བདའ་ཚང་སྙེམས་གྲོལ་གྱི་ཉེ་རྩོམ་ལས་ཁོལ་དུ་ཕྱུངས་པའི་སྙན་ངག་ཚན་པ་བཅུ་བཞི།

29144

   རང་ལ་བྲུས་པའི་མཚང་།

 
གཉིད་དང་བསྲེས་པའི་དཔེ་ཀློག་མན་མུན། །
ས་ཆོད་མེད་པའི་ཁྲེས་ཁལ་ལྕི་མོ། །
རིན་པ་མང་པོ་བྱིན་པའི་ངལ་དུབ། །
ད་དུང་མྱངས་ནས་ཚར་རྒྱུ་མེད་དམ། །
འདུ་འཛིར་བསྡོངས་པའི་རྩོམ་འབྲི་ཐན་ཐུན། །
ཁེ་བེད་མེད་པའི་གད་སྙིགས་རྫབ་རྫོབ། །
དཀའ་ངལ་རྫོགས་རྒྱུ་མེད་པའི་ལས་བྱ། །
ད་དུང་བྲིས་ནས་ལོངས་རྒྱུ་མེད་དམ། །
བྲིས་བྲིས་འབྲས་མེད་ནམ་མཁའི་བྱ་རྗེས། །
བཤད་བཤད་རྗེས་མེད་ནེ་ཙོའི་མ་ཎི། །
སྟོང་འདང་མང་པོ་བརྒྱབ་པའི་འབྲས་བུ། །
ད་དུང་རྨོས་ནས་འགྲུབ་རྒྱུ་མེད་དམ། །
དོན་མེད་ཚིག་གི་ས་རྡུལ་ཁལ་ལེ། །
གཞི་མེད་འཁང་རའི་ཡུས་སྨོད་ཤུབ་བེ། །
བྱུར་ངན་མང་པོ་འདྲེན་པའི་སྣེ་མོ། །
ད་དུང་བསྟུངས་ནས་ཟད་རྒྱུ་མེད་དམ། །
ལ་ལར་བདུད་རྩིའི་ཟིལ་བར་སྣང་བ། །
ལ་ལར་དུག་གི་ཆུ་རུ་ཟེགས་པ། །
དོན་མེད་ཁ་མཆུ་སློང་བའི་རྩོད་པ། །
ད་དུང་བསྡུམས་ནས་འདུམ་རྒྱུ་མེད་དམ། །

ཁ་སྐད་ཀྱི་བྲག་འཕྲང་ནས་མགུར་བའི་གླུ་འདར་རེ་འདུར་རེ།

                      — བདག་ཅག་གི་སྟོན་པར་ཕུལ་བ།
 
ཆུ་ཟོ་ནས་ཟོ་ལ་གཤོ་བ་ལྟར། ། 
ཉམས་རྟོགས་པ་གཤོ་རྒྱུ་མེད་དོ་ཟེར། ། 
ངས་ཁྱོད་ལ་ཐར་བའི་ལམ་སྣེ་སྟོན། ། 
ལམ་རང་གི་ལག་ན་ཡོད་དོ་ཟེར། ། 
ཆོས་ཐམས་ཅད་མདང་གི་རྨི་ལམ་ལྟར། ། 
ཚུར་སྣང་ཡང་སྣང་བ་མ་གྲུབ་ཟེར། ། 
དཔེ་སྐྲ་ཤད་འཛགས་པའི་སྣང་བ་བཞིན། ། 
མེད་བཞིན་དུ་མཐོང་བ་ཡིན་ནོ་ཟེར། ། 
ལས་ཉོན་མོངས་སྒྱུ་མའི་རྫས་སྔགས་ཀྱིས། ། 
སེམས་ཁྲོམ་འདུས་མགྲོན་པོ་བསླད་པ་ལས། ། 
ཆོས་ཐམས་ཅད་སྒྱུ་མའི་རྟ་གླང་བཞིན། ། 
ཚུར་བདེན་བདེན་ལྟ་བུར་སྣང་ངོ་ཟེར། ། 
རྟེན་འབྱུང་བ་མིང་བརྡའི་རྣམ་རོལ་ལ། ། 
རྒྱུ་འབྲས་བུའི་རྣམ་བཞག་འཐད་དོ་ཟེར། ། 
ད་སྟོང་ཉིད་ནམ་མཁའ་སྔོ་སངས་མར། ། 
ཡང་རྟེན་འབྱུང་སྤྲིན་དཀར་གཡོ་འོ་ཟེར། ། 
གསུང་མཛུག་གུ་རྣག་ཐོག་ཁེལ་འདྲ་དེས། ། 
ང་ན་ཡང་ན་སོང་གཟེར་ཡང་སོང་། ། 
ང་དགའ་ཡང་དགའ་སོང་སྐྱོ་ཡང་སོང་། ། 
ང་སྤྲོ་ཡང་སྤྲོ་སོང་གདུང་ཡང་སོང་། ། 
ང་ངུ་བཞིན་ངུ་བཞིན་གསོལ་བ་འདེབས། ། 
ང་སྐྱོ་བཞིན་སྐྱོ་བཞིན་ཐལ་མོ་སྦྱོར། ། 
ང་དགའ་བཞིན་དགའ་བཞིན་པུས་ཀྱང་འཛུགས། ། 
ང་གཟེར་བཞིན་གཟེར་བཞིན་མགོ་ཡང་སྒུར། ། 

    རང་གི་འཇིམ་འབག

 
སྐྱིད་ཆོས་འཛོམ་ཆ་འགྲིགས་ནས་བགད་པ་ཡོད། ། 
སྡུག་སྒུར་འཕྲང་གཤར་བྱས་ནས་ངུས་པའང་ཡོད། ། 
སྐྱིད་སྡུག་རི་དྭགས་ཕོ་མོ་མཉམ་བཤིབས་འདི། ། 
ང་ཡི་མི་ཚེ་འདི་ཡི་ཉིན་སྲིབ་ཡིན། ། 
བཟང་གི་བལ་ཐིག་དཀར་པོ་བརྒྱུས་པ་ཡོད། ། 
ངན་གྱི་རྩིད་པ་ནག་པོ་བཀལ་བའང་ཡོད། ། 
བཟང་ངན་སྐུད་པ་དཀར་ནག་རྐྱ་བསྒྲིལ་བ། ། 
ང་ཡི་མི་ཚེ་འདི་ཡི་སྡོམ་ཐག་ཡིན། ། 
སྡིག་པའི་ལས་ནི་སྤྲིན་ནག་འཁྲིགས་པ་ཙམ། ། 
དགེ་བའི་ལས་ཀྱང་སྤྲིན་དཀར་བསྐྱོད་པ་ཙམ། ། 
སྤྲིན་པ་དཀར་ནག་མཉམ་དུ་འདྲེས་པ་འདི། ། 
ང་ཡི་མི་ཚེ་འདི་ཡི་ནམ་མཁའ་ཡིན། ། 
སྲོལ་བཟང་མཆོད་རྟེན་དཀར་པོས་བརླབས་པ་ཡོད། ། 
སྲོལ་ངན་ཀྲེ་ཟངས་ནག་པོས་བརྫད་པའང་ཡོད། ། 
ཡག་བཙོག་སྣ་ཚོགས་རོ་གཅིག་འཆར་བ་འདི། ། 
ང་ཡི་མི་ཚེ་འདི་ཡི་འདྲ་འབག་ཡིན། ། 
བཟང་གི་ཁབ་ལ་ངན་གྱི་ཉི་ག་གསལ། ། 
དགེ་བའི་གོས་ལ་སྡིག་པའི་རི་མོ་རྫོགས། ། 
དཀར་ནག་སྣ་ཚོགས་འདྲེས་པའི་རི་མོ་འདི། ། 
ང་ཡི་བསམ་པའི་ཕྱི་ནང་སྣ་ཚོགས་ཡིན། ། 
བཟང་གི་ཆུ་དང་ངན་གྱི་ས་བརྫིས་ནས། ། 
ཚིག་གི་འཇིམ་པས་རང་ལ་འབག་ཅིག་བཟོས། ། 
འབག་འདིར་རང་གི་སྐྱོན་ཡོན་གཉིས་ཀ་རྫོགས། ། 
འབག་འདིར་རང་གི་བཟང་ངན་ཐམས་ཅད་འཛོམས། ། 
རང་ལ་ཕུལ་བའི་ཚིག་ནག་མཛུབ་ཚུགས་མ།།
རྩོམ་ཀོག་ཟེད་ཟེད་བྲིས་པ་ཁྱི་ལ་འཕེན། ། 
བསྟོད་སྨད་ཙར་ཙོར་བཏགས་པ་དུར་ལ་འདེབས། ། 
རེ་ཞིག་སེམས་ཉིད་རྫ་རྐང་ཁྲ་མོ་ནས། ། 
ངལ་གསོའི་གླིང་བུ་ལྷང་ལྷང་བུས་ན་སྙམ། ། 
དཔེ་རུལ་ཤོག་རྫོགས་བྱེད་པ་ཆུ་ལ་བསྐུར། ། 
ཚིག་ཀོག་སྐྱོར་འདོན་བྱེད་པ་ཐལ་ལ་སྒྱུར། ། 
རེ་ཞིག་གཉུག་སེམས་ཆུ་ཡི་ལང་ཚོ་དེ། ། 
རང་གི་ངང་ལ་ཅུང་ཟད་དྭངས་ན་ཨང་། ། 
ངོ་སྐོགས་མཐུག་པོ་འདི་ལ་གྲི་ཡིས་འདེབས། ། 
ཚུལ་འཆོས་སྒྲོ་ངན་འདི་དག་རླུང་ལ་སྤུར། ། 
རེ་ཞིག་རང་བབ་སྤྱོད་པའི་ཐལ་སྤུངས་ནང་། ། 
གཉུག་གཤིས་གསེར་ནག་ལྷག་གེ་བུད་ན་ཨང་། ། 
ཡས་གྲལ་སྙེག་པའི་དྲེད་མགོ་མིན་ན་མིན། །
མས་མཐར་འཚངས་པའི་རྐུན་མགོ་མིན་ན་མིན། ། 
དེ་དག་ཚང་མ་སྡུད་མས་ཕྱགས་ཤུལ་དུ། ། 
རང་ཉིད་རྗེན་པའི་གཟུགས་ཙམ་གསལ་ན་སྙམ། ། 
སྐྱོན་རྟོག་མཛུབ་མོ་སྣ་འགེལ་དགོས་དོན་མེད། ། 
མཚང་སྦེད་ས་སྤུངས་རྡོ་སྤུངས་རྒྱག་དོན་མེད། ། 
རང་གི་གྲིབ་མས་རང་རྗེས་འདེད་པ་དགོས། ། 
མི་མིན་འདྲེ་མིན་གང་ཡང་བྱ་སྙམ་མེད། ། 
རང་ག་རང་གི་ངང་དུ་སྐྱེས་སྐྱེས་ནས། ། 
རང་ག་རང་གི་ངང་ནས་འཁོགས་སོང་ན། ། 
བུབ་ཁ་ཅུང་ཟད་ཙམ་ལ་མི་འགྱོད་སྙམ། ། 
གྱོང་ཁ་ཕྲན་བུ་ཙམ་གྱིས་མི་སྐྱོ་སྙམ། །  

  རག་མ་བྱམས་ཁང་དུ་མཇལ་བ།

 
རྫ་གཡའ་སྤང་གཉིས་ཀྱི་བསྣོལ་མཚམས་ནས། །
སྨུག་ན་བུན་གཉིས་ཀྱི་འདྲེས་མཚམས་ནས། །
ཆུ་བྲག་སྣ་གཉིས་ཀྱི་འཐབ་མཚམས་ནས། །
ཤིང་སིལ་ཏོག་གཉིས་ཀྱི་མདུད་མཚམས་ནས། །
རྩྭ་མེ་ཏོག་གཉིས་ཀྱི་བསྡེབས་མཚམས་ནས། །
ང་ཡུད་ཅིག་སྨྲེང་ལ་དར་ཅིག་བརྣངས། །
མགོ་བཀྱགས་ནས་གནམ་ལ་ཡར་བལྟས་ན། །
གནམ་སྔོན་པོས་ཟུམ་ཟུམ་མར་ལ་ལྟ། །
རི་ཐམས་ཅད་སྤྲིན་གྱིས་བསྐོར་ལ་ལྟོས། །
བྲག་ཡོད་ཚད་ཤིང་གིས་མཛེས་ལ་ལྟོས། །
ཆུ་མ་ལུས་གདངས་ཀྱིས་འཇེབས་ལ་ཉོན། །
ཁྱོད་བྱ་བཏང་རས་པ་ལོས་ཀྱང་སྐྱིད། །
ང་འཁོར་བའི་བུ་ཡང་བདེ་སྟེ་བྱུང་། །

          ཞེས་པ་འདི་ནི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་བཞེངས་པའི་རག་མ་བྱམས་ཁང་གི་ཉེ་ལོགས་ཀྱི་བྲག་ལྡེབས་སུ་བྲིས་པ་དགེའོ། །

    འཕན་ཡུལ་དང་གྱེས་དུས།

 
འཁོར་བའི་བྱ་བཞག་ཕབ་བེ་ཕོབ་བེའི་ཚོགས། །
གཅིག་ཉིད་ལྟེབ་ཀྱིན་གཅིག་ཉིད་བཤིག་པ་ལ། །
མགོ་བོ་ན་ན་རྐང་པ་ཟད་ཟད་ཀྱི། །
བར་དུ་ཤ་ནན་རུས་ནན་སྐྱེད་དགོས་ཕྱིར། །
རེ་ཞིག་འཁྲེང་ཞོར་བརྣངས་ཞོར་ཕངས་ཞོར་དུ། །
ཕྱིར་ལམ་རྡོག་པས་མི་གནོན་རང་དབང་ཅི། །
གནའ་གྲོང་དཀར་སེང་འགའ་རེ་དཔུང་གཡས་ཀྱིས། །
ལམ་སེང་བསྐྱུར་ནས་རྒྱབ་ཏུ་ཡལ་བ་དང་། །
ཆོས་སྡེ་ཕྲོམ་མེ་བ་འགའ་དཔུང་གཡོན་ལ། །
སྐད་ཅིག་ཙམ་གྱིས་ནུབ་ནས་སོང་བའི་ཚེ། །
སེམས་ཀྱི་ཅི་ཞིག་མི་སངས་འཐིབས་ནས་ཡོང་། །
ཡིད་ཀྱི་ཅི་ཞིག་མ་ཐེག་ལུས་ནས་སོང་། །

  རང་རྩོམ་གྱི་སྡོམ་ཚིག་ཉུང་ངུ་།

 
ཉོན་མོངས་དུག་གི་མེ་ཏོག་བཀྲ་བའི་རྩོམ་འདི། །
ཆགས་སྡང་བདུད་ཀྱི་ཁ་རླངས་འཐུལ་བའི་རྩོམ་འདི། །
བདག་འཛིན་སྙིང་ཆུ་དྲོན་མོ་གཏིགས་པའི་རྩོམ་འདི། །
རྣམ་རྟོག་ཤི་འདྲེ་བསྔུན་པའི་ངུ་སྐད་ཡིན་ནོ། །
ཆོས་བརྒྱད་མཛེ་བོ་སྤོས་པའི་རྐང་རྗེས་ཡིན་ནོ། །
སྙན་འཇེབས་ཚིག་གི་ཟིལ་བ་སྤྲུགས་པའི་རྩོམ་འདི། །
སྒྱུ་འཕྲུལ་རི་བརྒྱ་ཀླུང་བརྒྱ་འཐབ་པའི་རྩོམ་འདི། །
ཡིད་འགྱུར་སྤྲིན་དཀར་སྤྲིན་ནག་ལྡིང་བའི་རྩོམ་འདི། །
འཕྲུལ་སྣང་མེ་ཏོག་བསླེས་པའི་མཛེས་སྡུག་ཡིན་ནོ། །
འཆར་ཡན་གུར་ཁང་ཕུབ་པའི་མཚར་སྡུག་ཡིན་ནོ། །
རང་ཉམས་བྲག་དམར་འཕྲང་ནས་གཤར་བའི་རྩོམ་འདི། །
རང་མྱོང་མུན་ནག་ནང་ནས་གསལ་བའི་རྩོམ་འདི། །
རང་སྐད་ཆུ་བོའི་གཞུང་ནས་དྭངས་པའི་རྩོམ་འདི། །
བྱིན་ཆགས་ཡི་གེ་སྤྲུགས་པའི་ཟིལ་བ་ཡིན་ནོ། །
སྡེབ་སྦྱོར་མེ་ཏོག་སྤུངས་པའི་ཆུན་པོ་ཡིན་ནོ། །

       རྣམ་རྟོག

 
ཀྱེ་མ་རྣམ་རྟོག་སྐད་པའི་ཏུར་ཏུར་པོ། །
བཟུང་ན་ཟིན་རྒྱུ་མེད་པའི་སྐྱེན་སྐྱེན་པོ། །
བཏང་ན་འགྲོ་རྒྱུ་མེད་པའི་གྱོལ་གྱོལ་པོ། །
རེག་ན་འདྲོགས་ཏེ་འབྲོ་བའི་རྒོད་རྒོད་པོ། །
བསྐྱུར་ན་བསྙེགས་ནས་ཡོང་བའི་གཡུང་གཡུང་པོ། །
བཞག་ན་སྡོད་མི་ཚུགས་པའི་ཡོམ་ཡོམ་པོ། །
བསྒུལ་ན་གཡོ་བ་མེད་པའི་ཚུགས་ཚུགས་པོ། །
དཀྲུགས་ན་རླུང་ལྟར་འཇགས་པའི་འཇམ་འཇམ་པོ། །
བསྡད་ན་སྤྲིན་ལྟར་འཁྲིགས་པའི་ལིང་ལིང་པོ། །
བདའ་ན་བྲོས་ནས་འགྲོ་བའི་མྱུར་མྱུར་པོ། །
སོང་ན་བདའ་ནས་ཡོང་བའི་རིག་རིག་པོ། །
བལྟས་ན་མཐོང་རྒྱུ་མེད་པའི་མག་མོག་པོ། །
མ་བལྟས་གསལ་ནས་ཡོང་བའི་ལྷང་ལྷང་པོ། །
བརྟགས་ན་ཅི་ཡང་མེད་པའི་སྟོང་སྟོང་པོ། །
མ་བརྟགས་ཅི་ཡང་ཡོད་པའི་ཧྲང་ཧྲང་པོ། །
བསྡམས་ན་ལྷོད་ནས་འགྲོ་བའི་ཤོབ་ཤོབ་པོ། །
ལྷོད་ན་བསྡམས་ནས་ཡོང་བའི་གྲིམ་གྲིམ་པོ། །
བཤིགས་ན་བསྒྲིལ་ནས་ཡོང་བའི་རིལ་རིལ་པོ། །
བསྒྲིལ་ན་ཞིག་ནས་འགྲོ་བའི་ལུག་ལུག་པོ། །
ཡོད་སྙམ་ཙ་ན་མེད་པའི་རབ་རིབ་པོ། །
མེད་སྙམ་ཙ་ན་ཡོད་པའི་འཚེར་འཚེར་པོ། །
ང་ནི་ཁྱི་རྒན་རྡོ་འདེད་བྱེད་མཁན་ཞིག །
ཁོ་ནི་ཁྱི་ལ་རྡོ་ཡིས་རྒྱག་མཁན་ནོ། །
ནམ་ཞིག་ང་ཡང་སེང་གེ་ལྟར་གྱུར་ཏེ། །
ཁོ་རང་གང་དུ་ནག་འབུར་བྱས་ཙམ་གྱིས། །
ང་ཡིས་དེ་རུ་ཁོ་རང་མིད་པར་ཤོག །

  གོས་རྙིང་སོང་ནང་གི་བླ་མ།

 
རྗེ་བླ་མ་དགུང་གི་ཉི་མ་ནུབ། །
དགོན་དཀར་ཆུང་རྒྱ་མཐོངས་གྲིབ་མས་གཡོགས། །
ནང་དད་ལྡན་སེམས་ཀྱི་མཆོད་རྟེན་ཞིག །
སེམས་སྐྱོ་བ་སྨུག་ལོང་དྭངས་མེད་རེད། །
ལྷ་སྤྱན་རས་གཟིགས་ཀྱི་སྙིང་རྗེ་དེ། །
རྗེ་ཁྱེད་ཀྱི་ཞལ་ན་འཛུམ་པ་འདྲ། །
གདན་གྲུ་བཞིའི་ཐོག་གི་རྣམ་ཐར་དེ། །
སྐྲ་སེ་བོ་བརྒྱུད་ནས་མཐོང་བ་འདྲ། །
དགྲ་རྭ་རྩེ་རོང་ངེ་འདེད་རྒྱུ་མེད། །
གཉེན་བལ་དཀར་འཇོལ་ལེ་འཚོ་རྒྱུ་མེད། །
ལས་ཆགས་སྡང་ཟེར་བའི་ཕུམ་ཕུམ་དེ། །
ཁོ་ག་དུས་སྐྱེས་ན་དེ་དུས་འབྲེག །
ཆོས་པོ་ཏི་ཟེར་བའི་ཡིག་ནག་ཚོ། །
རྒྱུད་ཤོག་དམར་སྟེང་ལ་ཁྱོད་ཀྱིས་འབྲི། །
རྟེན་འགངས་ཆེན་ཟེར་བའི་ཧྲེང་ཧྲེང་ཚོ། །
ཤ་རློན་པའི་ཐོག་ལ་ཁྱོད་ལས་སྨིན། །
ནང་དྲན་ཤེས་གཉིས་ཀྱི་སོ་བ་རྣོ། །
བྱམས་སྙིང་རྗེ་གཉིས་ཀྱི་བཙན་རྫོང་བརྗིད། །
དགྲ་བདུད་བཞིའི་གཡུལ་ལ་མི་འཇིགས་པའི། །
རྗེ་ཁྱེད་ནི་རྒྱལ་བའི་རྫ་རྔ་ཡིན། །
གོས་རྙིང་སོང་ནང་གི་བྱ་བྲལ་བ། །
གདན་རྙིང་སོང་སྟེང་གི་རྣལ་འབྱོར་བ། །
སྤྱན་སྐར་ཆེན་ས་ལེ་གང་དུ་བཞུགས། །
དབུ་སེ་མདའ་ལྷང་ངེ་གང་དུ་བཞུགས། །

   བག་ཕེབས་པོ་རེ་བྱུང་ན།

 
གསལ་རིག་སེམས་ཀྱི་ཆུ་མིག་དྭངས་ནས་བསྡད་ན། །
གདོས་བཅས་ལུས་ཀྱི་ཟོ་མདོག་བདེ་ནས་བྱུང་ན། །
ཡི་གེའི་མེ་ཏོག་བཏོགས་ནས་རྩོམ་ཡིག་བྲིས་ཆོག །
སྙིང་གཏམ་དར་དཀར་བཤིགས་ནས་མཛའ་མོ་འུབས་ཆོག །
མ་ཤི་ཚེ་ཡི་བཀྲག་མདངས་རྒྱས་པོ་བྱུང་ན། །
མ་ན་འབྱུང་བཞིའི་ཡུས་ཉམས་དོད་པོ་བྱུང་ན། །
དཔེ་ཆའི་ལྷས་ནས་གཡག་རོག་བཞིན་དུ་ཉལ་ཆོག །
གདམས་ངག་རྩྭ་ཆུར་ཅི་འདོད་བཞིན་དུ་རོལ་ཆོག །
སེམས་བདེ་གཉིད་ཀྱི་སྔས་འབོལ་བདེ་ཙམ་བྱུང་ན། །
ལུས་བདེ་རྐང་འོག་ས་གཞི་བརྟན་ཙམ་ཡོང་ན། །
བྱེའུ་ཆུང་མཆིལ་བའི་ཚོད་ཀྱི་གླུ་ཡང་བླངས་ཆོག །
ཨ་བྲ་ཐང་རྒྱུགས་ཚོད་ཀྱི་བྲོར་ཡང་ལྡང་ཆོག །
རྣམ་རིག་མ་བརྡིབས་སྤུ་རྩེར་རྒྱས་ནས་བྱུང་ན། །
བརྩོན་པ་མ་ཉམས་རྡོ་རུས་ཐུག་ནས་ཡོང་ན། །
ཟབ་དོན་གབ་པ་མངོན་དུ་ཕྱུངས་ནས་བཀྲལ་ཆོག །
རྒྱས་དོན་བརྐྱངས་པ་སྐུམ་དུ་བཅུག་ནས་བསྟན་ཆོག །
ཕ་མ་ཉེ་དུ་རྩ་ལག་བདེ་ནས་བསྡད་ན། །
གྲོགས་མཛའ་དགའ་བཤེས་ཐམས་ཅད་སྤྲོ་ནས་བྱུང་ན། །
མར་ཉལ་གཉིད་ཀྱི་སྔུར་བ་ཧུར་ཧུར་འཐེན་ཆོག །
ཡར་ལངས་གོས་ཀྱི་སྒྲོག་གུ་དལ་དལ་བསྒྲོག་ཆོག །
བསོད་ནམས་དཔལ་གྱི་ན་བུན་ཐིབས་སེ་བསྡད་ན། །
བྱིན་ཆགས་གཡང་གི་རི་བོ་སྤུངས་སེ་བརྟན་ན། །
སྟོང་ལུག་བལ་དཀར་འཇོལ་ལེ་ལྷས་ལ་བསྐྱིལ་ཆོག །
བརྒྱ་ནོར་རྭ་རྩེ་འཁྱིལ་ལེ་རི་ལ་བཀྲམ་ཆོག །
མ་རྒས་ལང་ཚོའི་ཕུ་ཐག་རིང་ཙམ་བྱུང་ན། །
མ་རྙིངས་དབང་བོའི་ཆུ་མིག་དྭངས་ཙམ་བྱུང་ན། །
ས་ཆ་ཡུལ་རིས་བསྐོར་ནས་ལྗོངས་རྒྱུར་ཕྱིན་ཆོག །
པར་རིས་འདྲ་མིན་བླངས་ནས་རྟེན་དུ་ཉར་ཆོག །

    ཇག་པ་ཞིག་དྲན་པ།

 
རྟ་རྒྱུགས་འདོད་སྣ་ཕུ་ན་བུན་འཐིབས་འཐིབས།།
དཔའ་ངོམ་འདོད་དཔུང་ཤ་རྡོ་རྒོད་འཁྲིགས་འཁྲིགས།།
མཚོན་རྣོ་འདོད་འོད་མདངས་གློག་ཞགས་འཁྱུགས་འཁྱུགས།།
དགྲ་ཝ་ལྟར་འབྲོ་ཞིང་ཁྱི་ལྟར་འདེད་དོ།།
ཀི་སིང་སིང་བཏབ་ན་གཡའ་མ་ཉིལ་ལེ།།
མཚོན་རོང་རོང་བསྐོར་ན་རྡོ་བ་ཧྲུག་གེ།
བསམ་མི་ཤེས་སྙིང་ནི་རྡོ་སྤུངས་བརྒྱབ་འདྲ།།
བརྗོད་མི་ཤེས་ལུས་ནི་ལྕགས་ཀོང་བརྡུངས་འདྲ།།
དགྲ་པུས་མོའི་ཡན་ལ་འཆོར་བ་མེད་ཟེར།།
གཉེན་སྐ་རགས་མན་ལ་ལྷུང་བ་མེད་ཟེར།།
ལོ་ཉིས་བརྒྱའི་གོང་གི་ཇག་པ་རྟ་འདེད།།
ལོ་ཉིས་བརྒྱའི་འཕྲོ་ནས་ང་ཡིས་དྲན་བྱུང་།།
མཚོན་ཁབ་རྩེ་ཙམ་ཡང་འཛིན་དགོས་མ་བྱུང་།།
རྨ་ལྗི་བ་ཙམ་ཡང་བཏོད་དགོས་མེད་པར།།
དགྲ་འགོམ་ཡུག་བྱེད་པའི་མི་ཕོ་ཁྱོད་རང་།།
ངའི་མིག་ལམ་བརྒྱུད་ནས་མག་མོག་འགུལ་བྱུང་།།
དྲེལ་སྨུག་ཆུང་ཁྱུ་ལ་ཁྱུ་ཡིས་མཐུད་པ།།
མཛོ་ཁྱུང་དཀར་གདང་ལ་གདང་གིས་མཐུད་པ།།
སྡེ་ཕྱུག་པོའི་འདབས་ནས་བཙན་འདེད་བྱས་སྐད།།
མི་གཉན་པོའི་སྔུན་ནས་བཙན་འཕྲོག་བྱས་སྐད།།
ལུས་སྒྱུ་མའི་ཐག་རྙིང་རལ་བའི་ཚེ་ན།།
ལས་བུ་ལོན་དམག་གིས་དེད་ནས་བྱུང་ངམ།།
དགྲ་ཤ་འཁོན་ལན་ཆགས་འཕེལ་ནས་བྱུང་ངམ།།
ནང་རྣམ་ཤེས་རི་དྭགས་དངངས་ནས་བྱུང་ངམ།།
རྟའི་སྣ་སྒྲ་དིར་དིར་རྒྱུགས་ལ་རྔམ་པ།།
མཚོན་འོད་མདངས་ཀྲིག་ཀྲིག་སྲོག་ལ་རྣོ་བ།།
ཕོ་མིག་རྩ་ཧྲིག་ཧྲིག་དགྲ་ལ་སྡང་བ།།
དཔའ་མི་ཧྲེང་རྟ་ཧྲེང་ཁྱོད་རང་དྲན་ནོ།།

  མགུར་ནག་དགུ་བསྐོར་མ།

 
རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །
ཕྱག་དོན་མེད་འཚལ་བ་མ་ལགས་ཤིང་། །
མགོ་བྱུང་རྒྱལ་བསྒུར་བ་ག་ལ་ཡིན། །
རྒྱུད་ཆུ་རྡོ་སྔོན་མོ་གྱོང་རེག་རེག །
རྗེ་ལྕགས་ནག་ཐོ་བས་ཨེ་གཅོག་ལགས། །
སེམས་ཉོན་མོངས་ནད་ཀྱིས་གཟེར་བྲེང་བྲེང་། །
སྨན་ཤི་གསོས་བདུད་རྩིས་ཨེ་ཕན་ལགས། །
ཚེ་རླུང་ནང་མར་མེ་འདར་སིལ་སིལ། །
རྒས་འཆི་མེད་ཡོལ་བས་ཨེ་བསྐོར་ལགས། །
སེམས་རྣམ་རྟོག་གྲིབ་མ་ནག་རིབ་རིབ། །
ཆོས་མན་ངག་ཟླ་བ་ཨེ་གསལ་ལགས། །
སེམས་ཆོས་བརྒྱད་དགྲ་བོ་ངར་ཕད་ཕད། །
དགྲ་ཤ་བོའི་གདོང་ལ་ཨེ་འབུད་ལགས། །
ལུས་སྒྱུ་མའི་ཀ་བ་འདར་ཁྱོམ་ཁྱོམ། །
ལྕགས་གཟེར་མས་འཕལ་ཁ་ཨེ་སྡོམ་ལགས། །
ལས་བུ་ལོན་འདྲེ་རྒོད་འཇིགས་ཡེར་ཡེར། །
སྔགས་རྡོ་རྗེའི་སྲུང་འཁོར་ཨེ་སྒོམ་ལགས། །
བློ་མུན་པའི་ཁང་སྟོང་ནག་ཧང་ཧང་། །
ཆོས་མར་མེ་དཀར་ཆུང་ཨེ་སྒྲོན་ལགས། །
རྒྱུད་ངན་པའི་སྦྲང་ཐལ་ནག་རུབ་རུབ། །
ཆོས་འདུལ་བའི་སྡོམ་དྲ་ཨེ་འཁེལ་ལགས། །
ནང་སྲེད་པའི་རི་སྤྱང་ཕེ་དིར་དིར། །
བོའུ་ཁྲ་རིང་སྐག་སྒྲ་ཨེ་གྲག་ལགས། །
ངག་བྱིས་པའི་ཅལ་ཅོལ་འུར་རུ་རུ། །
ཕ་དམ་པའི་ཁ་ཏ་ཨེ་ཡོད་ལགས། །
རྒྱུད་རྟ་སྦངས་ནག་པོ་སྐམ་སངས་སངས། །
ཆོས་དྭངས་གསལ་མེ་ཤེལ་ཨེ་གདའ་ལགས། །
ལས་ཉོན་མོངས་དུག་ཁུ་ནག་སོལ་སོལ། །
སྨན་དུག་རོ་གཏིང་འདོན་ཨེ་མངའ་ལགས། །
ཡིད་ཤེས་པའི་ཤེལ་སྒོང་ས་ཁལ་ཁལ། །
དར་འབྱིད་བྱེད་ཤལ་རིང་ཨེ་གདའ་ལགས། །
སྤྱིར་འཁོར་བའི་གངས་ལྟོངས་གྲང་ཅང་ཅང་། །
གོས་བེར་བ་དུག་པོ་ཨེ་དྲོ་ལགས། །

མགུར་ཆུང་ངང་བ་ངུ་བའི་ངུ་སྐད།

 
སེམས་འགྱུ་འགྱུ་འདི་ལ་བདག་པོ་སུ་ཡོད། །
སྐྱོ་ཆད་དེ་ནམ་མཁའི་ངང་བ་འདྲ་བ། །
སྡུག་བན་བུན་འདི་ལ་དྭངས་མཐའ་མི་འདུག །
དཀར་ཁྲོམ་མེ་རྫ་མགོའི་ཁ་བ་འདྲ་བ། །
སེམས་སྨྲེང་ཐལ་ཟེར་ན་སྨུག་དང་སྨུག་རེད། །
སེམས་འཁྱགས་ཐལ་ཟེར་ན་ཆུ་དང་ཆུ་རེད། །
བྱ་སྡོང་མགོའི་སྐྱོ་བའི་སྐད་ལ་ཉོན་དང་། །
སྤྲིན་མཁའ་མཐའི་སྐྱོ་བའི་ཉམས་ལ་ལྟོས་དང་། །
རྫ་ཡར་སྐྱེས་མགོ་ལ་ཁ་བ་བབས་འདུག །
མཚོ་མར་འབབ་མཐའ་ལ་རྡོ་བ་སྤུངས་འདུག །
སེམས་རི་སྤང་མཚམས་ཀྱི་ཤྭ་བ་ཡུ་མོ། །
གཉོམ་དུང་ངེ་དུང་ངེ་སྨུག་ལ་འདྲེས་ཐལ། །
རི་གཅིག་གི་རྒྱབ་ལ་གཅིག་གིས་བསྐོར་འདུག །
ཆུ་གཅིག་གི་རྒྱབ་ལ་གཅིག་གིས་བཅད་འདུག །
ལས་སྨོན་ལམ་ཆུ་ཁའི་མེ་སྟག་ཕྲ་མོ། །
འབར་མ་ཕོད་བཏལ་ཡང་མ་ཕོད་བསྡད་འདུག །
ཚིག་དོན་རྩ་སྨུག་པ་འཐིབས་འཐིབས་བྱས་ནས། །
སེམས་སྨྲེང་བ་རྒྱ་གླིང་འབུད་འབུད་བྱས་ནས། །
མགུར་དྭངས་གསལ་ཡིད་ཀྱི་ངང་བ་ངུ་བཞིན། །
གཤོག་ཐང་ཤ་བཅད་ནས་ཁྱོད་སར་འཕུར་ཐལ། །

  མ་ཎི་ལྷང་ལྷང་ཁྲོད་ཀྱི་རྨོ་མོ།

 
བདག་གི་རྨོ་མོ་ཉི་རྒས་འོད་ཟེར་ཅན། །
ཕྱི་མའི་ལ་མགོར་ཡལ་ནས་རིང་ཙམ་ཕྱིན། །
བདག་གི་དྲན་གདུང་ཕུ་མེད་གནམ་མཐའ་ནས། །
རྨོ་མོའི་གསུང་གི་ཁུ་བྱུག་ཡང་ཡང་ཐོས། །
ཁོ་མོས་བསྔོ་སྨོན་གསོལ་བ་འདེབས་པའི་སྒྲ། །
བདག་གི་སེམས་ཀྱི་གཏིང་ལ་གཤགས་ནས་འདུག །
དེ་ནི་གོས་ཀྱི་ཐོག་གི་སྣུམ་དང་མཚུངས། །
ལོ་ཟླའི་ཆུ་ཡིས་བཀྲུས་ཀྱང་འདག་པ་ཅི། །
ཁོ་མོས་བསྔོ་བ་སྨོན་ལམ་འདི་སྐད་དུ། །
བྱེད་པ་ཡིད་ལ་ད་དུང་ཝལ་ཝལ་འདུག །
བདག་ལ་བཀའ་དྲིན་ཆེ་བའི་ཕ་མ་དང་། །
ལན་རིང་ཨ་ཡེ་ཨ་མྱེས་ཐམས་ཅད་ཀྱི། །
རྣམ་ཤེས་འཇིགས་སྔངས་སྐྲག་མེད་པ་དང་། །
འཁྱག་ལྟོགས་གྲང་གསུམ་ཅིས་ཀྱང་མེད་དགོས་ཞེས། །
མ་ཎི་འུར་འུར་འདོན་པ་ད་དུང་དྲན། །
འོག་རྟ་ཁལ་མ་མཛོ་འབྲི་སྒོ་ཁྱི་སོགས། །
ཁལ་བཀལ་འོ་ཞོ་འཐུང་བའི་དུད་འགྲོ་རྣམས། །
བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཞེས། །
མིག་གཉིས་བཙུམས་བཙུམས་བྱེད་པ་ད་དུང་དྲན། །
ཆོས་ཀྱི་ར་མདའ་མེད་པར་ཤི་བ་དང་། །
དགེ་བའི་རྫོངས་བརྡ་མེད་པའི་འགྲོ་རྣམས་ཀྱི། །
སྡིག་པའི་ཀྲེ་ནག་འདག་པའི་ཆེད་དུ་ཡང་། །
མ་ཎིའི་ཆུ་རྒྱུན་འདྲེན་པ་ད་དུང་དྲན། །
ཤ་ཡི་ཟས་ཟོས་པགས་པའི་གོས་གྱོན་པའི། །
སེམས་ཅན་དེ་དག་རྣམས་ཀྱི་དགོས་ཆེད་དུ། །
དད་པའི་སྨིན་མ་ཤུགས་ཀྱིས་སྡུད་བཞིན་དུ། །
ལག་འཁོར་ཙིག་ཙིག་བསྐོར་བ་ད་དུང་དྲན། །
སྐམ་པོ་ཟས་དང་རློན་པ་ཇ་ཆང་གི །
འབྲེལ་བ་ཅི་ཡང་ཐེབས་པའི་སེམས་ཅན་གྱི། །
ཆེད་དུ་ཡིན་ཞེས་མ་ཎི་ལྷང་ལྷང་གིས། །
ཉིན་མཚན་ཆིག་རྫོགས་བྱེད་པ་ད་དུང་དྲན། །
ཡིད་ལ་དྲན་ཚད་རྣ་བས་གོ་ཚད་དང་། །
མིག་གིས་མཐོང་ཚད་ཐམས་ཅད་སངས་རྒྱས་ཀྱི། །
ས་ལ་འགོད་པར་ཤོག་ཅེས་ཐལ་མོ་གཉིས། །
བྲང་ལ་སྦྱོར་སྦྱོར་བྱེད་པ་ད་དུང་དྲན། །
མདོར་ན་རྒྱུ་ཕན་ཟས་ཕན་ཅི་ཐེབས་དང་། །
མཚང་འདྲུ་རྡུང་རྡེག་བྱས་པ་ཚུན་ཆད་ཀྱི། །
བཟང་འབྲེལ་ངན་འབྲེལ་བྱས་པ་ཇི་སྙེད་ཀྱི། །
སྡུག་བསྔལ་ཤ་འཁོན་བུ་ལོན་བྱང་བ་དང་། །
བདེ་བ་ཅན་དུ་མཇལ་བའི་སྨོན་ལམ་ཞེས། །
མགྲིན་པ་བརྣངས་བརྣངས་བྱེད་པ་ད་དུང་དྲན། །
ད་ལྟ་ང་རང་ཡུལ་དུ་ལོག་ཐེངས་རེར། །
ཁྱིམ་གྱི་ཧྲག་ཀ་རེ་འམ་གང་ཞིག་ནས། །
རྨོ་མོའི་སྨོན་ལམ་དེ་དག་ད་དུང་ཡང་། །
གྲག་ཡོང་གྲག་ཡོང་སྙམ་ནས་ཉན་དགོས་བྱུང་།


 ཁོ་ཧྥེ་ཞིག་དང་ལྗིབས་ནས་བྲིས་པ།

 
དཔེ་ཐོག་བྲོ་བརྡུང་བྱེད་མཚམས་རེ་ཞིག་བསྐྱུར་ནས། །
སྐྱག་གཏད་མེད་པའི་རྩོམ་འབྲི་ཅུང་ཟད་ཞོག་དང་། །
ཕོ་མོ་གྲ་སྡེབ་བྱེད་ལ་ཁྲོམ་སྲང་ཉུལ་ཡ། །
ལག་མགོ་ལག་མགོར་འཇུ་བཞིན་སྲང་མདོ་བརྒལ་ཡ། །
མཚང་འདྲུ་བསྙད་རྐོ་ཅུང་ཙམ་རྒྱབ་ཏུ་བཞག་ནས། །
རྩོད་པའི་རལ་གྲི་ཏལ་ཙམ་ཤུབས་ལ་ཆུགས་དང་། །
ཇ་འཐུང་གཏམ་མོལ་གློ་ཉལ་སྟེག་ནས་འདུག་ཡ། །
གཞས་འཐེན་བྲོར་ལྡིང་ཧ་ཧོའི་ངང་ནས་འཛོམ་ཡ། །
ཁྲིམས་ལུགས་ཀུན་སྤྱོད་ཟེར་བ་ལོགས་སུ་སྤུངས་དང་། །
ཡུལ་སྲོལ་གོམས་གཤིས་སོགས་ཀྱང་གུད་དུ་གཡུགས་དང་། །
གདོང་གི་འདྲ་འབག་གཙབས་ནས་ལྷང་ལ་འབུད་ཡ། །
ཙེ་གུར་ཞིག་ལ་རང་ཉིད་ངོ་མ་བཅའ་ཡ། །
བྱ་བཞག་དོས་ཁལ་ལྕི་རུང་ཅུང་ཟད་ཕོག་དང་། །
འཚོ་བའི་ཡོབ་རྡུང་ཐུ་ཡང་ངང་ཙམ་སྲོན་དང་། །
ཇ་ཁ་གཅིག་ནས་སྐྱོ་དུབ་ས་རྡུལ་སྤྲུགས་ཡ། །
ཆང་ཁ་གཅིག་ནས་སུན་སྣང་ཤེལ་སྒོ་ཕྱི་ཡ། །
ཁྱོད་ཀྱིས་མན་དོ་ལཱ་ལ་གླུ་ཞིག་དྲོངས་དང་། །
ང་ཡིས་གེ་ཐཱ་བཟུང་ནས་རམ་བུ་བཏེགས་ཡོང་། །
མི་ཚེ་རིང་མོའི་ནང་གི་དུས་ཚོད་ཉུང་ཙམ། །
འདི་ལྟར་ལྷོད་ཀྱིས་གློད་དེ་བཏང་ན་ཆོག་ཀཱ། །
ཨ་ཀྲད་ཕུད་ནས་རྐང་རུལ་གདུག་བཞིན་སྡོད་པེ། །
སྐེ་རགས་ལྷོད་ནས་གཡང་ལུགས་བྱོས་ལ་ཉོལ་པེ། །
གཅིན་པ་སྦོས་ན་རྩྭ་མགོར་ལྷོད་ལ་ཐོངས་པེ། །
ངུ་རྒྱུ་ཡོང་ན་སྐད་མགོ་ཁྱོགས་ལ་ངུས་པེ། །


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།