གཅན་མེ་སྟག་གི་གསར་བྲིས་སྙན་ངག་གསུམ།

22624


      ལྷ་སར་མ་ཐོན་གོང་ལ།



ལྷ་སར་མ་ཐོན་གོང་ལ།
ངས་རྨི་ལམ་གྱི་ཁུ་བ་ཤོར་བའི།
དོར་ཐུང་འདི་ཐེངས་གཅིག་བཀྲུ་དགོས།
རྐང་འབོལ་གྱི་གོང་མཛུབ་སྟེང་ལ།
ལྷན་པ་དཀར་པོ་ཞིག་བཙེམས་དགོས།
དེ་ནས་སྟོང་བར་གྱུར་བའི་ཆང་དམ་ཁ་ཤས་དང་།
ནང་སྙིང་བྲུས་པའི་སྒོང་ཤུན་རེ་གཉིས།
ཡལ་ག་ཟད་པའི་ཕྱགས་མ་དེ་དག་བསྡུས་ཏེ།
ངས་ལྷ་སར་མཇལ་བའི་དད་རྟེན་དུ་ཁྱེར་དགོས།

ལྷ་སར་མ་ཐོན་གོང་ལ།
ངས་ཨ་མའི་ཞབས་ལ་མགོ་བོ་གཏུགས་ནས།
ཕྱག་གསུམ་འཚལ་དགོས།
ཡུལ་ལྷར་མཆོད་པའི་བསངས་དུད་ཀློང་ནས།
རང་ཉིད་གཙང་བཀྲུས་ཐེངས་གཅིག་བྱེད་དགོས།
དེ་ནས་ཡུལ་མི་གཉེན་ཉེ་དག་གི་སྨོན་འདུན་དང་།
རྒྱང་རིང་ཡུལ་འཁྱར་བ་དག་གི་ན་ཟུག
འདི་ཕྱོགས་དང་དེ་ཕྱོགས་ཀྱི་ཞེ་སྡང་དག་བསྡུས་ཏེ།
ངས་ཇོ་བོར་འབུལ་བའི་མཆོད་རྫས་སུ་ཁྱེར་དགོས།

ལྷ་ས་རུ་ཐོན་རྗེས།
ངས་“འདི་ང་ཡི་ལྷ་ས་མ་རེད།
འདི་པེ་ཅིན་ནུབ་ལམ་གྱི་ཇ་ཁང་ཞིག་རེད”ཅེས་དང་།
“ང་ལ་ང་ཡི་ལྷ་ས་ཕྱིར་སྟེར་རོགས་དང་།
དེ་ནི་ངའི་ཡབ་མེས་མང་པོའི་དད་མདུན་གྱིས་སྲུང་བའི།
མི་ལོ་ཁྲི་ཡི་ཕ་ས་ཡིན”ཞེས།
ང་རོ་སྒྲོགས་མི་སྲིད།

ངས་ཅི་ཡང་མ་མཐོང་ཞིང་།
གང་ཡང་མ་ཐོས་ལ།
ནམ་ཡང་མ་ཤེས་པའི་ཚུལ་གྱིས་བསྡད་དེ།
ཕོ་བྲང་པོ་ཏ་ལ་དེ་ཇི་ལྟར།
གནའ་རྫས་བཤམས་སྟོན་ཁང་ཞིག་ཏུ་འགྱུར་ཞིང་།
ར་ས་གཙུག་ལག་ཁང་དེ་ཇི་ལྟར་།
ཞིང་བྲན་མང་ཚོགས་ཀྱི་ཁྲལ་བསྡུ་ཁང་ཞིག་ཏུ་འགྱུར་བར་བལྟ་ངེས།



       ལྷ་སའི་ཉི་འོད།


 
ལྷ་སའི་ཉི་འོད་བར་བསྐོར་གླིང་དུ་འཕྲོས།
ལྷ་སའི་ཉི་འོད་བར་བསྐོར་གླིང་གི
མི་བཟང་དང་མི་ངན་སྟེང་དུ་འཕྲོས།
ལྷ་སའི་ཉི་འོད་བར་བསྐོར་གླིང་གི
གནས་མཇལ་བ་དང་ཉེན་རྟོག་པའི་སྟེང་དུ་འཕྲོས།
ལྷ་སའི་ཉི་འོད་པོ་ཏ་ལའི་རྒྱ་ཕིབས་སྟེང་དུ་འཕྲོ་བ་མ་ཟད།
ལྷ་སའི་ཉི་འོད་ཨ་ཅག་ཤི་ལོག་གི་རྒྱབ་གཞུང་ནས།
ཚོ་ཞིང་རྒྱགས་པའི་འཕོངས་ཚོས་སྟེང་དུའང་འཕྲོ་བར་བྱེད།

ལྷ་སའི་ཉི་འོད་ལ་ཕྱོགས་རིས་མི་འདུག་ཟེར།
ལྷ་སའི་ཉི་འོད་ར་སའི་ལམ་ནས་འཕྲོས་ཏེ།
གཡུ་ཐོག་ལམ་དུ་ཡལ་རག་བར།
ལྷ་སའི་ཉི་འོད་ཡུལ་སྤྲང་བ་དང་།
སྨད་འཚོང་མའི་སྟེང་དུ། ཡུད་ཙམ་འཕྲོ།
ལྷ་སའི་ཉི་འོད་སི་ཁྲོན་པ་དང་ཨ་མདོ་བའི་སྟེང་དུ།
ཡུད་ཙམ་འཕྲོ།
ལྷ་སའི་ཉི་འོད་རྫོང་རྒྱབ་ཀླུ་ཁང་གི་བསྐོར་ལམ་ནས།
ཉི་མའི་གླིང་ཕྲན་གྱི་སྤྱོད་ཁང་སྟེང་དུའང་།
ཡུད་ཙམ་འཕྲོ།

ལྷ་སའི་ཉི་འོད་ལ་དྲོ་གྲང་མི་འདུག་ཟེར།
ལྷ་སའི་ཉི་འོད་དམར་པོའི་རིའི་བསངས་ཁྲིའི་སྟེང་དུ་འཕྲོ་ཞིང་།
ལྷ་སའི་ཉི་འོད་སྐྱིད་ཆུའི་འཁྱག་རོམ་སྟེང་།
ཡུད་ཙམ་འཕྲོ།
ལྷ་སའི་ཉི་འོད་མི་སེམས་དྲོད་འཇམ་གྱི་དད་པའི་ངོགས་སུ་འཕྲོ་ཞིང་།
ལྷ་སའི་ཉི་འོད་མེ་མདའི་གྲང་རེག་གི་མདེའུ་ཁུང་ཁ་རུ།
ཡུད་ཙམ་འཕྲོ།

དེ་ལྟར་བལྟས་ན།
ལྷ་སའི་ཉི་འོད་ལ་རང་ཚུགས་ཅི་ཡང་མི་འདུག་སྟེ།
བཙན་པོའི་རྒྱལ་རབས་སུ་ཉི་འོད་དཀར་པོ་དང་།
དམར་པོའི་རྒྱལ་རབས་སུ་ཉི་འོད་དམར་པོ།
རྒྱང་བཞུད་པའི་མིག་ལམ་དུ་ཉི་འོད་སེར་པོ་དང་།
རེ་སྨོན་ཅན་གྱི་སེམས་ཁ་རུ་ཉི་འོད་ལྗང་ཁུ་སྟེ།
སྐད་ཅིག་སྐད་ཅིག་ལའང་།
ངའི་མགོ་ཐོག་ཏུ།
ཉི་འོད་སྔོན་པོ་ནས་ནག་པོར་འགྱུར་བཞིན་འདུག


         འདི་ལྟར་ཤི་སོང་ན།


 
ང་འདི་ལྟར་ཤི་སོང་ན།
གསལ་བྱེད་སུམ་ཅུ་བོ་ཇི་ལྟར་བྱ།
བཀྲུས་བཀྲུས་ནས་ཁ་དོགས་ཀྱང་ཡལ་བའི།
བརྡ་སྤྲོད་ཀྱི་ལྭ་བ་འདི་དག་ཇི་ལྟར་བྱ།

སྤོས་ཀྱིས་གདུག་ཀྱང་ཆང་གིས་མཆོད་པའི།
མཆོད་སྒྲོམ་གྱི་དབྱངས་ཡིག་བཞི་བོ་ཇི་ལྟར་བྱ།

འདང་བརྩེ་ཡི་དབང་གིས།
ངའི་ཆེད་དུ་རང་སྲོག་བློས་བཏང་བའི།
སྙན་ངག་གི་དཔེ་དང་གཟུགས་རྒྱན།
རབ་བཏགས་དང་བསྡུས་བརྗོད་འདི་དག
ཇི་ལྟར་བྱ།

ང་འདི་ལྟར་ཤི་སོང་ན།
ངའི་ལུས་ལ་མེ་ཏོག་དང་དྲི་ངད་གཏོར་བའི།
མངོན་བརྗོད་དང་བརྡ་དག་ཚོགས་ཀྱིས།
ཅི་ཞིག་བྱ།

ང་འདི་ལྟར་ཤི་སོང་ན།
ངའི་མིག་དང་སེམས་ལ་འབྱར་བའི།
བོད་ཀྱི་ཡི་གེ་འདི་དག
དྭ་ཕྲུག་ཏུ་འགྱུར་ངེས།

ཡུན་རིང་གི་ལོ་ཟླའི་ནང་།
ང་དང་གྲུབ་མ་ལྟར་འགྲོགས་པའི།
ཚེག་དང་ཤད་འདི་དག
སྐྱོ་གདུང་གིས་ཤི་ངེས།

ད་ཅི་བྱེད་དམ།
ང་ནི་ཤི་རན་སོང་།
མྱུར་བ་མྱུར་བར་མ་ཤི་ན།
ངས་བྲིས་ཤིང་འབྲི་འགྱུར་གྱི།
སྙན་ངག་འདི་དག་ཀྱང་།
དུས་རབས་ཀྱིས་བསྣུབས་ཤིང་།
མི་རྟག་པས་ཟོས་ཏེ།
མི་རབས་ཕྱི་མར་སླེབས་དུས།
ལྷག་བསམ་འདིའི་རུས་པ་སྤར་མོ་གང་ཡང་།
ལྷག་རྒྱུ་མ་རེད།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།