ཀ
བྲག་རྡོར་བརྐོས་པའི་མི་དང་དུད་འགྲོའི་གཟུགས་རིས་མཐོང་བའི་ཚེ
ང་ནམ་རྒྱུན་གཉིད་ཀྱི་བདེ་བ་དང་བྲལ་འགྲོ
ཁ
རླུང་བུ་ཞིག་གི་ལྡང་ཕྱོགས་ལ
ཉིན་མཚན་ལྟར་རྒྱང་བཀྱེད་ན ཆོས་འཁོར་ལྷ་ས་སྙིང་ལ་འཚང་འོངས
ག
ཚིག་གི་མདའ་མོ་འཕྲོ་རིམ་འཕྲོར་འཕངས་ན
རི་རབ་ལྷུན་པོའང གང་བྱུང་དུ་འགུལ་བས་ཅི་ཉེས་གསུངས
ང
ཏི་སེ་གངས་ཀྱི་དྲིལ་ལྕེ
གཤེན་རབ་མི་ཆེས་ལྷབ་ལྷུབ་གཡོ་བར་བྱའོ
ཅ
ལྐོག་གྱུར་ངང ཤོག་དཀར་ལྟ་བུའི་གངས་རི་འདིར་ཅེར་ནས
བོར་བའི་རྨི་ལམ་ཞིག་རྙེད
ཆ
སྤྲིན་པ་སྲབ་བུ་དག་ཕྱོགས་སོ་སོར་འཐོར
ཐག་རིང་གི་གྲིབ་མའང གཡོ་ཟོལ་གྱིས་དུམ་བུ་གཉིས་སུ་མཆེད
ཇ
སྐད་སྒྲ་མེད་པའི་རིན་པོ་ཆེ་དེ
ང་ཡི་མིག་གིས་མཐོང་དཀའ་སྟེ ཁྲ་ལམ་མེར་གཏིང་དུ་ཡིབ་ཡོད་པ་ཞིག
ཉ
མོ་ཊ་ཆག་པོ་དེས དབུགས་ཧལ་ཧལ་གྱིས་རྒྱབ་གཟུགས་ཙམ་ལས་མ་བསྐྱུར་ནའང
མཐོང་ཚད་དུ་རྒྱང་སྐྱེལ་ཡིད་ཚིམས་པ་ཞིག་བྱས
ཏ
སྲང་ལམ་དོག་པོ་ཞིག་གི་ཁེར་རྐྱང་ལས
སྐྱེ་བུ་འཆལ་བོ་དག་ལ་འགྲོ་ཡུལ་མེད་པ་ཤེས མ་རེད་དམ
ཐ
རྒས་འཁོགས་ཀྱི་ཀེང་རུས་འདིར ཉེ་དུ་རྩ་ལག་ཅུང་ཙམ་མཆིས་ན
བཀོད་དབྱིབས་མཛེས་པའི་སྙན་ངག་གི་ཕོ་བྲང་ཞིག་ཅིས་ཀྱང་བཞེངས་ཐུབ
ད
སྐྱོ་སྣང་འཚོལ་བྱེད་ཀྱི་སྐད་ཅིག་མའི་ཚོར་བ་འདི་དག
ཕྱོགས་བཞི་མཚམས་བརྒྱད་ནས སྒྲོ་འདོགས་ལྟར་ངའི་ཤ་ཁྲག་གི་གསེང་དུ་སིམས
ན
མཚན་མོ་རེ་རེའི་ཁེར་རྐྱང་གིས་མིག་ཆུའི་གཙང་པོ་བྲུག་ཡོང་ཚེ
སྒྲ་གཤེད་དང་ཙི་ཙིས་བཟུང་བའི་ཡུལ་འདི རྨང་ནས་ཁྱུར་མིད་དུ་གཏོང་ངེས
པ
ངལ་གསོ་བརྒྱབ་མེད་པའི་རྨི་ལམ
འཆི་འཕོ་དང་འབྲེལ་བ་གཏན་དུ་མེད་ནའང སྙིང་རླུང་སྟོད་ལ་འཚང་གིན་འདུག
ཕ
མ་བོས་མགྲོན་པོས
འཛུམ་དམུལ་དམུལ་གྱིས ངའི་ལག་པར་ལྕགས་སྒྲོག་བསྐོན
བ
དུས་ཚོད་ནི་མཐའ་མེད་པ་ཞིག་ཡིན་ཚེ
ནམ་མཁའ་ནི་རས་ཕད་ནག་པོ་ཞིག་སྟེ འཇིག་རྟེན་གྱི་མིག་བསྒྲིབས
མ
དོགས་ཟོན་ཁྲོད་རུལ་གྱིན་པའི་ལུས་འདི ཁུ་ཁྲག་འདི
གཟུགས་སྒྲུབ་བྱེད་ཀྱི་ཕྲ་ཕུང་འདི ཁྱི་སྨྱོན་གྱི་འཕག་འཚག་འདི
ཙ
ཧི་མ་ལ་ཡའི་མཐོ་ཚད་ནས་བལྟས་ན
མི་ཚོགས་བྱེ་བ་ཕྲག་བརྒྱའི་འདུ་འཛི་དེའང གཉིད་དུ་ཡུར་འདུག
ཚ
བྲང་ཁོག་ཏུ་དོན་སྙིང་ག་ཚོད་པ་ཡོད་པ་ནང་བཞིན
གསང་བའི་ལྡེ་མིག་རེ་རེར གཞན་ལ་ཤོར་དོགས་ཀྱི་བདག་པོ་རེའང་ཡོད
ལྦ
མ་མི་མིན་མེད་ཀྱི་ལག་པས ངའི་ལྟོགས་སྐོམ་གྱི་ཁ་ལྕེར
སྒྲ་མེད་པར ཁ་དོག་མེད་པར གཟེར་མ་འགའ་བསྟུད་མར་བརྒྱབ
ཞ
ས་མཐའི་མགོ་རྨོངས་པའི་ངུ་སྐད
ཆར་བ་བཞིན་ས་ཕྱོགས་གཉིས་སུ་ལྷུང་ནའང ཡང་ལྕི་དོ་མི་མཉམ
ཟ
བསྐུར་ཟིན་པའི་ཡིག་སྐོགས་སུ ནགས་ཚལ་དང་གཙང་པོ
གཞས་དང་དབྱངས་རྟ ཞེད་གི་མི་འདུག་པའི་སྙིང་ཞིག་བཅུག་ཡོད
འ
གཉིད་ལས་སད་དུས ཁ་བ་བསྟུད་མར་བབས་ནས
རི་ལུང་གི་ཁ་ངོ་གཡོགས་འདུག
ཡ
སྒེའུ་ཁུང་ཕ་རོལ་ཏུ སྡོད་མི་ཚུགས་པའི་བགྲེས་པོ་ཞིག་ཕར་འགྲོ་ཚུར་འོང་བྱེད
གྲིབ་མ་ཁོ་ན་ཁོའི་རྗེས་འདེད་ཀྱིན་འདུག
ར
སྦི་རག་ཤེལ་དམ་གང་གིས མི་ནི་གཡོར་གྲུ་ལྟར་བཟོས་འགྲོ
མངོན་པར་རྫོགས་པའི་སངས་རྒྱས་ཀྱང རླུང་འཚུབ་ནང་གི་གཡོར་གྲུ་ལྟར་འཕྱོ་ཞིང་གཡོ
ལ
གླག་དེ་ནམ་མཁའ་ནས་གོག་འགྲོས་བྱེད
སྤང་ཐང་ནས་འགྱིངས་པའི་ངས་གཅིན་པ་བཏང འདོད་སྲེད་ཀྱི་མེ་བཅིལ
ཤ
ལྦུ་བའི་སྟེང་གི་སྐྱེ་འགྲོ་མ་ལུས་པ རྨི་ལམ་དུ་རྨིས
སྡུག་བསྔལ་མ་ལུས་པའང མེ་ལོང་དུ་ཤར་བ་ཇི་བཞིན རྨི་ལམ་དུ་རྨིས
ས
གྲོང་འདབས་ཀྱི་ཆུ་ཕྲན་འདི ཡུལ་ལྡོག་ཏེ
ཡོམ་ཡོམ་འགུལ་བའི་སྐྱིད་ཆུར་འདྲེས་ན གཞན་གྱི་གཡོ་འོག་ཏུ་ཚུད་མི་དཔེ
ཧ
ཞོགས་པའི་ཆར་ཟིམ་གྱི་ཁྲོད
ལྷ་མོའི་ལུ་སྐུ་དེས་ང་རང་གཉིད་ལས་བསླངས་སྟེ འགྲོ་ཟེར
ཨ
སྨན་བཅོས་གང་ལེགས་བྱས་པའི ངའི་ལྡོང་བའི་མིག་གིས
ལོ་ངོ་སྟོང་ཕྲག་རྗེས་ཀྱི་ཅི་ཞིག་མཐོང་གི་འདུག
2018/12/10