2019ལོའི་ཙོང་ཁ་ཚེ་བརྟན་རྒྱལ་གྱི་གསར་བྲིས་སྙན་ངག(4)

30141



          ཨ་མ་ལགས།



                 ཚེ་འདས་དྲིན་ཆེན་ཨ་མར་འབུལ་བའི་ཕྱག་གསུམ།

   
ཤར་ན་ཤར་ཞིག་གིས།
ཁྱེད་རང་གང་ན་ཡོད།
ཨ་མ་ལགས།
ནུབ་ན་ནུབ་ཅིག་གིས།
ཁྱེད་རང་གང་ན་ཡོད།
ཨ་མ་ལགས།

ལས་དབང་གི་ཐེམ་ཀ།
མ་དང་བུ།
བར་ཐག་གི་ས་ཡིག
རི་དང་ཆུ།
རྨི་ལམ་གྱི་ཆིངས་ཡིག
གཡས་དང་གཡོན།
ཨ་མ་ལགས།

ནུབ་ན་ནུབ་ཅིག་གིས།
གྲང་ངར་ལ་འགྲན་ནམ།
ཨ་མ་ལགས།
ཤར་ན་ཤར་ཞིག་གིས།
ཁ་བར་འཐིམ་མམ།
ཨ་མ་ལགས།

ཚེ་ཐོག་གི་དབུགས་རྔུབ།
གཅེས་ཕྲུག་ང་ཚོ།
མིག་ཆུའི་ཕུང་བོ།
ན་ཟུག་ང་ཚོ།
ལག་མཐིལ་གྱི་སེར་ཀ།
མི་ཡུལ་གྱི་ང་ཚོ།
ཨ་མ་ལགས།

ཤར་ན་ཤར་ཞིག་གིས།
ཁྱེད་ཤར་ན་ཡོད་སྲིད།
ཨ་མ་ལགས།
ནུབ་ན་ནུབ་ཅིག་གིས།
ཁྱེད་ནུབ་ན་ཡོད་སྲིད།
ཨ་མ་ལགས།

               2019/08/25--28སཱེ་ནེ་ནས་སྦྱར།


        རི་སྔོན་པོའི་རླུང་དང་ཁ་བ།


 
ད་དུང་རླུང་།
ལྡང་སྟངས་ཁོ་ནས།
ང་ནི་གང་ལ་ཁུར་ཆོག་སྙམ།
ངའི་རྣམ་ཤེས།
ང་ལ་དབང་ངམ།

ད་དུང་ཁ་བ།
འབབ་ཐེངས་གཅིག་པུས།
ང་ནི་གང་ལ་སྦ་བསམ།
ངའི་ཕུང་བོ།
ང་ལ་བསྐྱུར་རམ།

ད་དུང་རླུང་དང་ཁ་བ།
གཏམ་རྒྱུད་མིན་བསམ་ན།
ངའི་བདག་པོ།
རྒྱང་རིང་རྒྱང་རིང་ན་ཡོད་དམ།

                2019/08/10-23


                 སེ་ནེ་མཚན་མོ།


    
    གོ་ནོར་ཐེངས་ཤིག
ངས་མཛེས་སྡུག་ལ་སྨོན་པ་མིན་ཏེ།
ཁ་དོག་ཡོད་ཚད།
མིག་ནས་བུད་འགྲོ་པ།
ཡང་ཡང་དྲན།

སྟོང་འདང་ཐེངས་ཤིག
ན་ཟུག་ཅི་ཙམ།
ང་ལ་དབང་མྱོང་ཕྱིར།
ཐ་སྙད་དག
ག་ལེར་བཙལ་ན།
ནག་ཐིགས་ཤིག

འཛུམ་དམུལ་ཐེངས་ཤིག
ཡོད་པ་ནས་མེད་པ་བར།
སྐྲག་སྣང་རེ་རེ།
སྐབས་འདིའི་མཚན་མོ་ཡིན་སྲིད།

              2019/08/24--25

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།