2019ལོའི་གཅན་མེ་སྟག་གི་སྙན་ངག་ཆེད་འགོད།(1)

22945



             ཞིབ་བརྗོད།



ཞོགས་པའི་ཆུ་ཚོད་གསུམ་གྱི་སྟེང་།
དུས་ཚོད་ཀྱི་དྲིལ་སྒྲ་སིང་ངེར་གྲགས་བྱུང་།
དེར་མཐུད་ནས་སློག་གྲོགས་ནོར་སྐྱབས་རྒྱལ་གྱི་ཁ་པར་ཞིག་ཐོན།
དེར་མཐུད་ནས་ཚ་མོ་སྒྲོལ་དཀར་གྱིས་ངུ་སྐད་དང་བཅས་
རྨི་ལམ་རབ་རིབ་ཅིག་བཤད།
ངའི་གཉིད་རྩ་བ་ནས་དཀྲོགས་སོང་།

ར་སྐོར་ནང་གི་སྡོང་བོ་རེ་རེ་སྐྱ་ཐེར་ཐེར་ངང་།
བར་སྣང་ལ་ཟུག་འདུག
དེའི་གསེང་ནས་ཡར་བལྟས་ན།
ཟླ་བ་དེའང་སྤེན་ཤིང་གི་གསེབ་ཏུ་འཛུལ་བའི་རི་བོང་ཞིག་དང་འདྲ།
ཁང་བའི་ཀླད་དུ་ད་དུང་མ་ཞུ་བའི་མནན་འདུག

ཁྱིམ་གྱི་ཁང་མིག་རེ་རེ་ལས་གློ་འོད་ཆུང་ངུ་རེ་ཕྱིར་འཕྲོས་འོང་།
དཔེར་ན་བུ་མོ་ཆུང་ཆུང་ཚོས་དྲ་རས་ཀྱི་ཁ་ཁེབས་ནག་པོ་བརྒྱབ་པ་དང་འདྲ་བར།
མཆུ་སྒྲོས་དང་གདོང་བ་ཧ་ཅང་གསལ་བོ་ཡིན་ནའང་།
དེ་ལ་ལྐོག་གྱུར་དང་བསླུ་བྲིད་ཀྱི་ཆ་ཞིག་འདྲེས་པ་བཞིན།
ཁོ་མོ་ཚོས་ཁང་མིག་ནང་ཅི་ཞིག་ལབ་བཞིན་པ།
ངས་རྩ་བ་ནས་ཐོས་ཐབས་མི་འདུག

རང་གིས་རང་ཉིད་གཅུན་དྲགས་ན།
དབེན་སིམ་པ་དེ་ལའང་ཁ་ཕྱོགས་མི་འདུག
ང་ལ་མཁོ་བ་ནི་ཏག་ཏག་འབེན་སིམ་པ་དེ་རེད།
སྐད་ཆ་ཚིག་གཅིག་ཀྱང་མི་སྨྲ་བའི་དཀྱིལ་འཁོར་དེ་ནས་།
ངའི་དུས་འཁོར་གྱི་ཁ་ཕྱོགས་གང་ཡིན་ནམ།

ཚོར་བ་མག་མོག་གི་ཀློང་ནས།
ང་སླར་ཡང་ཁང་མིག་དེ་རུ་འབྱོར།
ང་དང་ཁ་བརྡ་གློད་མཁན་དེ་ངས་གཏན་ནས་ངོ་མི་ཤེས་པའི་མི་ཞིག་རེད།
ཁོའི་མགོ་བོ་ནང་དུ་སྒུར་ནའང་།
ངས་ཁོའི་ཟླ་འགར་མ་བྲེགས་པའི་སྨྲ་ར་མཐོང་ཐུབ།

གློ་བུར་གློ་བུར་དུ། ངས་ང་སྡོད་སའི་ནུབ་ཕྱོགས་དེ་དྲན་འོང་།
དེ་ནི་ཁ་བ་ཆེས་མཐུག་ས་ཞིག་ཡིན།
ངས་ཚོར་བའི་ཁྲོད་ནས་ཁ་བ་དག་ཕྱོགས་གཅིག་ཏུ་བཀྲམས་ཏེ།
ལན་རེར་མཐོན་པོར་བརྩིགས་པ་དང་། ལན་རེར་སོ་སོར་ཕྲལ་ཏེ།
ཉི་མ་རེ་རེ་བཞིན་སྙན་ངག་ཅིག་ལ་སྒུགས་པ་བཞིན།
ཉི་མ་རེ་རེ་བཞིན་དབེན་སིམ་པ་དེ་ལ་སྒུགས་ཡོད།

                       ཨ་ཡེ་དེ།


འབབ་ཚུགས་སུ། ཨ་ཡེ་དེས།
ལྷ་སའི་ཁྲོམ་སྲང་ག་གེ་མོ་ཞིག་འཁུར་ནས་འོང་།

ང་ཁོ་མོའི་ཉེ་ལོགས་སུ་སྡོད་མི་ཕོད།
མོའི་ལུས་སྟེང་ན་ཅི་ཞིག་ཅི་ཞིག་གི་རྩམ་དྲི་འཐུལ་འོང་།

དྲང་གནས་བཤད་ན།
ལྷ་སའི་ཆང་སེར་ལས་ཨ་མདོའི་ནས་ཆང་དགའ།

ཨ་ཡེ་དེས། མཚམས་འདྲི་མཇུག་མ་རྫོགས་གོང་ལ།
ནས་ཆང་ཡོངས་སུ་བཏུང་ཚར།

གལ་སྲིད་ངས་མོ་ལ་འོ་ཞིག་བྱེད་པའི་དབང་དུ་བཏང་ན།
མོ་དང་འདྲ་བར་གཞིས་ཀ་རྩེའི་རྒས་གཉེར་དེ་དག་ངའི་
གདོང་ལ་སྔ་རྗེས་སུ་འབབ་སྲིད་དམ།

            འབུ་ནག་བསེ་བོ།


                   ༡
ཁྱོད་ཚང་གི་སྤྱོད་ཁང་ནི་རྡོ་ཀ་མ་རུས་གྲུབ་པའི་སྦུག་ཁང་ཞིག་རེད།
གཅིན་པ་གཏོང་སའི་ཆབ་ཏོག་ཀྱང་རྡོ་ཀ་མ་རུས་གྲུབ་པ་ཞིག་རེད།
ང་ཁྱོད་ཚང་དུ་སྡོད་པའི་ཞོགས་པ་དེར།
ང་མལ་ལས་ལྡངས་ཏེ་གཅིན་པ་གཏོང་བར་འགྲོ་དུས།
སྤྱོད་ཁང་གི་རྡོ་ཀ་མ་རུའི་ཆབ་ཏོག་སྟེང་ན།
འབུ་ནག་བསེ་བོ་ཞིག་བག་ལྷོད་ངང་བསྡད་ཡོད་པ་མཐོང་།
གཉིད་ངལ་མ་སངས་པར། མིག་སྐྱག་ཀྱང་འབྱིད་ལོང་མེད་པར།
ངས་འབུ་ནག་དེའི་རྒྱབ་ལ་གཏད་ནས་གཅིན་པ་ཆག་ཆག་བཏང་།
                    ༢
ཆབ་ཏོག་སྟེང་ག་ས་ག་རུ་འཐོར་བའི་གཅིན་གྱི་ཐིགས་པ་ནི།
ལོ་དཀར་གྱི་སྣུམ་གཡིས་འགོས་པའི་ཤོག་གཙང་ཞིག་ལྟར།
གློ་བུར་ཆེས་མི་སྡུག་པར་གྱུར།
<སེར་སེར་ནག་ནག ཐིགས་ཐིགས་གྲུམ་གྲུམ། ད་དུང་སྣ་
བའང་སྦྲིད་པར་བྱེད་པའི་དྲི་ངན>
དེ་ནི་ཁྱོད་ཀྱི་ཆུང་མས་སུ་ལ་ཁ་པར་གཏོང་དུས་སུ་བཤད་པའི་སྐད་ཆ་རེད།
                     ༣
མ་གཞིར། ཞོགས་པ་དེར་ང་ཁྱོད་དང་ཁ་གྱེས་དུས།
ང་རང་འབྲལ་མི་ཕོད་པ་ཞིག་བྱུང་བ་ནི།
ངས་ཁྱོད་ལ་གསལ་བཤད་བྱེད་འདོད་པ་ནི།
འབུ་ནག་བསེ་བོ་དེ་གཅིན་གྱིས་སྦངས་མེད་པར།
གཅིན་གྱི་ཚ་དྲོད་དང་རྒྱུགས་ཤུགས་དེས་དེད་ནས།
རྡོ་ཀ་མ་རུའི་ཐང་གཅལ་སྟེང་ལྷུང་རྗེས།
མགོ་བོ་དཀྲུགས་ཤིང་རྔ་མ་གཡུག་བཞིན་རྡོ་ཀ་མ་རུས་གྲུབ་པའི།
གྱང་སྲུབས་ཀྱི་བུ་ག་ཞིག་ཏུ་འཛུལ་སོང་།
འགྲོ་ཁར་ད་དུང་ཨོང་ཏོ་བརྒྱངས་ཏེ།
ང་ལ་མི་དགའ་བའི་འཕྱ་ཉམས་ཤིག་ཀྱང་བསྟན་སོང་།
ཞེས་ཟེར་འདོད་པ་དེ་ཡིན།
་                ༤
ཡིན་ནའང་། གོ་ཐོས་ལྟར་ན་ངའི་གཅིན་པ་གཏོང་ཐེངས་གཅིག་གིས།
ངས་ཁྱོད་བཟའ་ཟླ་གཉིས་ཁ་ཁར་དབྱེ་སོང་ཟེར།
རྡོ་ཀ་མ་རུའི་སྤྱོད་ཁང་ལ་བུ་ག་གཏོད་སོང་ཟེར།
བརྩེ་བ་ནི་རྡོའི་དཔེ་རུ་བཀོད་ན། རྡོ་བ་གས་སོང་།
མཛའ་བ་ནི་ལྗོན་པའི་དཔེ་རུ་བཀོད་ན། ལྗོན་པའང་སྐམ་སོང་།
སྔོན་ཆད་ཁྱོད་ཀྱིས་ང་ལ་ལོ་མ་ཞིག་བྱིན་མྱོང་།
དེ་ནི་སེན་མོ་སྐྱེས་པའི་ལག་པ་ཞིག་རེད།
སྔོན་ཆད་ངས་ཁྱོད་ལ་ལག་པ་ཞིག་བྱིན་མྱོང་།
དེ་ནི་མཆེ་བ་མེད་པའི་ལོ་མ་ཞིག་རེད
                        གཅན་མེ་སྟག་ནས་༢༠༡༨ལོའི་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ཟི་ལང་གི་མགོན་ཁང་ཞིག་ནས།

                མིག་ཆུ།


ཁྱོད་ནི་ང་ཡི་མིག་ཆུ་རྡོག་གཅིག་ཡིན།
ངེད་གཉིས་ཐེངས་དང་པོར་འཕྲད་པ་ནས་བཟུང་།
ཁྱོད་ང་ཡི་མིག་ཟུང་དུ་ལྟེམ་མེར་འཁྱིལ།
དྭངས་བསིལ་གྱི་གཤེར་གཟུགས་དེ་ནི།
ང་ཡི་སེམས་ཁོང་དུ་འབབ་པའི་ཟུངས་ཁྲག་གི་ཀུ་ཅོ་དང་ང་རོ་ཡིན།
གཤེར་གཟུགས་ཀྱི་འཇམ་མཉེན་དེ་ནི་ང་ཁྱོ་ལ་དགའ་བའི་འཁྲེང་ཞེན་དེ་ཡིན།

ཁྱོད་ང་ཡི་མིག་ཆུ་རྡོག་གཅིག་ཡིན།
ངེད་གཉིས་སོ་སོར་ཁ་བྲལ་བ་ནས་བཟུང་།
ཁྱོད་ང་ཡི་འགྲམ་ངོས་སུ་མུ་ཏིག་ལྟར་དཔྱངས།
མེ་ལྟར་འབར་བའི་བརྩེ་བ་ནས་ཁ་བྲལ་རྗེས་ཀྱི་འཁྱག་གྲང་།
གོམ་པ་རེ་རེས་ང་ཡི་མི་ཚེ་ཟད་ལ་ཉེ།

ཁྱོད་ང་ཡི་ཡི་མིག་ཆུ་རྡོག་གཅིག་ཡིན།
བྲེལ་བ་འཚབ་འཚུབ་ཀྱི་དུངས་བརྩེ་འདི་ཡིས།
ངས་ཁྱོད་ལ་ཇི་ལྟར་གདོང་གཏོད་དགོས་པ་མི་ཤེས་ཏེ།
ཁྱོད་ནི་ངའི་ཚེ་གཅིག་གི་ལས་འབྲེལ་ཡིན་ནམ།
ཡང་ན་ངའི་ཚེ་གཅིག་གི་སྒྲོག་ཐག་ཡིན།

                  བཤད་མི་ཤེས་པ་ཞིག



བུ་མོའི་མིག་ལམ་དུ།
ཨ་ཕ་ནི་གཙུག་ལག་ཁང་ཞིག་ཡིན་ཟེར།
ད་ལྟ་ང་ནི་གཙུག་ལག་ཁང་དེ་ཡིན།
ཡིན་ནའང་དེ་ནི་གཤགས་པས་མི་ནུས་པའི་ངན་སྔགས་ཤིག་རེད།

ངས་བུ་མོ་ཁྲིད་དེ་རྩྭ་ཐང་དུ་ཐོན།
རྩྭ་ཐང་ནི་རྩྭ་ཡི་བསྡུས་བརྗོད་ཡོད་ཚད་འབུས་ས་ཞིག་མ་རེད།
བྱང་རླུང་དེ་དག
རྣོ་སྦྲེང་རོལ་ཆས་ཤིག་གི་རྣོ་སོ་ཆག་པ་དང་འདྲ།

ང་རང་ཉིད་ལ་ཁ་སང་ལས་མེད།
ཟླ་འོད་ཀྱིས་ང་ཡི་རྐེད་གཟེར་སློང་ཞིང་།
འབུ་སྐད་ཀྱིས་ང་ཡི་སྙིང་ནད་སློང་།
རོལ་ཆས་སྟེང་དུ་རྣོ་སོ་དཀར་པོ་ལས་ནག་པོ་མང་འདུག

ཟླ་གཉིས་པ། མུན་ནག་ལ་འཁྱག་རོམ་ཆགས་པའི་དུས་ཚོད།
ངས་ཟ་ཐུར་དང་དཀར་ཡོལ་དང་སྡེར་མ་ཡོངས་སུ་བསྒྲིགས་རྗེས།
ངས་མར་མེ་ཡི་རྩེ་རུ་ཆགས་པའི་བ་མོ་དེ་དག་བསལ་དགོས།
ངས་བུ་མོའི་ལུས་སྟེང་དུ་འབྱར་བའི་ཚིག་རྒྱན་དེ་དག་བསུབས་དགོས།

ནམ་མཁའ་ཡིས་སྔོ་བསངས་ཁྱེར་ནས་བུད་སོང་།
འཇའ་སྤྲིན་གྱིས་རི་མོ་འཁུར་ནས་བུད་སོང་།
རླུང་དེ་ལོ་མ་བཞིན་འགུལ་ནས།
<ཁྱོད་ཀྱིས་ཅི་ཞིག་འདོད་པ་ལྟར་གྱིས་ཤིག
ངའི་ལུས་པོ་འདི་ཁྱོད་ཀྱིའོ་>ཟེར།

ད་ལྟ་ང་ལ་ཟླ་འོད་གཅིག་པུ་ལྷག
ཟླ་འོད་ཀྱིས་ང་ལ་གྲིབ་གཟུགས་རིང་བོ་ཞིག་གནང་།
གྲིབ་གཟུགས་དེ་དེད་ནས་སོང་ན།
ཁྱིམ་གང་དུ་ཡོད་པ་བཙལ་ནས་རྙེད་རྒྱུ་རེད་བསམས།

                   འདི་ཅི་ཞིག་རེད།


ཕྱི་གྱར་བ་དེ།
ཆུ་བོ་ཞིག་བརྒྱུད་ནས་སྐྱེས་ཀྱིན་འདུག
རྐང་ལམ་ཞིག་བརྒྱུད་ནས་སྐྱེས་ཀྱིན་འདུག
རྩ་བ་ཞིག་བརྒྱུད་ནས་དང་།
ལྟེ་ཐག་ཅིག་བརྒྱུད་ནས་སྐྱེས་ཀྱིན་འདུག
ད་དུང་། གྲི་སོ་ཞིག  གློག་ཞགས་ཤིག  ས་བཤད་རྡོ་བཤད་ཅིག
ར་མ་རེ་ལྕག་ཅིག འུག་པའི་ངུ་སྐད་དང་སྤྱང་སྟུག གངས་ཐང་གི་གཅིན་པ་སེར་པོ།
བྱེ་རླུང་། སོ་དམག་གི་ཉེན་བརྡའི་དུ་བ། གློག་འོད་ཀྱི་ཁ་ཟིན་སྣ་ཟིན། 
ཨེ་མ། རྗེས་ཤུལ་ཨ་རྗེས་ཤུལ།

གང་དུ་སྐྱེས་པ་དེ་ན་ངའི་རིག་པ་ཡོད།
ཡ་ཐོག་གི་ལྕགས་དང་ཡ་ཐོག་གི་རྡོ། 
ཕྱི་འཁྱར་བ་དང་སྨྲ་བ་འགག་པ།
ས་གཞི་དང་སེམས་གཏིང་གི་བྱེ་མ། 
རྨེག་མེད་ཀྱི་བཞུད་ལམ།
ཀྱེ་མ། རླུང་ལྡངས་ཚེ།
སྡོང་ལོ་འགུལ་ཟེར།
དེ་ན་སྒོང་ང་སྔོན་ལ་ཡོད་དམ་བྱ་མོ་སྔོན་ལ་ཡོད།”

བདག་པོ། ས་བདག་རྒན་པོ།
ཨ་ནེ། ཨ་ནེ་གུང་སྨན་རྒྱལ་མོ།
ཆུང་མ་ཞིག་ལ་རིན་གོང་ག་ཚོད་དགོས།
སྐྱུར་གྲང་གྲང་གི་ན་ཟུག
འཕོངས་རྐུབ་ཀྱི་ཤ་རྟགས་ཤིག་གིས།
ང་གྲོང་ཁྱེར་ཞིག་ནས་གྲོང་སྡེ་ཞིག་ཏུ་གཡུགས།

ཟླ་དང་པོ། ཟླ་གཉིས་པ།
སྐར་མ་དང་ཟླ་བ་ཡོད་ཚད་གནམ་གྱི་ཕ་རོལ་དུ་བུད་སོང་།
མིག་གིས་མཐོང་མི་ཐུབ་པ་དེ་ཚོ།
སེམས་ཀྱིས་བསམས་ནུས་པ་དག་ལས།
རྒྱང་ཐག་ཧ་ཅང་རིང་ངམ།

             ཆུ།


ངས་རྨ་ཆུའི་མགོ་ཁུངས་ནས།
ཆུ་བོ་ཞིག་ཡང་དང་ཡང་དུ་བཀྲུས།

ཆུ་བོ་དེའི་ནང་དུ།
ངས་ང་རང་ཡང་དང་ཡང་དུ་བཀྲུས།

མི་ཚེ་འདིར།
ངས་ད་དུང་དཀྲུ་དགོས་པ་དེ།
དོན་དམ་ཅི་ཞིག་ཡིན་ནམ།

         ཨོ། སྙིང་བོ་མི་འདུག


ཨོ་སྙིང་བོ་མི་འདུག
ཁྱོད་སྤྱི་ལེ་བརྒྱའི་ཡས་མས་ཀྱི་ཟི་ལིང་དུ་ཐོན་རྗེས།
གནའ་བོའི་ཕོ་བྲང་ཨེ་ཇིབ་རེད་འདོད་དམ།

འཕྲུལ་སྣང་རེད་ཡ་། འཕྲུལ་སྣང་རེད།
ཨེ་ཇིབ་ཡིན་པའི་དབང་དུ་བཏང་ན།
སྨྲ་ར་རིང་བོ་ཅན་གྱི་ཆོས་དཔོན་དེ་དག་གང་ན།

ངས་མཐོང་བ་ནི། 
སྐམ་ཤའི་ཐུག་པ་འཚོང་བའི་ཁ་ཆེ་བ་དག་སྟེ།
སྨྲ་ར་རིང་རྒྱུ་མེད་ལ་ཐུང་རྒྱུའང་མེད་པ་དག་རེད།

0

One Response to 2019ལོའི་གཅན་མེ་སྟག་གི་སྙན་ངག་ཆེད་འགོད།(1)

  1. རྩེ་རི་ཚེ་དབང་རྒྱལ་པོ། ལགས་ཀྱིས:

    ཚིག་སྦྱོར་དབྱངས་ཅན་མགྲིན་པ་ལས།།
    བརྐུས་པའི་རྗེས་མཐུན་སྙན་ངག་འབུམ།།
    རང་མོས་འབབ་པའི་ཟོལ་གྱིས་ནི།།
    བློ་ལྡན་ཁོང་བར་ཞུགས་པར་གྱུར།།
    ཡིན་མིན་ཕུ་ཐག་བཅད་པ་ཡི།།
    ཆེད་རྩོམ་ལག་ལྡན་སྣ་ཞགས་ནི།།
    རིང་དུ་བརྐྱངས་པའིི་ཟློས་གར་གྱིས།།
    ཁོ་བོའི་ཡིད་དབང་འཆང་བར་བྱེད།།
    གངས་ཅན་ནོར་འཛིན་དཔལ་མོའི་སྣོད།།
    རང་མོས་རྒྱ་མཚོ་འཁྱིལ་བའི་རླབས།།
    བོད་མིའི་ངང་ངུར་དགའ་བ་མཆོག།
    རྣམ་པར་རྒྱས་པའི་གསོས་སུ་འཕྱུར།།
    གཅན་མེ་སྟག་གི་སྙན་ངག་འདི།།
    བསྐལ་བ་བརྒྱ་ལ་གནས་པ་གང་།།
    མི་ཤིགས་རྡོ་རྗེའི་རྩལ་རྫོགས་ཏེ།།
    ཉིན་བྱེད་འོད་བཞིན་འབར་གྱུར་ཅིག།
    རྩེ་རི་ཚེ་དབང་རྒྱལ་པོས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།