
“ང་རང་སོང་སོང་བའི་མཐར། ད་གཟོད་འགྲོ་དགོས་པ་རྟོགས།”
—སྒོ་ཡོན།
རྩྭ་འཇག་མ་གཅིག
ང་རང་སར་བསྡད་མ་ཐག
མདུན་དུ་རྩྭ་ཕུང་ཞིག་སྐྱེས་པ་མཐོང
ལག་པ་ཕར་བསྲིངས་ཏེ
རྩྭ་རྐང་གཅིག་མཛུབ་མོ་གཉིས་ཀྱི་བར་ལ་བཅུར
རྩྭ་ཐུར་དུམ་བུར་ཆག
རྩྭ་ཐུར་གྱི་སྣེ་མོ་སར་ལྷུང་འཕྲལ
ང་ལ་འགྱོད་པ་སྐྱེས
ཅིའི་ཕྱིར་རྩྭ་ཐུར་འདི་ཉིད་གཅོག་དགོས་སམ
ད་ནས་རྩྭ་ཐུར་འདི་ནི་སླར་སྐྱེ་མི་སྲིད
ངའི་སེམས་སུ་དེ་ལྟར་དྲན་གྱིན
ཡང་བསྐྱར་ལག་པ་ཕར་བསྲིངས
……
༢༠༡༩.༠༩.༡༣

ཕ་ཡུལ།
ད་ནི་རླངས་འཁོར་འདིར་ཞུགས་ཏེ
རྒྱང་རིང་རྒྱང་རིང་དུ་འབུད་འགྲོ
རྒྱང་རིང་གི་ནམ་མཁའ་ཀན
ངའི་མ་འོངས་པའི་ཕ་ཡུལ་ཡིན
ཕ་ཡུལ་དུ་གཞུང་ལམ་མེད་ཀྱང
ང་རང་རྐང་ཐང་གིས་ལོག་ཆོག
ཕ་ཡུལ་དུ་ཁྱིམ་མི་ཡང་མེད་མོད
ངས“ཕ་ཡུལ”“ཕ་ཡུལ”ཞེས་སྒོ་བརྡུང་ཆོག
ཕ་ཡུལ་དུ་འཐོན་ཉིན
མགོ་ཐོག་གི་ནམ་མཁར་ལྟ་བཞིན
ཁྱོད་ནི་རང་ཁོ་ནས་བྲིས་པའོ་སྙམ་ནས
གད་མོ་ལྷུག་ལྷུག་ངང་དགོད་སྲིད
༢༠༡༩.༠༩.༠༧

རྟག་བརྟན།
ང་རང
ཁ་པར་ལ་ཅེར་ནས་ཡུན་རིང་འགོར
གློ་བུར
ཁ་པར་གྱི་འཆར་ངོས་སུ
སྡོང་པོ་ཞིག་སྐྱེས
སྡོང་པོར་ཡལ་ག་འགའ་ཡང་རྒྱས
དེ་ཙ་ན། གང་ཞིག་ནས
སེངྒེ་ལྡོམ་པོ་ཞིག་ཞོགས་འོང
སེངྒེ་སྡོང་པོར་བསྙེས་ཏེ་ཨེན་ཙམ་བསྒོངས་པ་དང
མགོ་བོ་ཡལ་ག་ཞིག་ལ་དཔྱངས
ཡུན་རིང་མ་འཐོག་པར
སེངྒེ་ཤི་སོང
ཡལ་ག་ཆག་སོང
སྡོང་པོ་ཡང་བསྐམས
ང་རང
ད་དུང་ཁ་པར་ལ་ཅེར་ཡོད
༢༠༡༩.༠༦.༠༥

དགེ་འདུན་ཆོས་འཕེལ་ལ་ཕུལ་པ།
ཁོ་པས། རང་གི་ལག་པ་ལ་བལྟས
ལག་པའི་མཐིལ་གྱི་རི་མོ་དག་ལ་བལྟས
རི་མོ་དག་གི་གྱེས་མཚམས་ལ་བལྟས
རི་མོ་དག་གི་རིང་ཐུང་ལའང་བལྟས
དེ་ནས། རི་མོར་མ་བལྟས་པར
ལག་པ་ལ་ཡང་མ་བལྟས་པར
རང་གི་མིག་ཤེལ་ལ་བལྟས་སོ
༢༠༡༩.༠༧.༡༡

སད་དམ་མ་སད།
ནངས་ཇ་འདི་ཉིད་མ་བཏུང་སྔོན་ལ
བདག་གིས་མདང་ནུབ་ཀྱི་རྨི་ལམ་དེ་དག་དྲན
རྨི་ལམ་ཁྲོད་ཀྱི་བུ་མོ་དེའང་དྲན
བུ་མོ་དེར
མདང་དགོང་ཐོག་དང་པོར་འཕྲད་པའོ
མོ་རང་གི
སྐྲ་ལོ་རིང་པོ་དང་། མིག་ཟུང་རྣོན་པོ
ལག་པ་མཉེན་པོ
ལྷག་པར
ནུ་ཏོག་མཁྲེགས་པོ་དང་། སྐེད་པ་ཕྲ་མོ
ཨོང་ཏོ་འབུར་འབུར
……
དེ་དག་ཐམས་ཅད
ཚེར་མ་ཇི་བཞིན
བདག་གི་སྙིང་ལ་ཟུག
སྙིང་གི་གཏིང་ལ
བདག་ནི། ག་ལེ་ག་ལེ་མོའི་གམ་དུ་བཅར་ཞིང
ག་ལེ་ག་ལེ་མོའི་ལུས་གསེང་ལ་ཐིམ
མོའི་ལུས་གསེང་ནས་རྔུལ་ཆུ་ཁྲོམ་ཁྲོམ་བཞུར
རྔུལ་ཆུ་ཐིགས་པ་རེ་རེ
བདག་གི་ལུས་ངག་ཡིད་གསུམ་ནང་བབས་ཏེ
རང་རྒྱུད་ཀྱི་ལྗན་ལྗིན་མ་ལུས་གཙང་མར་བཀྲུས
ནངས་ཇ་འདི་ཉིད་མ་བཏུང་སྔོན་ལ
བདག་གིས་མདང་ནུབ་ཀྱི་རྨི་ལམ་དེ་དག་དྲན
༢༠༡༩.༠༧.༡༤

འགྲོ་འོང་།
ཉི་མ་མ་ཤར་གོང
ང་རང་ཁོ་ཚང་དུ་འབྱོར
ཉི་མ་ཤར་རྗེས
ཁོ་ཚང་དུ་ཡོད
ཉི་མ་ནུབ་ཁར
སྔར་བཞིན་ཁོ་ཚང་དུ་ལུས
ཉི་མ་འགྱ་སོང
ད་ནི་ཁོ་ཚང་ནས་འགྲོ་རན་ནོ
༢༠༡༩.༠༦.༢༡
གྲོག་མ།
ཁ་སང་འགྲོ་ཁར
གཞུང་ལམ་གྱི་འགྲམ་དུ
གྲོག་མ་ཞིག
ཧ་ཅང་ཐང་ཆད་པའི་ངང་འགྲོ་བཞིན་པ་མཐོང
ངས་གོམ་པ་སྤོ་མཚམས་བཞག་སྟེ
གྲོག་མ་དེར་ལྟ་ཙམ་བྱས་མཐར
མགྱོགས་པོར་བརྒྱུགས་སོང
དེ་རིང
ཕྱིར་རང་གནས་སུ་འབྱོར་ཀྱང
ངས་གྲོག་མ་དེ་ཉིད་དྲན་བཞིན་འདུག
སོང་མི་ཚར་བའི་གཞུང་ལམ་འགྲམ་གྱི
གྲོག་མ་ཁེར་རྐྱང་དེ་ཉིད་དྲན་བཞིན་འདུག
༢༠༡༩.༠༨.༡༠