འབྲོང་ཕྲུག་གི་སྙན་ངག་ཐུང་ངུ་འགའ།

28764



འབྲོང་ཕྲུག་ལྷ་ཆེན་རྒྱལ། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། སྔ་རྗེས་སུ། སྙན་དེབ་《ཆང་དང་སྙན་ངག་གི་མཚན་མོ་》དང་《བཞད་འཕྱིས་པའི་མེ་ཏོག》སྒྲུང་ཐུང་ཕྱོགས་སྒྲིག་དེབ་《ལོ་དེའི་དགུན་ཁ།》 གློག་བརྙན་འཁྲབ་གཞུང་གཅེས་བསྡུས་དེབ་《དགུན་གྱི་མེ་ཏོག》འགྱུར་དེབ་《ང་དང་ངའི་ཨ་ཅེ་ཆུང་ཆུང་ཁི་ལཱ་རཱ་》སོགས་པར་དུ་བཏབ།


ཀ ཡུལ་ལ་ལོག་པ།


 རྐང་བ་སྤོ་སའི་ལམ་སྣེ་ན།
ད་དུང་རྩམ་དྲི་དང་མར་དྲི་འཐུལ་ཡོད་དམ།
ལག་པ་འཇུ་སའི་སྒོ་ལྕགས་ཀྱིས།
སྔར་བཞིན། ཚ་དྲོད་མ་ཡལ་པར།
བཙའ་ཡིས་མ་ཟིན་པའི་ལྡེ་མིག་འདི་ངོས་ཟིན་ནམ།
ལུག་ཁྱུ་ལྷས་ལ་འཁོར་ཞིང་།
བེའུ་ཁྱུ་རྡང་ལ་བསྟར་རྗེས།
ཨ་མས་ད་དུང་ཅི་ཞིག་ལ་རེ་ཞིང་སྒུག
གཤོག་པ་བརྐྱངས་སའི་བར་སྣང་།
སྔར་བཞིན་ཡུལ་གྱི་མགོ་ཐོག་ན་སྔོ་ཞིང་བསངས།
རྨིག་སྒྲ་བསྐྱིལ་སའི་རྩྭ་ཐང་།
སྔར་བཞིན་ཡུལ་གྱི་རྐང་འོག་ན་ཡངས་ཤིང་ཆེ།
ད་ནི། ས་མཐའི་ཡུལ་གྱར་བས།
ལམ་གྱི་སྣེ་མོ་རྡོག་པས་མནོན་རན་སོང་།

ཁ། མེ་ཏོག་གི་ཚོམ་བུ།


 ངས། གསེར་ཏོག་གི་རྩེ་མོ་ནས།
ལྷ་ཚོགས་ཀྱི་ཞལ་འཛུམ་འོད་དུ་འཚེར་བ་མཐོང་བྱུང་།
ངས། འདུ་ཁང་གི་རྒྱ་ཕིབས་ལས།
དག་ཞིང་གི་སྒོ་དར་ཡུག་ཡུག་གཡོ་བ་མཐོང་བྱུང་།
ང་རང་། ཁྲ་ཆིལ་དགུ་ཆིལ་གྱི།
གྲངས་ཀྱིས་མི་ཟིན་པའི་བསིལ་གདུགས་གསེང་གི།
དལ་སྡོད་མེད་པའི་སྙིང་གི་འཕར་ལྡིང་ཁྲོད་ཀྱི།
དྲུག་པའི་ཚད་པ་ལ་ཅི་མི་སྙམ་པ་དེ་ཚོའི་གྲས་སུ་ཡོད།
ངས། བྱུང་བ་དང་མ་བྱུང་བའི།
ཞི་བའི་རོལ་མོ་དང་དྲག་པོའི་ཆོས་སྒྲ་ཐོས་བྱུང་།
ངས། ཟིན་པ་དང་མ་ཟིན་པའི།
སང་གི་ཉི་མ་དང་མདང་གི་ཟླ་བ་ཚོར་བྱུང་།

ག འཇིག་རྒྱུ་མེད་པ་དེ།


 འཇིག་རྒྱུ་མེད་པ་དེ་ནི།
རྔུལ་ཆུའི་ཐིགས་པ་ཡིན་པ་འདྲ་ལ།
ཁྲག་གི་གཙང་བོ་ཡིན་པའང་འདྲ།
འཇིག་རྒྱུ་མེད་པ་དེ་ནི།
རུས་པའི་བཙན་རྫོང་ཡིན་པ་འདྲ་ལ།
ཤ་ཡི་ལྕགས་རི་ཡིན་པའང་འདྲ།
འཇིག་རྒྱུ་མེད་པ་དེ་ནི།
གངས་ཞོགས་ཀྱི་སྙིང་ཕུར་ཡིན་པ་འདྲ་ལ།
རྒོད་སྐྱེས་ཀྱི་སྨྲ་ར་ཡིན་པའང་འདྲ།

ང་། རླུང་གིས་ཁུར་སོང་བའི་བདའ་ཚང་།


 ལུག་རྫི་གཞོན་ནུ་ཞིག་གི་དིང་གླིང་ལས།
གློ་ལུ་ཡང་ཡང་རྒྱག་ཅིང་།
ནོར་རྫི་གཞོན་ནུ་མ་ཞིག་གི་ལ་གཞས་ལས།
ཧབ་ཆ་སིང་སིང་ཀྱང་ཆད་སོང་།
ས་སྲོད་ཀྱི་དུས་སུ།
ཐབ་མེ་དམར་པོའི་དྲོད་ཁོལ་མྱང་འོས་པའི་བུ་ཕྲུག་དག
ཨ་མྱེས་ཀྱི་གནའ་གཏམ་དང་རྒྱང་དུ་གྱེས་ནས།
ལྷ་སའི་ཆང་ཁང་ཞེས་པའི་གླུ་གཞས་ཤིག
རྒྱ་སྐད་ཀྱིས་གཏོང་གིན་འདུག
གནའ་མི་སྨུག་པོ་ཞེས་པའི་གཏམ་རྒྱུད་དེ་ཡང་།
བདག་པོ་མེད་པའི་སྦྲ་ནག་བཞིན།
མཚེར་ས་གང་ཞིག་ན་ལུས་ཡོད་དམ།

ཅ། ཁྱོད་དང་ང་།


 ཁྱོད་དང་ང་ཡི་བར་ཐག
གངས་རི་ཞིག་གིས་གཅོད་མ་ཐུབ།
རུས་པ་ཡིན་པས་ཨེ་ཡིན་ནམ།
ཁྱོད་དང་ང་ཡི་བར་ཐག
གཙང་བོ་ཞིག་གིས་གཅོད་མ་ཐུབ།
ཁྲག་དྲོན་ཡིན་པས་ཨེ་ཡིན་ནམ།
ཁྱོད་དང་ང་ཡི་བར་ཐག
གཟུགས་སྒྲ་དྲི་རོ་རེག་བྱ་གང་གིས་ཀྱང་གཅོད་མ་ཐུབ།
སེམས་པ་ཡིན་པས་ཨེ་ཡིན་ནམ།
ཆ། དོ་ནུབ། ཅིས་ཀྱང་སུ་ཞིག་དྲན་དགོས་ཟེར་ན།
ངས། རྒོད་ལ་ཤོར་བའི།
རྟ་ཕོའི་རྨིག་རྡུལ་དྲན་སྲིད།
ངས། གཡུང་ལ་ཕབ་པའི།
འབྲོག་ཁྱིའི་ཟུག་འཐེན་དྲན་དགོས།

ཇ། ཁྱོད་དྲན་གི


 མཚན་མོ་མ་རེད།
མཚན་མོ་ཡིན་ནའང་།
ཁྱོད་མུན་པའི་དྭངས་མ་ཡིན་ན་བསམ་གི
ཉིན་དཀར་མ་རེད།
ཉིན་དཀར་ཡིན་ནའང་།
ཁྱོད་ཉི་མའི་ཁོལ་མ་ཡིན་ན་བསམ་གི
སྙན་ངག་མ་རེད།
སྙན་ངག་ཡིན་ནའང་།
ཁྱོད་ཚོར་བའི་ནང་མ་ཡིན་ན་བསམ་གི

ཉ། ང་ཡི་འབྲོག་མོ།


 སྨུག་པའི་གསེང་གི་རི་རྩེ།
རི་རྩེའི་བསང་དུད་ད་དུང་ཡལ་མི་འདུག
དར་ལྕོག་མང་སའི་རི་སྒང་དེ་ནས།
ང་ལ་ལ་གཞས་ལེན་མཁས་པའི་བུ་མོ་ཁྱེད།
ད་དུང་ལུག་ཁྱུའི་འདབས་ན་ཡོད།
མིག་ཟུང་གི་འཛུམ་མདངས་མ་ཡལ་བར།
མཁུར་ཚོས་ཀྱི་དམར་ཤ་མ་དག་པར།
ད་དུང་ངའི་ལོག་ཕེབས་ལ་རེ་ཞིང་སྒུག་ཡོད།

ཏ། ཁྱོད་ཀྱིས་ཨ་མ་གར་ཡོད་མི་ཤེས་ན།


 རི་གསུམ་རྩེ་ན་ཡོད།
ལོ་ཟླའི་ཁ་བ་རླུང་གིས་བསེད་ཀྱིན་ཡོད།
ལུང་གསུམ་མདོ་ན་ཡོད།
མི་ཚེའི་རི་མོ་བཙག་གིས་བརྐོ་བཞིན་ཡོད།
མཐའ་མཇུག་གི་རྩྭ་ཐང་ན་ཡོད།
མཐའ་མཇུག་གི་མཚེར་ས་ཁེར་རྐྱང་གིས་སྲུང་བསྡད་ཡོད།

ཐ། ཨ་མའི་ལག་པ།


 ཆུ་འཁྱག་ཏུ་ཨ་ཤུ་བསམ་སྤྱད་མེད་པ་དེ།
མེ་ནུར་དུ་ཨ་ཚ་ཟེར་སྤྱད་མེད་པ་དེ།
རླུང་དམར་དུ། བཙག་ནག་ཏུ།
འཁངས་ཤིང་འཁོབས་པར་ཅི་མི་སྙམ་པའི་ལག་པ་དེ།
ལག་པ་དེས་ང་ལ་ཆུ་ལེན།
ལག་པ་དེས་ང་ལ་ཨོང་བ་འཐུ།
ལག་པ་དེས་ང་ལ་མེ་ཁ་གསོ།
ལག་པ་དེས་ང་ལ་འོ་ཇ་ཁོལ་མགོ་འདྲེན།
ལག་པ་དེས་སྨྲ་བ་མེད་པར།
ང་ལ་དུས་ཚིགས་ཀྱི་ཚ་གྲང་སྙོམ་གིན་དུ།
ལག་པ་དེས་སྨྲ་བ་མེད་པར།
རང་ཉིད་ལ་ལོ་ཟླའི་སེར་ཀ་གསོག་གིན་འདུག

ད། དབྱར་ཁའི་ཆར་བ་ཟམ་ཟིམ།


ངས་དབྱར་ཁའི་ཆར་བ་ཟམ་ཟིམ་དེ་མཐོང་བྱུང་།
ངའི་སེམས་སུ་ག་ལེར་བབས་པ་མཐོང་བྱུང་།
འཁྱགས་སིབ་སིབ་ཏུ་བབས་པ་མཐོང་བྱུང་།
ངས་ཟླ་བ་མེད་པའི་མཚན་མོ་ཞིག་ལ།
འབྲུག་སྒྲ་དང་གློག་ཞགས་ཅི་ཡང་མེད་པར།
དབྱར་ཁའི་ཆར་བ་དེ་ཟམ་ཟིམ་དུ་བབས་པ་མཐོང་བྱུང་།
ངས་མིའི་རིགས་ཀྱི་མཚན་མོ་ཞིག་ལ།
རང་བྱུང་གི་ཆར་བ་དེ་ཟམ་ཟིམ་ངང་།
མི་ཡུལ་གྱི་བདེ་སྡུག་ལ་འཐིམ་པ་མཐོང་བྱུང་།
ངས་དབྱར་ཁའི་ཆར་བ་དེ་ཟམ་ཟིམ་ངང་།
ཕ་ཡུལ་གྱི་དབྱར་མཚེར་ལ་བབས་པ་མཐོང་བྱུང་།
མཚེར་སྟོང་གི་དབེན་སིམ་དང་མྱ་ངམ་ལ་བབས་པ་མཐོང་བྱུང་།
ངས་དབྱར་ཁ་ཧྲལ་བོ་ཞིག་ལ་སྒུག་སྒུག་མཐར།
དབྱར་ཁའི་ཆར་བ་དེ་ཟམ་ཟིམ་ངང་།
རང་ཉིད་ཀྱི་མིག་གོང་ནས་སྙིང་ཁམས་སུ་ཟུག་པ་མཐོང་བྱུང་།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།