
ཡང་རི་འགོར་གངས་འབབ་ཐེངས་ཤིག
མཛེས་སྡུག་ནི་ཁྱོད་མིན་ཏེ།
དྲན་གདུང་ཧྲིལ་བོ།
རྒྱང་རིང་ལ་ཤོར་ན།
ཕ་ཡུལ་ཟེར་བ།
ནམ་ཡང་གཏམ་རྒྱུད་ཅིག་ཡིན་ནམ།
ལས་དབང་ཡིན་ན།
ངས་ཅི་ཞིག་ཞུ།
མིག་ལ་ལྷུང་བའི་འདབ་མ།
ཡང་ན་དུས་ཚིགས་ཤིག་གི་གོ་རིམ།
ངས་དྲན་པ།
ངའི་སྡུག་ཅིག
གང་ལ་སྦ་ཆོག་སྙམ།
མཛེས་སྡུག་ནི་ཁྱོད་ཡིན་ཏེ།
མངགས་བཅོལ་ཡོད་ཚད།
རྒྱང་རིང་མིན་ན།
ཕ་ཡུལ་ཟེར་བ།
ནམ་ཡང་སྙན་ངག་ཅིག་མིན་ནམ།
2019/01/08--/10

བསམ་བློ་བཏང་ན།
ཁ་ཁ
ལས་དབང་རེད།
སོ་སོ།
ཕྱིར་དྲན་རེད།
ད་དུང་ཅི་ཞིག
ཀྱེ་ཀྱེ།
མི་ཚེ་རེད།
ཀྱེ་ཧུད།
རྨི་ལམ་རེད།
ད་དུང་གང་ཞིག
སྟོང་སྟོང་།
མི་ཡུལ་རེད།
ཤག་ཤག
ཆར་བ་རེད།
ཅི་ཞིག་དང་གང་ཞིག་གིས།
བསམ་བློ་བཏང་ན།
ང་ལ་དབང་མྱོང་བ།
བདེ་བ་མ་ཡིན།
2019/02/14--15

མཚན་མོ་རེ་རེར།
ཟླ་བ ག་དུས་ཤིག་ལ་ཤར།
མུན་ནག་ལ་འབྱར་བའི་མཚན་མོ་རེ་རེར།
ངས་སུ་ལའང་ཟླ་བའི་སྐོར་འདྲི་མ་ཕོད།
ཟླ་བ སུ་ཞིག་གི་ཟླ་བ།
ངས་གཏམ་རྒྱུད་ནས་གོ་འམ།
དྲན་པའི་ཁྲོད།
མུན་པའི་མཚན་མོ་ཤར་ན་བསམ།
རྒྱང་རིང་དང་རྒྱང་རིང་།
ངའི་མིག་ལ་འཁོར་འཁོར་ཐམས་ཅད།
མུན་ནག་མིན་ན།
གཞན་ཞིག་ཨེ་ཡོད།
ཟླ་བ ག་དུས་ཤིག་ལ་ཤར།
མུན་ནག་མངལ་གྱི་མཚན་མོ་རེ་རེ།
ང་ཁོ་ནར་བསྐྱུར་བ།
ངས་སུ་ལའང་བཤད་མ་ཕོད།
2019/01/24--30

ཁྲུང་ཁྲུང་འཕུར་དུས།
ཁྲུང་ཁྲུང་འཕུར་དུས།
ག་དུས་འཕུར་འོང་བསམ།
དྲན་སྟངས་རེ།
ཕ་རོལ་རེ།
གཤོག་ཟུང་རེ།
རྒྱང་མིག་རེ།
ཁྲུང་ཁྲུང་འཕུར་དུས།
ག་དུས་འཕུར་འོང་བསམ།
བར་ཆད་རེ།
གསོལ་འདེབས་རེ།
འཁང་ར་རེ།
ན་ཟུག་རེ།
ཁྲུང་ཁྲུང་འཕུར་དུས།
ག་དུས་འཕུར་འོང་བསམ།
དུས་ཚིགས་རེ།
ལོ་ཟླ་རེ།
སྐྱེལ་མ་རེ།
དབུགས་རྔུབ་རེ།
2019/02/02--14

མཚོ་མོར་སྤྲིངས་པའི་འཕྲིན་ཡིག
1
ཁྱེད་དང་འཕྲད་པ་གཞན་ཞིག་ཡིན་སྲིད།
གཞན་གྱི་འཛུམ་མདངས་ཀྱིས།
ཁྱེད་ཉིད་འཇིག་རྟེན་གང་ལ་སླེབས་སོང་།
དྲན་པ་འཁྲུལ་བ།
རང་ཉིད་བརྗེད་པ།
རེ་རེ་འཕྲོར།
ལོ་དང་ཟླ་ལྷག་མ་སོང་།
2
བདག་པོ་མེད་པའི་ལས་དབང་བསམ་ན།
ཕྱི་མིག་ཡོད་ཆོག
ཕྱི་མིག་མེད་དུས།
སེམས་ནི་ཟུག་རྔུས་ཟིན་ཏེ།
མིག་ལ་ཟགས་པ།
དེ་དུས་ཀྱི་ཁྱེད།
ངུ་སླ་བའི་བྱིས་པ་ཞིག
3
རྨི་ལམ་ནི་རྨི་ལམ།
འཕྲད་དང་འཕྲད་པ་མ་ཡིན།
རྨི་ལམ་ནི་རྨི་ལམ།
གྱེས་དང་གྱེས་པའི་དབང་གིས།
བདེ་མོ་ཞིག
ང་ལ་བསྐུར་བ་ནི།
གསང་གཏམ་མིན།
4
ལོ་དང་ཟླ།
དྲན་འཕྲོ་ཞིག
ཆར་དང་རླུང་།
ཞིང་ཁམས་ཤིག
དུས་འདིའི་ཡོད་ཚད།
གལ་ཏེ་ཟེར་ཨེ་ཆོག
ཨ་ཁ་ཁ
ང་ནི་ང་མིན་ནམ།
5
ཁྱེད་ལ་ཡོད་པ་འཛུམ་མདངས་ཡིན་སྲིད།
འཛུམ་མདངས་དེ་གཏན་པར་སྨོན།
2019/02/15-16