
གསོལ་ཇ་མཆོད་དང་།
གསོལ་ཇ་ཚ་ཐོག་ལ་མཆོད་དང་།

                      2017/5/1 ལྷ་སར།

              ཆགས་ས་དེར།

ཉི་མ་མ་ཤར་གོང་ལ།
བདག་གི་ཕ་ཡུལ་ནི་སྔར་བཞིན་གྲང་ཟུག་ཆེ།
མིག་གི་རྒྱལ་མོ་ཤིན་ཏུ་འཁྱགས་ནའང་།
རི་མགོའི་ཁ་བ་དག་སྔར་བཞིན་བཞུར་གྱིན་འདུག

                 2018/2/25 རྒྱལ་རྩེར།

         གཡུ་ལས་སྔོ་བ་དེ།

                  --- བུ་མོ་བཀྲ་ཤིས་གཡང་འཛོམས་ལ།

ཁོ་མོའི་མིག་ཟུང་ན་དཔྱིད་ཀ་བཞད་འདུག
རླངས་འཁོར་བབས་ཚུགས་དང་འདྲ་བའི་ཐག་ཉེ་ས་དེ་ན།
རང་དབང་གིས་བཞད་འདུག གཡུ་ལས་སྔོ་བ་དེ།
ཁང་སྟོང་གི་གྱང་ཁ་ན་མེ་ཏོག་བཞད་འདུག
མཚན་མོ་རློན་པ་དང་འདྲ་བའི་གཏིང་རིང་ས་དེ་ན།
ཨུ་ཚུགས་ཀྱིས་བཞད་འདུག གཡུ་ལས་སྔོ་བ་དེ།

                 2018\5\19 ལྷ་སར།

དངོས་མིང་ལ་ཆོས་དབྱིངས་ལྷུན་གྲུབ་དང་སྨྱུག་མིང་ལ་གཙང་དྲག་ཆར་དུ་འབོད། 1995ལོར་ཆབ་མདོའི་གོ་འཇོ་རུ་སྐྱེས། 2018ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་སློབ་མཐར་ཕྱིན། ད་ལྟ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང(རྩོམ་སྒྲིག་ཁང་གཉིས་པ)དུ་རྩོམ་སྒྲིག་དང་ལོ་ཙྭའི་བྱ་བ་སྒྲུབ་མུས་ཡིན།


         གཡུ་ལོ། ཁྱོད་རངVIPཞིག་ཡིན་ནམ།



གཡུ་ལོ། ཁྱོད་ཀྱིས་ལྟོས་དང་། ཕྱིན་ཕྱིན་པའི་ལམ་ལ་རྐང་རྗེས་མི་འདུག
དུས་ཚིགས་ཐེད་པོ་དེའི་རུམ་ན། གྲིབ་གཟུགས་རལ་པོ་ཞིག་ལས་མི་འདུག

གྲོང་ཁྱེར་འདིའི་ནམ་མཁའ་ལ་ཡང་ཁྱོད་ཀྱི་མཆུ་སྒྲོས་དང་འདྲ་བར་ཁ་དོག་མི་འདུག

གཡུ་ལོ། iPadནང་གི་གློག་བརྙན་དེ་ཚོརVIPཉོ་དགོས་པ་ཇི་བཞིན།
ཚོད་ཚོད་ལ། སྨྲ་བ་མེད་པའི་ཁྱོད་ཀྱི་མིང་བྱང་ལ་ཡང་VIPཞིག་ཉོ་དགོས་པ་འདྲ།

གཡུ་ལོ། ནང་ལ་གཡའ་ཆགས་པའི་སྒོ་ཟྭ་དེ་ཁྱོད་ཀྱིས་ཕྱིས་ཡོད་དམ།
ཡང་ན། ལྡེའུ་མིག་རྩེ་ཆག་མ་དེ་ཡང་ཁྱོད་ཀྱིས་གད་སྙིགས་ཁྲོད་དོར་ཟིན།

ཁྱོད་ཀྱིས་མདོག་འགྱུར་མིག་ཤེལ་དེ་ལས་འཇིག་རྟེན་འདིའི་གསང་བ་རྟོགས་བྱུང་ངམ།

པོ་ཏ་ལའི་རྡོ་ཐེམ་དེ་ཚོ་དང་འདྲ་བར་ཁེར་རྐྱང་གི་མྱ་ངན་ཁོ་ནར་བསམས་ན།
བདག་ཀྱང་། འཁྱམས་པོ་ཧྲེན་ཝེ*་ཡི་གད་སྙིགས་ཤིག་ཏུ་འགྱུར་སོང་ན་སྙམ།

ནམ་ཞིག །ང་རང་སྐྱེ་བ་འདི་ལས་ཐར་ཚེ་ཁྱོད་ཀྱང་མིག་ཆུ་ཞིག་ཏུ་འགྱུར་བར་སྨོན།

                   ༡༠༡༩ ༠༣ ༡༧
མཆན།
* 沈巍、ཧྲེན་ཝེ་ནི་ཁོང་གི་ཆུང་མ་འཁོར་གེགས་སུ་ཤོར་བ་ནས་གད་སྙིགས་སྒྲུག་མཁན་གྱི་འཁྱམས་པོའི་ངང་ཚུལ་བཟུང་སྟེ། དཔེ་ཀློག་དང་སྙན་ངག་མི་ཚེའི་སྐྱ་ཡར་འདོད་པའི་ངེས་དོན་གྱི་སྙན་ངག་པ་ཞིག་གོ །

རིན་གདའ་བ། གཞིས་ཀ་བསམ་གྲུབ་རྩེ་ཡི་ཞོལ་དུ་དགེ་མིང་འཛིན་མུས་སུ་མཆིས།


      རིང་ལུགས་མིན་པའི་ཇ་དང་ཚྭ།   


 
                      ༡

བརྩེ་འདང་ཆེན་པོས་ཉར་བའི་ཅ་དངོས་སྤར་མོ་གང་།
སེམས་ཀྱིས་ཉན་པའི་གྲོང་ཁྱེར་གྱི་བཞི་མདོ་རུ་ཧད་ཀྱིས་བོར་སོང་།
དེ་ནི་ཆེས་སྐྱོ་སྣང་ལྡན་པའི་སྒྲུང་གཏམ་ཞིག་དང་འདྲ་བར།
ཚན་པ་རེ་རེ་ནི་སྐྱེ་འཆིའི་འཐབ་འཛིང་གི་གླུ་སྒྲ་ཡིན།
                   ༢
ཉི་མ་ཤར་སོང་། དཀར་ངོགས་ཡུག་ཅིག་གི་ལུང་བསྟན་ལྟར།
ས་གཞི་དེ་ནི་ཆེས་ཐོག་མའི་གནས་ཁྱིམ་དང་འབྱུང་ཁུངས་རེད།
རྡུལ་ནག་དང་རྨིག་སྒྲ་མེད་པའི་ཁང་ཁྱིམ་དང་ར་བ།
སྐྱེ་བ་མང་པོར་འཇུས་མྱོང་བའི་འོད་ཀྱི་ལན་བུ་ཇི་བཞིན།
སྤོབས་པ་གཟེངས་སུ་བཏེགས་ནས་སྙིང་ནོམ་གཅིག་པུར་བཞག་ཆོག
                   ༣
གླུ་དབྱངས་ཇི་ཙམ་ཉན་ཡང་སད་ཐབས་མེད་པ་ནི།
ཆེས་ལྗིད་ནན་གྱིས་སྣོག་པའི་དམར་པོ་སྙིང་གི་དྲི་ལན་ཡིན།
དྲི་ལན་དེ་ཚོར། ངས་ནམ་ཡང་ཁ་གཏད་དུ་བརྩེང་སྟེ་ལན་ཞིག་ལྡོན་མི་ནུས།
དོན་ལ་འདི་དག་ནི་བློ་ངོར་རྡེག་པའི་གནར་གཅོད་དང་ཚ་འདྲི་ཤ་སྟག་ཡིན།
               ༤
རེད་ཨ། རིང་ལུགས་ལ་མདོ་དོན་མེད། རིང་ལུགས་ལ་ཚེ་སྲོག་མེད།
དེ་དག་ནི་ལྟོ་བ་འཕྱིད་པའི་ལག་ཆ་ཙམ་ཡིན།
དེ་དག་ནི་བདག་མེད་ཀྱི་རི་དྭགས་ཇི་བཞིན།
སུས་ཀྱང་རྔོན་བྱེད་ཆོག་ཆོག་ཏུ་འཚོ་ཞིང་།
ཁྲབ་རྨོག་དང་གོ་ཆའི་དཔུང་གནོན་ཞན་ཞན་དུ་སྣང་ཡོད།
                                      ༥
ཁྱོད་ལ་མགོ་བོ་རབ་ཏུ་སྨད་པའི་ཉེས་པ་རྩོལ་མཁན་ནི།
ཤ་ཁྲག་དང་དྲོད་སྣང་གིས་བསྐྱེད་པའི་གོ་རྟོགས་ཤིག་རེད་ལ།
ཁྱོད་ལ་སྙིང་སྟོབས་དང་ཡར་སྐྱེད་ཀྱི་དཔའ་གདེང་གནང་མཁན་ཡང་།
གོ་བ་དེ་ཁོ་ན་ལས། གཞན་ཅི་ཡང་མེད།
དེ་ལ་ཇ་དང་ཚྭ་ཡི་བརྡ་ཆད་ཅེས་ཡོངས་སུ་གྲགས།
                        ༦
སྡིག་པ་འཆགས་པ་ནི་བཟང་སྤྱོད་ཀྱི་གྲས་ལ་རྩི་ཆོག
ངས་ཨ་མྱེས་ཀྱི་གྲལ་མགོ་རུ་བཞག་པའི་མནའ་ཐོ་རིང་མོ།
སྐད་ངག་གསང་པོས་བཀླགས་ཐེངས་རེ་རེ་ནི།
རང་གི་རང་ལ་བརྡུང་ཐག་ཡིད་ཚིམ་པ་ཞིག་གཏོང་བའི་གོ་རིམ་ཡང་ཡིན།
                       ༧
ཁེར་རྐྱང་གིས་བཅིངས་པའི་དཔའ་བོའི་མུན་པ་འགའ་ནུབ་རྗེས།
ང་རྒྱལ་གྱི་ཚིག་མཛོད་ལ་ཉམ་ཐག་པའི་སྐྱ་རེངས་ལུས་ཤིང་།
དུས་ཀྱི་ཁ་ཆེམས་དང་སྔ་མོའི་བརྡ་སྤྲོད་ཀྱི་ཕྱི་ཐག
གཤོག་ཟུང་གི་གསང་བ་ལྟར།
རྒྱ་ཆེན་པོ་མིན་པའི་དྲ་མའི་ལོགས་ནས་ལྷོད་ཀྱིས་མཇལ་ཆོག
                        ༨  
ལུས་ཁོག་དང་སེམས་ཁ་ཤིན་ཏུ་ཡང་པོར་འགྱུར་བའི་དུས་ཚིགས་སུ།
ཁྱོད་ལ་མཁོ་བ་ནི་བོངས་ཚད་ཆེ་བའི་དྲིལ་བསྒྲགས་དང་གཏན་ཚིགས་གི་ཁ་དོག་དེ་མ་ཡིན།
དེས་ཁྱོད་རང་སྒྲོ་ཕོན་བཞིན་ནམ་མཁའ་སྤུར་ངེས་པ་ལས།
ན་ཟུག་གིས་གྲུབ་པའི་སྙན་ངག་གི་རུས་པ་དང་བདག་ཉིད་ལ་དགའ་བའི་སྐྱབས་འགྲོའི 
 བཙན་རྫོང་ཞིག་རྙེད་མི་སྲིད།
                       ༩
བདག་ནི་སྨྲེང་སེམས་ཀྱི་ཁུར་པོས་ལྕི་བའི་མི་རྐྱང་ཞིག་ཡིན།
ཐེངས་མང་པོ་མང་པོར་ན་ཟུག་གྱི་ལྕགས་ཐག་མགུལ་པར་ཁེན་ཏེ།
སྲིད་དུ་རིང་བའི་ངུ་ངག་དང་དེ་ལས་མཆེད་པའི་མུན་ནག
སུས་ཀྱང་བདག་གིར་བཟུང་མ་ནུས་པའི་འཇིགས་སྐུལ་དུ་གནས།
དོན་དུ། དེ་ནི་རང་གི་འདོད་པས་བསྐུངས་པའི་མེ་ལོང་གཅིག་ཡིན་ཏེ།
མེ་ལོང་དུ་ནག་ཉེས་ཀྱིས་འདུས་པའི་ཁ་ཏྭའི་དཔུང་ཚོགས།
ཇི་མི་སྙམ་པར་ལ་མྱུལ་ཀླུང་མྱུལ་བྱེད།
                      ༡༠
བལྟས་ན་དལ་འཇགས་ཆེ་བའི་ཕྱོགས་དང་ཕྱོགས་ཀྱི་རི་ཀླུང་དག་ཏུ།
ཉིན་སྲིབ་དང་གཙང་པོ། ཉི་མ་དང་ཟླ་བ་ཟེར་བ།
ཨར་འདམ་དང་རྡུལ་སྙིགས་ཀྱིས་གསེབ་ཏུ་འཆི་བས་ཟིན་ནའང་།
རང་གི་བློས་བསླངས་གྲུབ་པའི་ཁྲི་མུན་གྱི་རྒྱལ་ཁམས་ན།
དེ་དག་ནི་མཚན་ཉིད་མེད་པའི་སྙན་ངག་ཅིག་ལྟར།
བརྡ་རྙིང་གིས་ཕྱི་བཏུམས་ནང་བཏུམས་སུ་བཞག་ན་སྙམ།

གངས་བུ་སྨྱུག་རྩེན། དགུ་བཅུའི་སྟོད་ལ་སྐྱེས། གཙང་གཞིས་རྩེ་རྣམ་གླིང་གི་མི། ད་ལྟ་ནག་ཆུ་ཤེལ་ཚྭ་རྫོང་ན་སྲིད་གཞུང་གི་ལས་ཀ་གཉེར་བཞིན་ཡོད་།


        རྨི་ལམ་ཁྲོད་ཀྱི་ཆར་པ།



མལ་གོས་ནང་གི་ནམ་མཁའ་ཆུང་ངུ་དེར།
གཉིད་ཀྱི་སྤྲིན་པ་སྲབ་མོ་འཁོར།
རྨི་ལམ་ཁྲོད་དུ་ཆར་པ་ཤག་སྒྲ་དང་བཅས་ཏེ་བབས།
སྦྲའི་ཕྱི་རོལ་གྱི་རླུང་བུའི་གཤོག་སྣེ་བརླན།
ཞོ་ཟོའི་རི་མོའི་ངོས་སུ་ཆར་པའི་ཟིལ་བ་ཐིགས།
རྩྭ་ལྗང་གི་དྲི་མ་རློན་པ་དབང་པོའི་ཡན་ལག་ལ་འཁྱུད།
ལན་བུ་ཆུ་ཡིས་ཤད་པའི་ན་ཆུང་མ་དེ་རྟ་ཕོའི་རྨིག་རྗེས་བསྙེགས།
སྨུག་པ་རབ་རིབ་ཀྱི་ཀློང་ན་རྫི་བོའི་གླུ་སྐད་འཁྱིལ།
སྤང་གི་འཇའ་སྣེའི་མཚམས་སུ་ལུག་ཁྱུ་ཐང་ལ་བརྡལ།
རྒྱང་གི་གངས་རིའི་སྤོ་ལ་སྨུག་ཁྱུའི་ཡོ་ལང་འཁྲིགས།

དེ་དུས། ང་རང་ས་ནག་ལས་འབུད་མ་ཐག་པའི་མེ་ཏོག་ཅིག་ལྟར་ཧ་ཅང་དྭངས་གཙང་གིས་གསོན་ཡོད།



                           ༢༠༡༩.༠༦.༢༣


དྲེལ་པ། དངོས་མིང་ཤེས་རབ་རྡོ་རྗེ། ཕ་ཡུལ་ལྷོ་ཁ་ལྷོ་བྲག །ད་ལྟ་ཆུ་ཤུར་རྫོང་སློབ་ཆུང་ལ་སྐད་ཡིག་དགེ་རྒན་བྱེད་བཞིན་མཆིས།


    དགེ་རྒན་དུས་ཆེན་གྱི་མཇུག་བྱང་།


                     — ཡང་ན་རང་གིས་རང་ལ།


དུས་ཆེན་དང་རྟེན་འབྲེལ་རེ་རེའི་སྐྱུ་བེར་བེར་གྱི་ནམ་མཁའ་དེ།
ཁྱེད་ཀྱིས་རྩྭ་ཐང་དང་ཞིང་ས་བསྐྱུར་ནས་ཐོབ་པའི་ལོ་ཆང་དེ་ཡིན་ནམ།

གྲོགས་པོ། ཐོག་མའི་རྨི་ལམ་ཞིག་ལ།
རྒྱང་རིང་དུ་བསྐྱོད་པ་ནི་ཕ་ཡུལ་དུ་ལོག་ཕྱིར་ཡིན་ན།
སྣང་བ་ཞིག་ལ། རྒྱ་ཇེ་ཆེར་འགྲོ་བའི་ཕ་ཡུལ་དེས།
རྒྱང་རིང་ཡང་རྒྱང་རིང་དུ་འགྲོ་ཚུལ་རྟོགས་སུ་བཅུག་དུས།
ཁྱོད་ཀྱིས་རང་ཉིད་སུ་ཡིན་པ་ཤེས་ཀྱིན་ཨེ་འདུག

ཕ་ཡུལ་གང་ཡིན་པ་ཤེས་ཀྱིན་ཨེ་འདུག
གྲོགས་པོ། རྒྱང་རིང་ཟེར་བ་དེ་ཕ་རོལ་གྱི་གང་དུ་ཡོད་ན།
རྣམ་རྟོག་གི་ཁ་སྤུ་ལང་ལོང་གཡོ་བའི་ལོ་ཡི་གཉེར་མ་རེ་རེ་བརྒལ་དུས།
རྒྱང་རིང་གི་མིག་ཟུང་དེ།
བུའམ་བུ་མོ་རེ་རེའི་རྐང་པར་ཐོགས་མེད་དམ།
ཁང་པ་དང་ཕོར་པ་རེ་རེའི་མཐིལ་དུ་ལྷུང་མེད་དམ།

སྐབས་དེ་འདྲ་ཞིག་ལ།
ཕ་ཡུལ་གང་དུ་ཡོད་པ་དྲན་དགོས་པ་འདྲ་ན།
གྲོགས་པོ། ཉེ་འགྲམ་གྱི་བྱིས་པ་དམར་རྗེན་དེ་ལ་ལན་གཅིག་གཟིགས་དང་།
མིག་ཟུང་དེ་ནི་རྒྱང་རིང་གི་ཁ་ཞེང་རེད་ལ་ཕ་ཡུལ་གྱི་ངོ་གདོང་རེད།

                        ༢༠༡༩/༠༩/༡༡ ཞོགས་པ།

རེ་སད། དངོས་མིང་ལ་ནོར་བུ། ༡༩༩༣ལོར་ལ་སྟོད་ངམ་རིང་གི་རི་གྲོང་ཞིག་ཏུ་སྐྱེས། ༢༠༡༧ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ནས་ཐོན། ད་ལྟ་ལྷོ་ཁ་མཐོ་འབྲིང་གསུམ་པར་བོད་སྐད་ཡིག་གི་སློབ་ཁྲིད་ལ་འབད་བཞིན་ཡོད།



    བརྗེད་དུ་མེད་པའི་ཡར་ཀླུང་།




སེམས་པ་འདི་སྔ་ནས་དགའ་མྱོང་།
དུངས་བ་དེ་སྔ་ནས་བཅངས་མྱོང་།
དྲན་པ་དེ་ཡང་ཉུང་ཉུང་ཙམ་ག་ལ་ཡིན།
རྒྱུ་མཚན་ནི་ཡར་ཀླུང་གི་ཉི་མས།
འགྲོ་བ་རིགས་དྲུག་གི་སེམས་པ་དྲོས་མྱོང་།

ཡར་ཀླུང་ཡར་ཀླུང་དུ་ཤེས་པར་བྱ་ཕྱིར།
ངས་སྒང་པ་བོད་ཀྱི་ཡུལ་ལུང་རེ་རེའི་གྲུ་ག་ནས།
འོད་ཟེར་གྱི་ཕྲེང་བ་རེ་རེ་ཕྲག་སྟེང་དུ་འཁྱེར།
ལྗང་མདོག་གི་རྨི་ལམ་རེ་རེ་སེམས་སུ་སྦྲུམ་ནས།
རྒྱང་རིང་གི་ཡར་ཀླུང་མཇལ་བའི་གོམ་ཁ་དེ་འཇོག་མ་མྱོང་།

ཡར་ཆབ་ཀྱི་གཙང་འགྲམ་དུ་འགྲེང་དུས།
ལྷོ་བཞུད་ཀྱི་གཙང་པོ་ལྷིང་ཞིང་འཇགས།
ཉིན་ཞག་སྟོང་ཕྲག་བར་མེད་དུ་རྒྱུ་བའི་ངང་ཚུལ་དེ་དྲན་དུས།
མེས་པོ་ལྕང་ལོ་ཅན་དག་དང་སྙིང་ལ་ཉེ་ཚུལ་དེ་ཧ་ཅང་སྐྱིད་ཨང་།

སྔ་མོ་ཞིག་ནས། འཇིག་རྟེན་གྱི་ཕྱི་ནང་གསང་གསུམ་ལ་ཉུལ་དུས།
ངས་སྤོབས་པ་གཟེངས་སུ་བསྟོད་པ་ནི་ཁྱེད་ཁོ་ན་ཡིན་ཡང་།
དེ་རིང་གི་ཡར་ཀླུང་ནི། མི་བུ་གདུང་དྲུག་གི་མི་རྒྱུད་ལས་མཆེད་པའི།
མེས་པོ་རལ་པ་ཅན་དག་གི་རྐང་རྗེས་ལས་མངོན་པའི་མིང་ཡིག་སྐམ་པོ་ཞིག
དེ་རིང་གི་ཡར་ཀླུང་ནི། ཆུ་ཚོད་ཀྱི་སྐར་མདས་ཡང་ཡང་རྡུང་བཞིན་པའི།
མཚམས་སྤྲིན་གྱི་ཉིན་སྲིབ་ཏུ་ལྷགས་པའི་བགྲེས་སོང་གི་ལང་ཚོ་དེ་ཡིན་ནམ།
རྩེ་མོ་དགུང་དུ་སྙེག་པའི་བླ་མཁར་གྱི་གསེང་ན་ལུས་པ་ནི།
གྲང་སྟོང་སྟོང་གི་བདག་གི་སེམས་པ་འདི་ཁོ་ན་ཉིད།

དོ་ནུབ། ང་རང་ཡབ་མེས་ཀྱི་ཕ་ས་ཡར་ཀླུང་ན་བསླེབས་ཡོད་ཀྱང་།
ཡར་ཀླུང་གང་དུ་ལུས་སམ་རྙེད་རྒྱུ་ཞིག་མི་འདུག
སེམས་པ་འདི་ཇི་ཙམ་གླན་ཡང་དུངས་སྣང་ཞིག་མ་ཚོར།
རྣ་བ་འདི་ཇི་ཙམ་གཏད་ཀྱང་ཡར་ཀླུང་གི་སྐད་སྒྲ་མི་ཐོས།
མིག་ཟུང་ལས་ལྡང་འོང་བའི་གྲང་ཤུར་ཤུར་གྱི་སྣང་བ་འདི།
ཡར་ཀླུང་གི་ཉི་མས་དྲོས་ཐབས་ཤིག་ང་ལ་མ་རྙེད།

ཡར་ཀླུང་ན་མི་ཚོགས་ཀྱི་འདུ་ལོང་ཤིན་ཏུ་རྒོད་ཀྱང་།
ཁེར་རྐྱང་གི་སྣང་བ་ཇེ་ཆེར་འགྲོ་དོན་ཅི་ཡི་ལན།

མི་ཡི་ལུང་པར། ལྷ་ཚོགས་ཀྱི་མཐའ་ནས་བསྐོར་དུས།
བསོད་ནམས་ཀྱི་སྣང་བ་རྒྱས་རུང་།
ཡར་ཀླུང་གནམ་གྱི་དགུ་ཚིགས་ཀྱི་བང་རིམ་ཆད་དུས།
ང་རང་། མཁའ་དབྱིངས་ཀྱི་ཉི་མར་གཏད་ནས།
ཁ་རོག་གེར་འདུག་དོན་ཅི་ཡི་ལན། ཅི་ཡི་ལན།

བལྟས་ན་ཡོད་ཡོད་འདྲ་བའི་ཡར་ཀླུང་ན།
ངས་ཅི་ཞིག་བརླག་སོང་བ་ཡིན་ནམ། གྲོགས་པོ་ལགས།
རྒྱ་མཚོའི་ཕ་མཐའ་གཅོད་པ་ལ་ངལ་བ་ཞིག་མེད་ཀྱང་།
སེམས་ཀྱི་རི་རབ་བརྒལ་བ་ལ་གྲང་ཤུར་རྒྱག་དོན་ཅི་ཡི་ལན།

ད་ནི་ངས་ཀྱང་འབྱུང་འགྱུར་གྱི་ཡར་ཀླུང་ལ་སེམས་འདུན་གྱི་གསོལ་འདེབས་ཞུ།
ད་ནི་ངས་ཀྱང་ཡ་ཆུང་གི་སེམས་པ་དུས་ཚོད་ཀྱི་སྔུན་ལ་བསྐུར་ནས།
བགྲེས་སོང་ཞིག་ལྟར་རྒས་འགྲོ་བའི་རྡོ་རིང་གི་ཡི་གེ་དེ་དག
ན་ཟུག་གི་ཀློང་ནས་སྨྲ་བ་འཁྲོལ་ཐབས་ཤིག་བྱེད་དོ།

རླུང་བུ་དེ་གང་དུ་ལྡང་ཡང་རུང་།
ཉི་མ་དེ་གང་དུ་འཕེལ་ཡང་རུང་།
ཡར་ཀླུང་ནི་ནམ་ཡང་ཡར་ཀླུང་ཉིད་ཡིན་དགོས་པས།
ད་ནི་གྲང་ཤུར་ཤུར་གྱི་སེམས་པ་སྟོང་པ་འདི་འཁྱེར་ནས།
ང་རང་སྔར་བཞིན་ལམ་དུ་ཡོད།

གསར་བུ། དངོས་མིང་ལ་སྐལ་བཟང་འཇམ་དབྱངས། བོད་ལྗོངས་མཚོ་སྣ་རྫོང་གི་མི། ད་ལྟ་ནག་ཆུ་གྲོང་ཁྱེར་མཐོ་འབྲིང་དུ་དགེ་རྒན་གྱི་བྱ་བར་འབད་བཞིན་ཡོད།


            མི།


 
ལག་ཏུ་ཉར་བའི་སང་ཉིན་གྱི་དམ་ཚིག
ངོ་གདོང་གི་གསེང་དུ་སྦས་ཏེ།
མུན་པ་གཡོལ་མཁན་གྱི་གཏམ་རྒྱུད་འབྲི།

བུམ་པ་ཁ་ཆག་ཅིག་གི་ནང་དུ།
བདུད་རྩི་ཉག་ཉོག་ཅིག་གི་ཁ་བྱང་འབྲི།

ས་གཞི་ཧྲལ་ཧྲུལ་ཞིག་གི་སྟེང་དུ།
ནགས་ཚལ་ཤིང་མེད་ཅིག་གི་སྒྲོམ་གཞི་འབྲི།

གྲོག་རོང་གཡང་གཟར་ཞིག་གི་འགྲམ་དུ།
ལུས་པོ་ཚོར་མེད་ཅིག་གི་མཇུག་འབྲས་འབྲི།

སྐབས་རེ། ནམ་ལངས་རྗེས་ཀྱི་ཉི་མ་དེ།
མུན་པ་གཡོལ་མཁན་གྱི་དགྲ་བོ་ཡིན།

གངས་པ། མིང་དངོས་ལ་བཤད་སྒྲུབ་རྒྱ་མཚོ་ཞེས་འབོད་ཅིང་། གྲྭ་ནང་རིག་པའི་འབྱུང་གནས་སུ་སྐྱེས། ད་ཆ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དུ་སློབ་ལ་བརྩོན་མུས་སུ་ཡོད།


           འཁོར་བའི་ཨ་ལོང་།

                                                     སྙིང་གཅེས་ཀྱི་སྲིང་མོར་བྲིས།


ང་གཉིས་ཨ་ལོང་ཇི་བཞིན།
འཁོར་བའི་དཀྱིལ་འཁོར་གཅིག་ཏུ་འདུས་རྗེས།
སྐྱིད་སྡུག་གི་ཁྱུད་མོ་སྐོར་དགོས་ཡོད།

གསེར་གྱི་ཉི་མ་དལ་བུར་བཞུད་རྗེས།
ང་ནི་སྲིབ་དང་ཁྱོད་ནི་ཉིན་ལ་འཚོ།

མི་ཡུལ་འདིར།
ལྷན་འཛོམས་ནི་ད་ལོའི་ཁ་བ་ལྟར་བཀྲེན་ནའང་།
ང་ཚོར་ལོ་ཐོ་རྙིང་པ་ཞིག་གི་བག་ཆགས་ཡོད་པས།
ནམ་ཡང་།
ངས་ནི་ཁྱོད་མི་གཏོང་། ཁྱོད་ཀྱིས་ནི་ང་མ་ཐོངས།

                              ༡༥-༡༢-༢༠༡༨

0

7 Responses to བོད་ལྗོངས་ཀྱི་ན་གཞོན་སྙན་ངག་པའི་ཆེད་སྒྲིག(སྔ་དུམ)

  1. སྙན་ངག་གི་ཆེད་སྒྲིག་དེ་ཀློག་ཚར་རྗེས་སེམས་འགུལ་གཏིང་ཟབ་མོ་ཐེབས་བྱུང་ རང་ཉིད་ཀྱི་རིག་གནས་ཡར་རྒྱས་དང་བོད་ཡིག་རིག་གཞུང་འཕེལ་རྒྱས་གཏོང་འདོད་ཇེ་ཆེར་ཕྱིན་སོང་།

  2. རག་ཉིད་ཀྱི་རིགས་པ་དྭངས་གསལ་རུ་ཕྱིན་སོང་།

  3. སེམས་བུ་ཡངས་པོའི་འཛོར་སྣང་བྱུང་ངོ་།

  4. སེམས་བུ་ཡངས་པོའི་འཚོར་བ་ཞིག་བྱུང་།

  5. པདྨ་ཚེ་རྣམ། ལགས་ཀྱིས:

    ན་གཞོན་སྙན་ངག་པ་ཁྱེད་རྣམས་ལ་སློབ་སྦྱོང་དང་ཡིད་རང་ཞུ།

  6. པདྨ་ཚེ་རྣམ། ལགས་ཀྱིས:

    ན་གཞོན་སྙན་ངག་པ་ཁྱེད་རྣམས་ལ་སློབ་སྦྱོང་ཞུ།

  7. ཡེ་ཤེས་མིག ལགས་ཀྱིས:

    དབུས་ཀྱི་གསར་བུ་དག་སྟོབས་གི་ཡ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།