2019ལོའི་ཙོང་ཁ་ཚེ་བརྟན་རྒྱལ་གྱི་གསར་བྲིས་སྙན་ངག་བཞི།

17960



          དབྱངས་ཅན་མ།


མགྲིན་པར་འཚང་བའི་སྐད་ཆ་དག
ཁྱོད་དང་གྱེས་པ་མ་ཡིན།
ཁྱོད་སྒུག་པའི་གོ་རིམ།
མིག་ཟུང་གང་སར་ཕྱོགས་ན།
དབུགས་རྒྱུན་རེ་རེས།
མི་ཚེ་འགྱེལ་མྱོང་བ།
དྲན་ཆོག
བརྗེད་ཆོག
ཞུ་མི་ཤེས།


གོ་ཐོས་སུ།
ཁྱོད་ནི་ཟླ་བའི་སྲིང་མོ་ཡིན་ཟེར།
མཚན་མོར་རྒྱུ་བ་ཐེངས་གཅིག་མིན།
མཐོང་སྣང་ན།
ཁྱོད་ནི་ཚངས་པའི་སྲས་མོ་ཡིན་ཟེར།
དྲན་པར་འཛུལ་པ་ཐེངས་གཅིག་མིན།
དྲན་རྟེན་ན།
ཁྱོད་ནི་སྒྲ་དབྱངས་ལྷ་མོ་ཡིན་ཟེར།
རྣམ་ཤེས་གང་སར་ཁྲིད་པ་ཐེངས་གཅིག་མིན།


དྲན་ངོགས་ན་ལུས་པའི་སྐད་ཆ་དག
ཁྱོད་དང་འཕྲད་པ་མ་ཡིན།
ཁྱོད་བཙལ་བའི་བརྒྱུད་རིམ།
མིག་ཟུང་དམ་དུ་བཙུམ་ན།
འཛུམ་དམུལ་རེ་རེས།
མི་ཚེ་སྲུང་མྱོང་བ།
བརྗེད་ཆོག
དྲན་ཆོག
ད་དུང་ཞིག
                    2019/02/03–21

            ཁྱོད སྙིང་ཉེ་བའི་ཁྱོད།

   __མཛའ་བོ་སྙན་ངག་པ་རྔོག་བུ་རིག་ལྡན་མཆོག་ལ་བསྔོ་སྨོན་ཏུ།


ལས་དབང་བསམ་ན།
མི་ཚེ་གཅིག
ང་ང་ཞེས།
ངུ་ངག་ཅིག་ལས།
འཛུམ་དམུལ་ཞིག་སུ་ལ་གཡར།

བར་ཐག་དེ་དག
སེམས་ལ་ལྷག་པ་ཨེ་ཡིན།
དྲན་པ་དང་དྲན་པས།
ཁྱོད སྙིང་ཉེ་པའི་ཁྱོད།
མར་མེ་ལ་བཅོལ་བའམ།
ཡང་ན་བདེ་སྨོན་ཚར་གཅིག་ལ་བརྒྱུས་ན།
ཁྱོད་བུད་སོང་པ།
ངས་བཙལ་དགོས་པ།
གོ་ནོར་ཐེབས་པ་མིན།

མཛའ་བོ ངའི་མཛའ་བོ།
ལ་དྭགས་ཀྱི་འབོད་སྟངས་ཤིག
གང་ནས་ཤུད་འོང་།
ཕྱོགས་དང་ཕྱོགས་གཞན་ཞིག་ལ་ཅེར་ན།
ཁ་བ་འཚུབ་པའི་ས་སྲོད་ཅིག
ང་ལ་དབང་བ།
གཏམ་རྒྱུད་མིན་འདྲ།

ཁྱོད སྙིང་ཉེ་པའི་ཁྱོད།
སུ་ཞིག་གི་འཇིག་རྟེན་ན་ཡོད།
མིག་ཕྱེས་ཐེངས་རེར།
ཆབ་ཆར་རླུང་བུ་ལྡང་པ་མ་གཏོགས།
ཁྱོད་གང་ན་ཡོད།

མི་ལོ་ཉི་ཤུ
བྲལ་བ་བྲལ་བའི་སྡུག་ལ་ཁེན་རུང་།
ཁམས་བདེ་རེ་ཡོད་མྱོང་།
མི་ལོ་ཉི་ཤུ།
མཇལ་འོང་ཞེས་རེ་སྨོན་ཁོ་ནས།
ཁྱོད་བུད་སོང་བ།
ངས་དྲན་དགོས་པ།
ཚེ་འདིར་བསྐྱུར་བའི་བུ་ལོན་མིན།
                      2019/03/16–03/17

        བོད་དམག་སྡེ་པ།

        ___རྒན་གངས་དབང་གི་ཟིན་བྲིས་ལ་མཇལ་རྗེས།

བྱ་སྒྲོ་ལེབ་མོ།
རླུང་བུས་ཁུར་པ་མ་ཡིན
ཡུལ་ཞིག་དང་ཡུལ་གཞན་ཞིག
གང་ན་ཡོད།
འཛུམ་མདངས་གཉོམ་པོ།
བདག་པོ་མེད་པ་མ་ཡིན།
སྙིང་ཉེ་ཞིག་དང་སྙིང་ཉེ་གཞན་ཞིག
གང་ལ་ཆས་པ།
ཤབ་ཤུབ་ཀྱིས་སུ་ལ་བཤད།

ཉིན་མོ་སྟོང་ཕྲག
མངགས་བཅོལ་ག་ཚོད།
མཚན་མོ་སྟོང་ཕྲག
རྨི་ལམ་ག་ཚོད།
རེ་རེས་དྲན་པ་དྲུད་ནས།
གནའ་བོའི་འཇིག་རྟེན་ཞིག
ཡང་ཡང་མིག་ལ་འཁོར་འོང་།

ཟླ་ནི་ལོ
བར་ཐག་རེ།
ལོ་ནི་ཟླ།
མངའ་རིས་རེ།
རེ་རེ་འཕྲོར།
ལས་དབང་འདྲ་བ།
རང་སེམས་ལ་གསང་ངམ།

         མཚན་མོ།

 
ང་སུ་ཞིག་གི་རྨི་ལམ་ནང་ལ་ལོག་བསམ།
རྨི་ལམ་ན་ཁ་བ་འབབ་བམ།
སྔར་མེད་ཀྱི་དྲན་སྟངས་ཤིག་གིས།
གོམ་པ་སྤོ་ས་མི་འདུག

ཡང་ན་ཟླ་བ།
ཡང་ན་མུན་པ།
ཡང་ན་མཚན་མོ་རེ་རེ།
ང་སུ་ཞིག་གི་དྲན་གདུང་མ་ཡིན།
ངས་སུ་ཞིག་བོར་པ་ལྟར།
གསོལ་འདེབས་ཅི།
དངངས་དངངས་སྐྲག་སྐྲག་གིས།
ང་ལ་རྒྱང་རིང་མང་ཚུལ།
ག་ལེར་བཙལ་སྙམ།

རླུང་བུ་ལྡང་ཚུལ།
སྔར་དང་མི་འདྲ།
ཁ་བ་འབབ་ཚུལ།
སྔར་དང་མི་འདྲ་བར།
ངས་སྐད་བསྐུར་བ་ཐམས་ཅད།
ཁུ་སིམ་མེར།
ཞོགས་པའི་བར་དུ་ལན་མི་འདུག

ཁྱོད ཁྱོད ཁྱོད།
གློ་བུར་དུ་དངན་པ་ཞིག་ཏུ་གྱུར་ཞིང་།
སླར་ཡང་མིག་བཙུམ་འདོད་ཚེ།
སུ་ཞིག་དང་གང་ཞིག
ང་དང་གྱེས་པའམ་བྲལ་བའི་སྐད་ཆ།
མཚན་མོ་མངལ་ལ་སྤུངས་པ།
ཐེངས་མང་པོ་མང་པོ་ཞིག

སུ་ཞིག་ངའི་རྨི་ལམ་ལས་བུད་སོང་།
ང་སུ་ཞིག་གི་རྨི་ལམ་ནང་ལ་ལོག་བསམ།
སྐྱོ་ཤས་ཙམ།
ད་དུང་གོ་ནོར་ཙམ།
ངས་ང་ཁྲིད་ནས་གང་ལ་འགྲོ།

                      2019/03/14-/04/02

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།