རུས་པའི་བཅད་མ་སྐོར་ཞིག་ཆེད་འགོད་བྱས།

20419


རུས་པ་ལགས་ངོ་སྤྲོད།

ཚེ་རིང་བཀྲ་ཤིས། པིར་མིང་ལ་རུས་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། 1975ལོར་མཚོ་ལྷོ་མང་རྫོང་བྱ་མདོ་ཆོས་ཚ་སྡེ་བ་རུ་སྐྱེས། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་བྱ་བ་སྒྲུབ་བཞིན་མཆིས། ལས་ཞོར་དུ་གསར་རྩོམ་བྱས་པའི་རླུང་འཕྲིན་འཁྲབ་གཞུང《པ་སངས་ཀྱི་རྨི་ལམ》 དང 《གསར་འགོད་པ་ཞིག་གི་ཉིན་བཅུའི་ཟིན་ཐོ》 《གྲོང་ཁྱེར་གྱི་འཚོ་བ》《མཛེས་པའི་ཡུལ་གྲོང་བྲག་དམར་སྡེ་བ》 《གཅེས་ཕྲུག》བཅས་བསྡོམས་པས་འཁྲབ་གཞུང་དྲུག་ལ་ཞིང་ལྗོངས་ལྔའི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུའི་སྟེང་སོ་སོར་བྱ་དགའ་གཟེངས་གྲས་ཐོབ་པར་མ་ཟད། རོལ་མོ་དང་རྩོམ་རིག ལོ་ཙཱ་སོགས་བྱ་བའི་ལས་ཀ་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་དང་ཆེད་སྒྲིག་ལེ་ཚན་སྐོར་ཅིག་ལའང་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གཟེངས་རྟགས་ཐོབ་མྱོང་། འཐུས་ཚབ་སྙན་ངག་བརྩམས་ཆོས་ལ《མཐའ་མཇུག་གི་རྩྭ་ཐང་དང་དེའི་རྫི་བོ》 《བུ་ལ་གནང་བའི་སྙན་ངག》 《རྡོ་ལས་བཞད་པའི་ལྷ་ས》 《དབྱངས》 སོགས་ལས་གཞན 《ཧི་མ་ལ་ཡའི་སྲས་མོ》 བརྙན་འཕྲིན་ཟློས་གར《འཚར་ལོངས་སྐྱ་བོའི》 བརྗོད་དོན་གླུ་དབྱངས 《ཆག་འཇིག་གི་ལོ་ཟླ》 《གསེར་རྟའི་བུ་མོ》སོགས་གཞས་ཚིག་སྐོར་ཅིག་ཀྱང་གསར་རྩོམ་བྱས་ཏེ་གསན་མཁན་རྣམས་ལ་བག་ཆགས་ཅུང་ཟབ་བཞག་ཡོད་པ་དང་། ཉེ་ཆར། མི་ལོ་ཉི་ཤུའི་རིང་གི་གསར་རྩོམ་གྲུབ་འབྲས་སུ་བསྙད་པའི་སྙན་དེབ་ཐོག་མ《རྡོ་ལས་བཞད་པའི་ལྷ་ས》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།




   གཡེངས་ཤིང་འཕྱོ་བ་དག


 
འཁོར་བ་འདི་ཉིད་གཡེངས་ཤིང་འཕྱོ་བ་ལས།།
གསལ་སྒྲིབ་རྩ་རྩེའི་གར་ཡང་མ་རྙེད་ཀྱང་།།
ཚེ་སྲོག་སྒྱུ་མའི་གར་གྱི་འཇའ་ཚོན་འདི།།
མི་འཇིག་བདག་གིར་འཛིན་ལ་བཅོས་སུ་མེད།།

ངོ་གདོང་ལྐོག་གི་རྣམ་རྟོག་ལྕགས་ཟངས་འདིར།།
སྐྱོམ་འཇགས་བྱེ་བ་ཁྲག་ཁྲིག་གདུ་ནའང་།།
ཕྱི་རུ་མངོན་པའི་སྣང་བ་དགའ་སྐྱོ་ལས།།
གཞན་ཅིག་མེད་པར་དོགས་མཚར་རྩ་ནས་ཟ།།

ཉིན་དང་སྲིབ་ན་འཁྱར་པའི་མི་ཚེ་འདི།།
རིང་ནས་རིང་དུ་མཚམས་མེད་བཞུད་ནའང་།།
འཁོར་ཞིང་འཁོར་ནས་དབབ་སའི་བསྟི་མལ་དེ།།
ངེས་མེད་གནས་སུ་རྟོགས་པས་ཨ་ཐང་ཆད།།

དྲིན་གྱི་རྟིང་མར་དྲིན་ལན་མ་གསབ་ཅིང་།།
ཕུགས་ཀྱི་མོས་པར་འཛིན་ཐག་མ་བརྒྱུས་ཀྱང་།།
ལ་ཤར་ལུང་ཤར་ལྟ་བུའི་འདས་པ་ཉིད།།
གསོན་པའི་རྟགས་སུ་བཞག་ཀྱང་འགལ་ཆ་ཅི།།

ཉིན་གྱི་འཛུམ་ལ་གཤེད་མའི་དམར་དྲི་འཐུལ།།
མཚན་གྱི་རྔུར་བར་འཆི་བའི་བརྡ་རྟགས་འབེབ།།
སང་ཉིན་ཅི་ཡིན་འཁེལ་ཐབས་ཡེ་མེད་པས།།
ད་ནི་མཚན་མོའི་པང་ལ་མགོ་བོ་འཇོག།

       ཉི་མ་ལྷ་སར་བསྐྱོད་པའི་ལམ་བར་གྱི་མཚན་མོར་མེ་འཁོར་ལས་གང་དྲན་སྤེལ་བ།
       2017.7.2



   སྙིང་བོ་ཡོད་མེད་ཀྱི་ཧྲག་བར།


 
ད་ནི་མགོ་བོ་ཡར་ལ་དགྱེ་ཙམ་གྱིས།།
གནས་འདིའི་མཐའ་དང་དབུས་ལ་འཇུག་པ་ན།།
ཤེས་པ་ཉོབ་ཅིང་སྤྱོད་པ་གཡེན་བྲལ་འདི།།
བྱ་སྒྲོ་ཇི་བཞིན་གང་སར་གཡེངས་པ་མཐོང་།།

མིག་གི་རྒྱལ་མོའི་གཏིང་གི་རལ་གྲི་དེ།།
ལྕགས་ཀྱི་མགྲིན་པའི་ཤུབས་ལས་ཕྱུང་མ་ཐག།
དུད་འགྲོའི་ཁྱུ་ཚོགས་ཧར་གྱིས་ཡར་ལྡང་ནས།།
རྔ་འཚུབ་གློ་ལུ་རྒྱག་གིན་མདའ་ལ་ཕྱོགས།།

མུན་པའི་གསེབ་ཀྱི་ཉི་ཐིག་ཕྲ་མོ་དེའི།།
ལོ་འདབ་ཟད་ནས་གཞུང་རྟ་རྙིད་གྱུར་ཅིང་།།
ལྷ་ཡི་བུམ་ལས་ཐོར་བའི་མེ་ཏོག་དེས།།
དུག་གི་རླངས་པ་འཇིབ་ཀྱིན་རང་སྲོག་གཅོད།།

ཉ་མོ་མྱ་ངམ་ཐང་དུ་ལྡིང་བ་དང་།།
གནག་ཕྱུགས་རྒྱ་མཚོའི་འཇིངས་སུ་བཀྲམས་པ་ཡི།།
མི་སྲིད་སྣ་དགུ་དབང་བོའི་སྤྱོད་ཡུལ་ལ།།
སྣང་འདི་གཅེར་བུའི་ཚོགས་ཀྱི་དུར་ཁྲོད་འདྲ།།

ཆང་ཕོར་ཁ་ལ་ལྟེམས་པའི་དབྱངས་ཅན་མས།།
དབང་རྩ་འབུམ་ཕྲག་ག་ལེར་དཀྲོལ་བ་ན།།
འབྲུག་པའི་གླུ་གཞས་ལྟ་བུའི་ཕོ་བྲང་ཞིག།
སྤྲིན་གྱི་རི་མོའི་དབུས་སུ་སྣང་ཙམ་སྣང་།།

མ་རིག་ཉོན་མོངས་ས་བོན་བཏབ་ནའང་།།
བྱམས་བསྐྱེད་མེ་ཏོག་ལྷག་གེར་བཞད་འོང་པས།།
གངས་རིའི་འདབས་ཀྱི་མེས་པོའི་དབྱར་ཁ་ཡི།།
ཡུན་ཐུང་ཚེ་ལ་རྫོགས་ལྡན་ཁྲི་མ་འབུམ།།

གསུང་རབ་བྲག་གི་ཐེམ་པའི་ངོས་ཀུན་ཏུ།།
སྲིན་བུས་བཤང་གཅི་འདོར་བ་མཐོང་ཙ་ན།།
ཨ་ཧུ་དངངས་འདར་དར་ཅིག་ལུད་པའི་རྗེས།།
རང་ཉིད་ཅི་ཞིག་ཡིན་པ་ཡེ་མ་ཁེལ།།

གང་བུའི་ངོས་སུ་འཚེར་བའི་ཆུ་ཟིལ་དེ།།
འགྲོ་ཞོར་སྙིམ་པས་ག་ལེར་རེགས་ཙ་ན།།
ས་ལ་ཐིམ་ཞིང་ཁད་ཅིག་བསྐམས་པ་ན།།
དེ་རུ་བཤགས་པའི་ཚ་བསུར་སྤར་གང་བཏབ།།

ཕྱི་རུ་ཁ་དོག་ཇི་སྙེད་བཞད་པ་བཞིན།།
ནང་གི་དེ་ཉིད་དེ་བས་ཕུན་ཚོགས་པས།།
སྐྱེས་ནས་འཆི་བའི་དབར་གྱི་ལམ་ཐིག་དེ།།
སྙིང་བོ་ཡོད་མེད་གཉིས་ཀྱི་སྣེ་རུ་བརྐྱངས།།


                                2017ལོའི་མཚན་སྨད་དུ་རང་ཁྱིམ་ནས་སྤེལ།

   


    གཉིད་ལས་དྭངས་པ།


 
སེམས་ཀྱི་སྟ་གོན་སྔར་ནས་ཡོད་ཙ་ན།།
སྐྱ་རེངས་བཏེགས་མ་ཐག་ཏུ་གཉིད་ལས་སད།།
ཉི་འོད་ལེབ་མོ་ལེབ་མོ་ས་ལ་ལྷུང་།།
རིམ་གྱིས་གངས་རིའི་ཚོགས་ཀྱང་ལྷང་ལ་བུད།།

བ་མོ་ཆགས་པའི་སྣུམ་ལམ་སྐྱ་བོའི་སྟེང་།།
ཟོང་འགྲུལ་རླངས་འཁོར་ཤར་ནས་ཤར་ལ་བགྲོད།།
ཕོ་རོག་ཁ་ཤས་ལྡིང་སྐོར་བྱེད་པ་ལས།།
རྫི་བོ་ཞིག་གི་གླུ་སྐད་ཡེ་ནས་དབེན།།

སེམས་འདི་ཐང་ཆེན་ཞིག་ལ་བཀྲམས་ནའང་།།
བློས་བསླངས་ཁོ་ནས་རྣམ་རྟོག་འཚོལ་དགོས་པས།།
བརྩེ་བ་འདོན་པའི་ཐ་སྙད་ཁེགས་པ་འདི།།
ཨ་ཆེན་གངས་རྒྱབ་རིང་མོའི་རྟགས་སུ་མངོན།།

མེ་འཁོར་ལན་རེར་མགྱོགས་ལ་ལན་རེར་དལ།།
སེམས་འདི་ལན་རེར་སྨྲེང་ལ་ལན་རེར་འཁུམས།།
འཁོར་སྒམ་ནང་གི་འཁྲིག་ཆའི་དབུགས་རླངས་ཀྱིས།།
དབེན་པའི་རི་ཀླུང་ཀུན་ལ་སེར་ཐིག་འཕེན།།

འཚང་ཁ་བརྒྱབ་ནས་ཁ་ལག་བཀྲུས་པ་དང་།།
མར་རྩམ་ཟ་བཞིན་ཞོགས་ཇ་འཐུང་རྗེས་སུ།།
ཤ་སྐམ་འཆའ་བའི་རྒྱ་མིར་ལྟ་བཞིན་དུ།།
དམིགས་བརྩེ་མ་ཞིག་བློ་ལ་ཤར་གྱིས་བསྐྱོར།།
              དབུས་ལམ་ཨ་ཆེན་གངས་རྒྱབ་ནས་སྤེལ། 2017.7.3

    


      ནག་ཆུའི་ཆར་བ།


 
ཉི་མའི་ངོགས་སུ་ཆར་བ་ཟིམ་ཟིམ་འབབ།།
རྟ་ཞོན་ཁ་ཤས་ཨེ་མཐོང་རིག་རིག་བལྟས།།
སྤང་རྩྭ་འགེམ་པའི་ནོར་ནག་བཅུ་ཕྲག་འགའ།།
སྨུག་པ་སྲབ་མོས་རྒྱང་ལ་དེད་པ་ན།།
གླུ་ཞིག་ལེན་འདོད་མགྲིན་པ་རྩ་ནས་འགག

ལྕགས་ལེབ་སྔོན་པོའི་སྟེང་ན་ཡིག་ནོར་འཁྱར།།
དེ་ཡི་གམ་གྱི་འབྲོག་མིས་གུས་འདུད་ཞུ།།
གན་ནི་ཅི་ཡིན་འདྲི་བའི་འགྲུལ་རོགས་དེར།།
མཐོང་སྒང་པ་ཚོ་ཞེ་དག་མགྲོན་ལ་དགའ།།
ཟེར་བཞིན་རང་གིས་རང་ལ་ལྷན་པ་བརྒྱབ།།

ཨ་མདོ་ནག་ཆུའི་མཚམས་ཀྱི་རྩྭ་ཐང་དེ།།
གོར་མོ་གདང་ལར་བལྟས་ནས་བཟང་མོད་ཀྱང་།།
འབྲོག་སྟོང་ཡུལ་གྱི་རུ་སྡེ་ཐ་ཐོར་དེའི།།
མ་འོངས་འཕོ་འགྱུར་སུར་ཡང་མི་གསལ་པས།།
ཆར་བ་རུམ་ལ་ལྡུག་བཞིན་མུ་རུ་སྐྱོད།།

སོག་པོའི་དམག་གི་སྨུག་རྡུལ་དྭངས་ཙ་ན།།
བཅིངས་འགྲོལ་དམག་ཀྱང་འདི་ནས་ཧུར་བགྲོད་བྱས།།
རྗམ་བརྗིད་རྗེས་ཤུལ་དབེན་པའི་མཁར་སྒོ་འདི།།
ད་ལྟ་དེ་ག་ཙམ་ལས་མ་འདས་ཞེས།།
ཁེར་ལབ་ཕྱི་ནང་ཟིལ་བས་ཡང་ཡང་བྲན།།

འདི་ནས་ཚིགས་མལ་རྗེས་མ་འདམ་གཞུང་རེད།།
དེ་ཡང་དྲོ་གྲང་ཞིག་གི་ཁྱད་པར་ལས།།
ནག་ཆུ་པ་དང་ཁྱོན་ནས་དབྱེར་མེད་པས།།
ད་ནི་སྨུག་པར་ཀུན་རྟོག་བགྱི་བཞིན་དུ།།
རེབ་འདིའི་བཞུད་ལམ་བདེ་བའི་སྨོན་འདུན་ཞུ།།

           2017.7.3ཉིན་ནག་ཆུར།


མེ་ལོང་བཙའ་རོ་ཞིག་ལ་བྱི་དོར་བྱས་པ།


 
གདོད་གྲུབ་བྱམས་སྙིང་བྱང་གི་འཕགས་པ་དང་།།
ཆགས་སྡང་འགྲས་གསུམ་ཅིག་ཅར་སྐྱ་འཐབ་ལས།།
གཡོ་ཞིང་འཇགས་པའི་འདུ་བྱེད་སྣ་ཚོགས་པ།།
བྱེ་མའི་ངང་གིས་ནུར་ནུར་འབབ་པ་དང་།།
མུན་དང་འོད་ཟེར་འཐབ་པའི་རལ་གྲིའི་ངོས།།
མི་མིན་འདྲེ་མིན་ལྷ་མིན་གཟུགས་ཆགས་དུས།།
ཞོགས་པའི་ཉི་ཟེར་བཅུས་ནས་ཁྲུས་ཤིག་བརྒྱབ།།
སྲོད་ཀྱི་མཚམས་སྤྲིན་འཚེམ་ནས་གོས་ཤིག་བཟོས།།
མཚན་མུན་མུར་བཞིན་ཞི་བར་སྐྱོད་པ་ལ།།
སྤྱི་མཐུན་ལས་ཟད་རྒྱ་བརྩོན་སེང་གེ་དང་།།
གསར་རྙིང་གཉིས་ཀྱི་དབྱེ་དར་རིན་བཟང་མཆོག།
ཁུ་རྔོག་འབྲོམ་ལ་སོགས་པའི་ལོ་ཙྭའི་རབས།།
རྒྱ་གར་བལ་དང་ཁ་ཆེ་ཡུལ་ཀུན་ཏུ།།
སྲོག་དོར་ཚ་འགུམས་ཇག་ཉེན་ལ་སོགས་ཀྱི།།
འཇིགས་བརྒྱད་དཔའ་དང་སྤོབས་པར་དྲངས་པ་དང་།།
གངས་རིའི་ལྗོངས་ལ་མར་མེ་བསྒྲོན་ཕྱིར་དུ།།
ཆོས་པ་ཨག་ཚོམ་ཅན་གྱི་ཞབས་ལ་གཏུགས།།
གསེར་དངུལ་རིན་ཆེན་ཕངས་མེད་སྩོལ་བཞིན་དུ།།
ངག་ནི་བཤུམ་ཞིང་ལུས་ཀྱང་འདར་འདར་གྱིས།།
ཁ་བ་ཅན་ཉིད་དུས་ཀུན་བརྣགས་པ་ཡི།།
མེས་པོ་ཉི་ཟླ་སྐར་གསུམ་དྲན་པ་འདིས།།
ཚེ་རབས་ཀུན་ལ་དངོས་གྲུབ་འཇོ་བར་སྨོན།།

             2017.4.3ཉིན་སེམས་སྨྲེང་ཞོར་དུ་སྤེལ་བ།



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།