2019ལོའི་ཙོང་ཁ་ཚེ་བརྟན་རྒྱལ་གྱི་གསར་བྲིས་སྙན་ངག(3)

23197

ཁྱེད་སུ་ཞིག་གི་འཇིག་རྟེན་ན་ཡོད།

     རྒྱ་མཚོ་དང་གྲུ་གཟིངས།
    ད་དུང་ཌཱི་སཱིཁཱོའི་དབྱངས་རྟས།
    ང་ཐག་རིང་ལ་ཁྲིད་ཐེངས་ཤིག

    ངའི་མིག་ནི་ཚེར་མའི་མེ་ཏོག
    ལཱེ་སཱ།
    ངའི་མིག་ལ་སིམ་པའི་ཁྱེད།
    སུ་ཞིག་གི་འཇིག་རྟེན་ན་ཡོད།

    དྲན་པའི་ཡུལ།
    ཨ་རག་ཁམ་གང་།
    བོར་བའི་ཡུལ།
    ཁ་བ་ཐེངས་ཤིག

    ལཱེ་སཱ།
    ག་རེ་ག་རེ།
    གཏམ་རྒྱུད་ལ་ཁེན་པའི་ཁྱེད།
    འོང་པ་སྐད་ཅིག
    འགྲོ་པ་གློ་བུར།

    ཁྱེད་ནི་ལཱེ་སཱ།
    སེམས་པས་རུམ་ཐེངས་དེར།
    ཁྱེད་སུ་ཞིག་གི་འཇིག་རྟེན་ན་ཡོད།

                        2019/07/12–13

ལོ་འདི་ཚོ།

     གྱེས་བྲལ་ཡིན་ན།
    བདེ་མོ་མི་འདུག

    ཡང་སུ་ཞིག་གི་འཁྱམས་པོ།
    ལས་དབང་ཟེར་བཞིན།
    ངུ་ཐེངས་རེར།
    མིག་ཆུ་ནི་བྲེད་ཤ་ཞིག

    གང་ལ་འགྲོ།
    རླུང་གིས་ཁུར་འགྲོ་བའི་གཞས་ཤིག་མ་ཡིན།
    ང་ལས་ཤོར་བའི་སྙིང་གཏམ་རེ།
    བདག་པོ་ང་མིན་ནམ།

     སྨོན་ལམ་གྱི་ལོ་དང་ཟླ།
     དྲོད་ཁོལ་ཅི་ཙམ།

     གྱེས་བྲལ་མིན་ན།
     བདེ་མོ་རེ་རེ།
     རང་སེམས་ལ་གསོག་སྙམ།

                    2019/07/17-18

ཡང་སྨུག་པས་ངའི་གངས་རི་ཁྱེར་ཐལ།(1)

     གལ་ཏེ་ཁྱེད་ལ་བཤད་ཆོག་ན།
    ཡང་སྨུག་པས་ངའི་གངས་རི་ཁྱེར་ཐལ།
    འོང་བའི་རྣམ་ཤེས།
    འཁྱར་བའི་རྣམ་ཤེས།
    ཅིས་ཀྱང་རྨི་ལམ་ཟེར་ན།
    ང་ལ་སྒུག་རོགས།

    རྩྭ་ཐང་ནི་ཁྱེད་ཀྱི།
    རི་བོའི་ཕ་རོལ།
    གངས་རི་ནི་ང་ཡི།
    རི་བོའི་ཕ་རོལ།
    འདར་འདར།
    སྟོང་སྟོང་།
    རང་ཉིད་ཀྱི་ལོ་ཟླ།
    གཞན་ཞིག་ལ་བཅོལ་བ།
    སེམས་འཁྱག་གི

    ཡང་སྨུག་པས་ངའི་གངས་རི་ཁྱེར་ཐལ།
    རྗེས་སུ་ཤོར་བའི་མིག་ཟུང་།
    མིག་ཟུང་སྟོང་བའི་རྗེས་སུ།
    ང་ནི་ཁྱེད་ཀྱི་དབུགས་རིང་ཞིག

          2015/08/09--12

ཡང་སྨུག་པས་ངའི་གངས་རི་ཁྱེར་ཐལ།(2)

     གངས་རི་འབོད་དོན།
    དྲན་གདུང་ཞིག
    ཡང་སྨུག་པས་ངའི་གངས་རི་ཁྱེར་ཐལ

    སྨུག་པ་རྐྱང་རྐྱང་།
    གང་ནས་ལྷུང་།
    མིག་ཟུང་གཏད་ས།
    བཙལ་བཙལ་བའི་ཡུལ་གྲུ་ཞིག

     གངས་རི་འབོད་དོན།
     ཕ་རོལ་ཞིག
     ཕ་རོལ་མང་ཚུལ།
     དངངས་སྐྲག་ཅིག

     སྨུག་པ་རྐྱང་རྐྱང་།
     དུས་ཚིགས་ཤིག
     ཡང་སྨུག་པས་ངའི་གངས་རི་ཁྱེར་ཐལ།

                      2019/07/24-25

གལ་སྲིད་ཡང་བསྐྱར་ཐུག་ན།

     གལ་སྲིད་ཡང་བསྐྱར་ཐུག་ན།
    ཆུང་དུས་ཞེས་པའི་ལོ་ཟླ།
    ང་གཅིག་པུའི་མ་ཡིན།
    ཁྱོད་ཡོད་པས།
    དྲན་དང་དྲན།

    གལ་སྲིད་ཡང་བསྐྱར་ཐུག་ན།
    ཡོད་ཚད་ལ་ཕ་རོལ་ཟེར་བ།
    རི་དང་ཆུ་མ་ཡིན།
    ཁྱོད་མེད་པས།
    སྡུག་དང་སྡུག

    གལ་སྲིད་ཡང་བསྐྱར་ཐུག་ན།
    མི་ཚེ་ཞེས་པའི་གྲིབ་མ།
    མིག་ཆུ་རུ་བཞུར་པ་མ་ཡིན།
    ཁྱོད་ཡོད་དང་མེད།
    ཡང་དྲན་དང་དྲན།

        2019/02--07/30

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།