ནག་པོའི་སྙན་ངག་ཆེད་འགོད།

19701

རྩོམ་པ་པོ། ནག་པོ།


ཤི་ཟིན་པའི་གཞས་པ་ཞིག་དྲན་པ།


བྱིས་པའི་རྨི་ལམ་ནང་གི་གངས་རི་མཐོ་ནའང
ཁྱེད་རང་དེའི་རྩེ་མོར་འཛེགས

རླུང་དང་གངས་རྡུལ་གྱིས་རི་རྩེ་བསྣུབས
ཁྱེད་རང་ཐང་ལ་སྒྱེལ་ཙམ་བྱས

ཆང་རག་ཉུང་ཙམ་སྤྱད་ནས་གཞས་ཤིག་བླངས
ཚིག་འབྲུ་རལ་བོ་ཞིག་གང་སར་འཁྱམ

ནམ་མཁའི་བྱ་ཁྲ་ཞིག་ལ་ཅེར་ནས་ཀི་བཏབ
ལམ་བར་དུ་སྙིང་རྗེ་བའི་ནལ་བུ་ཞིག་ལ་རོལ་མོ་བསླབས

བསྐལ་བའི་མཐའ་ལ་བསླེབས་དུས
ངག་མི་སྨྲ་བར་གཙང་ཆུ་ཞིག་རྐང་རྗེན་དུ་བརྒལ
 
                                2016/5/19

ཁོ་མོར་ཕུལ་བ།


སྐར་མ་སྨིན་དྲུག་མུན་ནག་གིས་བཅུམས་ནའང
ཚེ་རབས་དུ་མར་ཀེ་རེར་བལྟས་ཚེ
དུས་ཚོད་ཀྱི་ཐ་གུ་ཕྲ་མོ་དེས  ཅི་ཞིག་བོར་སོང་བ་ལྟར
སྨིག་རྒྱུ་སྟུག་པོ་དེ་ཡོངས་སུ་བསེད་དེ
ནམ་མཁའི་ངོས་སུ་དྲུད་ཡོང

གཟུགས་བོར་ནས་ལྡོང་བར་གྱུར་ཚེ
དབྱངས་གསལ་གྱི་སྒྲ་དབྱངས་མ་ཐོས་ན
སྤོས་དྲི་སྣོམ་བྱེད་ཀྱི་ཤེས་པ་ཉམས་ན
ཟས་བལྡད་ནས་རོ་མྱོང་དུས  ལྕེ་རུལ་ན
གལ་ཏེ་རེག་བྱའང་མ་ཚོར་ན
ཁྱེད་ལ་ཨུ་དུམ་ཝ་ར་རྐང་གཅིག་ལས་ཅི་ཡོད

ཁྱེད་ཀྱིས་ཚིག་གྲུབ་བཟོ་མཁན་གྱི་ང་ལ
རང་གི་རྣམ་ཤེས་ཀྱིས་བཟོས་པའི་སྦྲ་ནག་ཅིག་བསྟན་ནས
འཚུབ་ཆ་མེད་པར་ནང་དུ་ཕེབས་ཤོག་ཟེར
འོན་ཀྱང  དགུན་དུས་ཀྱི་བ་མོས་ང་རང་བཀྲུ་སྲིད་པས
མཆི་མས་ངོ་གདོང་བརླན་ཡོང

                           2016/5/20

Ctrl+c


བཙལ་བས་མ་རྙེད་པ་དག


ཚེ་རབས་འདིའི་སྡིག་སྒྲིབ་མ་ལུས་པ་དག
སྙིམ་པར་ལྷུང་བའི་ཁ་བ་བཞིན་སྐད་ཅིག་ལ་འཇིག་པར་ངེས

ལྕེ་རྩེའི་རོ་གང་རུང་བཞིན
དེས་མཚོན་པའི་ལུས་ཀྱི་ངལ་དུབ་ནི
མིག་གིས་མཐོང་དཀའ་སྟེ  ཡོད་ཚད་ཟ་འབྲུ་དང་བཏུང་ཆུའི
དམིགས་ཡུལ་མེད་པའི
ངོ་བོ་འགྱུར་སླ་བའི
རྒྱུན་རིང་ཞིང་དུས་ཚོད་ཀྱིས་མི་ཟིན་པའི་འཚོ་བའོ
ངའི་ཕྱོགས་སུ  ལག་པ་བསྲིངས་ནས
འགྲོས་དལ་བའི་ཉིན་རེ་རེ་སྤྲིན་པ་བཞིན་བསེད
ཁོར་ཡུག་དལ་ཅག་སེ

གྱང་ལྡེབས་ལ་ཅེར་ནས  ལག་པ་འཁྱག་པ་དེས
རྒྱུད་གྱོང་བའི  གླེང་རིན་མེད་པ་དེ་དག་ཡི་གེར་ཕབ
འོན་ཏེ་ཚོད་ཚོད་ལ་རྙེད་པའི་ཐ་སྙད་འདི་དག
རླངས་པ་བཞིན་མི་རྟག་པའོ

ཅ་ལག་སྣ་ཚོགས་ཟད་པར་གྱུར
དཔེ་རྙིང་བར་གྱི་གདོད་མའི་གླུ་གཞས་དེ་དག་ཀྱང་ཡལ་བར་གྱུར
ངའི་ལག་གི་སྙུ་གུ་འདིའང་བྱེ་ཟགས་བཞིན
ངའི་དོན་ལྔ་སྣོད་དྲུག་ནས
མཁའ་དབུགས་ལྟར  རྡུལ་ཕྲ་རབ་ཀྱི་ཁོང་གསེང་ནས
བཙལ་བས་རྙེད་པ་མ་བྱུང
སྙིམ་པར་ལྷུང་བའི་ཁ་བ་བཞིན་སྐད་ཅིག་ལ་འཇིག་སོང

ཁོར་ཡུག་དལ་ཅག་སེ

                                   2016/6/12

Abbas Kiarostami


ཉི་འོད་ཀྱི་གསེང་ན་འཆི་འཕོའི་ལམ་པ་སྒུག་མཁན་དེ
ཨོ་ལིབ་སྡོང་བོ་འོག་གི་སྙིང་སྡུག་ག་ལ་ཡིན

གྲོགས་པོའི་ལོག་མལ་གང་ཡིན་པ་སྔ་མོ་ནས་ཤེས་ཡོད་ཚེ
པགས་པའི་སྟེང་གི་འབུ་སྲིན་དག་གན་རྐྱལ་དུ་ཉལ་མི་སྲིད་ལ

རྒྱལ་ཁོངས་གཞན་ནས་བུད་མེད་ཅིག་ལ་འཁྱུད་པར་བརྩམས་ཚེ
ཕ་ཡུལ་གྱི་ནང་མིས་ཁྱེད་རང་དྲན་གི་འདུག་ག་ལ་ཟེར

སྒྲ་དང་ཁ་དོག་གི་མཛེས་པ་དག་མིའི་རིགས་ཀྱི་སེམས་སུ་ཟུག
འགུལ་གྱིན་པའི་ཡིད་བརྙན་དེ་དག་ཤ་ཁྲག་དང་འབྲེལ་བ་ཡོད་པས

རླུང་དང་བསྡེབས་ནས་འགྲོ་མཁན་ཞིག་ལ་མཚོན་ན
ཅི་ཞིག་ཡོད་པ་བཞིན་དུ་བརྙན་ཡོལ་ངོས་ཀྱི་མི་དེས་ཆོག་ལ

ས་ཆ་སྐྱ་བོ་དེ་རུ་རླུང་ནད་བྱུང་བ་བཞིན་འདར་འདར་བྱེད་དུས
དབྱི་རག་གི་གློག་བརྙན་དེ་མཐའ་མར་སུ་ལ་སྟོན་ནམ

                                       2016/7/5

Ctrl+c


བོར་ཟིན་པའི་རྟ་ཕོ།


སྣང་བའི་ནམ་མཁའ་རུ་རྟ་ཕོ་གློག་བཞིན་འཁྱུག

ཤོག་ངོས་ཀྱི  སྨུག་སྤྲིན་ཀྱ་ཀྱུའི་ནང་གི་རྟ་ཕོ
ཡི་གེའི་གཟུགས་སུ
ངའི་མིད་པའི་སྦུབས་སུ  ཁ་ཕྱོགས་མེད་པར་ཡང་ཡང་འཁྱུག

རྟ་ཕོ  ཉིན་སྲིབ་བརྟོལ་བའི་རླུང་གི་གྲུ་ཤན
རིགས་སུ་གྱུར་བའི་རླབས་ཀྱི་ང་རོ
སུས་བཀག་ཀྱང་མ་ཁོག་པའི་ཉི་ཟླའི་འཕེལ་འགྲིབ་གཞལ་མཁན

ས་གཞིའི་སྒང་དུ 
ཐག་ཉེ་ས་ཞིག་ཏུ  རི་རབ་དང་སྤང་ཐང་ཁྲོད
མེས་པོའི་མཆི་མའི་གསེབ་ཏུ
རྟ་ཕོ་གློ་རྡེག་ལ་བོར་སོང

ཞེད་སྣང་མཐའ་དག་ཚོར་བས་རྙེད་ཐུབ་ཀྱིན་འདུག
མཚན་མོའང་དུས་ལྟར་སླེབས

ངའི་རྟ་ཕོ  རྨི་ལམ་ཐུང་ངུའི་ནང་གི་གཟི་ཁྲ་ཁྲ
ད་ལྟ་དགྲ་གཤེད་སུ་ཞིག་གིས་བདག་གིར་བཟུང་འདུག
 
                                                 2018/1/8

ནད་པ།


སྡིག་པའི་མེ་ཏོག་ཁ་གཏད་ཀྱི་རྔོན་པ་ཉམས་ཆུང་དེ
རླུང་གིས་ཤོག་ལྷེ་བཞིན་གང་སར་དེད་པ་ན
སྡོད་ཁང་འདིའི་ཕྱི་ནང་ཡོངས་སུ  བཤང་དྲིས་ཁེབས་སོང
སྐབས་དེར་མདའ་གཞུ་འཁྱེར་ཤོག་ཅེས་སུ་ལ་ཞུ་བ་བྱས་ཀྱང
ཁྱེད་ཀྱི་མཐའ་འཁོར་རུ
སྔོན་ཆད་ལྟར་དགའ་བ་མེད་པའི་མི་རྣམས་རྡུལ་གྱི་ཕུང་པོ་རེ་རེར་གྱུར་ཏེ
སྐད་ཅིག་ལ་ཕྱོགས་སོ་སོར་འཐོར

ཡིན་ཡང ཚེ་རབས་དུ་མའི་སྐྱེ་བ་བླངས་ཏེ
ངའི་ཤི་གསོན་ལ་དོ་སྣང་བྱེད་ཀྱིན་པའི་ཁྱོད་གང་དུ་བུད་སོང

                                                                         2018/1/13

སྒོ་མེ་ཉག་ག


སྤྲིན་པ་ལྗིད་པོ་དེ་སིལ་བུར་འཐོར་ནས
ཐག་ཉེ་སའི་རི་རྩེ་རེ་རེ་ནས་མེད་པར་གྱུར

ཉིན་གུང་གི་ཆར་ཤ་དེ་རུས་སྦལ་བཞིན་འགྲོས་དལ་ནའང
དེས་བཟོས་པའི་རྨ་ཁ་སོས་དཀའ་ཟེར

ཡོལ་བའི་ཕག་ཏུ་འུ་ཐུག་པའི་ཉི་མ་ཞིག་འཆར་འོངས
རི་སྐྱེས་རི་དྭགས་མ་བུ མོ་ཊར་འདྲོགས་ཙམ་བྱས

རྣ་བ་བླགས་པའི་ནམ་མཁའ་ནི
སྔོན་པོ་ནས་སྔོན་པོ མཚོ་སྔོན་པོ་དང་འདྲ་བར་གྱུར

                   2018/1/18

Ctrl+c


ཆང་གཞས།


སྒྲོལ་མའི་ཚོགས་ཞིང་གི་བརྡ་ཡིག
ངའི་བྲང་ཁོག་ཏུ་ལྡེམ

བཀྲུས་ནས་ཟད་པར་གྱུར་པའི་སྣང་བའི་མེ་ལོང
དེའི་ངོས་སུ་གྲིབ་མ་ཞིག་ཕར་གྲོས

སྒོའི་ཕྱི་རོལ་གྱི་རླུང་བུ  ཞེད་སྣང་ཏོག་ཙམ་མེད་པར
ཚུར་ལ་མཚན་འདིའི་གོ་དོན་འདྲི་རུ་འོངས

འཚུབ་ཆ་མེད་པར་གཞས་ཤིག་བཏང
སྡུག་བསྔལ་མཚོན་བྱེད་ཀྱི་ཚིག་འབྲུ་དེ་དག་བརྗེད་པར་བྱས

ཆང་ཕོར་ཞབས་བཏེགས་བརྒྱབ
ར་རོར་གྱུར་ཏེ་ཕན་ཚུན་དམ་གྱིས་འཁྱུད

སྔར་ནས་འདྲིས་པའི་ཆུང་གྲོགས་བཞིན
མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ངུས

སྙིང་ཁར་ལྷུང་བའི་འདོད་པའི་སྐད་ཆ་དེ
བདུད་རྩི་ཆང་བཞིན་གསོལ་གནང་རོགས

སྒྲོན་མེའི་འོད་མདངས་རེས་གསལ་རེས་མོག
ཁྱི་རྒན་རྒྱ་བོ་བརྒྱགས་ནས་གང་བྱུང་དུ་ཟུག

སྐར་མ་སྨིན་དྲུག་གྲང་ཅང་ཅང
ཞག་འདིའི་ཕ་རོལ་སྒྲོལ་ཐུབ་མིན་ལ་སེམས་ཁྲལ་འདུག

                                                                2018/1/28

ལྷ་སའི་ཁྲོམ་གཟིགས་སྒང་ནས།


ཞབས་བཏེགས་བརྒྱབ་པའི་ཆང་ཕོར ཆག་གས་སུ་སོང
གཟི་ཁྲ་ཁྲ་དེའི་བདག་པོ་གློ་རྡེག་ཏུ་བོར

ཇ་ཁང་དང་བཀྱེད་ནས་འགྲོ་བའི་ངས བྲེལ་འཚུབ་ཀྱིས
ཚ་བས་ངར་བའི་ལྕགས་སྒྲོག་གི་དྲི་ཞིག་ཚོར་ཡོང་གིན་འདུག

ཕྱོགས་ཕྱོགས་ནས་འདུས་འོངས་པའི 
སྤྲིན་པ་སྲབ་མོ་འགའ མིའི་ཁ་རླངས་ཀྱིས་འདུར་བར་བྱས

ཨ་ཙི གློག་དམར་དེ་ཁྲ་ལམ་མེར་ཡང་ཡང་འཁྱུག
ཆར་དྲག་དེའི་གྲིབ་མ་ལས་གྲིབ་མ་གཞན་ཞིག་ཀྱང་མཐོང

ཕོ་བྲང་རེས་གསལ་རེས་མོག 
ངས་གདོང་གི་མིག་ཤེལ་དེ་ཡང་དང་བསྐྱར་དུ་ཕྱིས

ཚད་མེད་པའི་བཀྲེས་སྐོམ་ཞིག་གིས་ང་རང་ཡོངས་སུ་བཅུམས
ཚོར་བས་ཟིན་དཀའ་བ་འདི་འཁྲུལ་སྣང་ཡིན་ནམ

                                                           2018/1/22

Ctrl+c


མུན་པའི་རོལ་རྩེད།




འཁུན་སྒྲས་བཅོས་པའི་ཁོར་ཡུག་འདིར་ཕྱི་ནང་གཉིས་འདུག
ཐང་ཆད་པའི་མི་དེས་གཏིང་ཟབ་སར་ཉན



གསང་བ་ལྐོག་གྱུར་གྱི་གཟུགས་པོ་འདིའི་ལྗིད་ཚད
མཚན་མོའི་དུས་སུ  དུས་ཚོད་ཀྱིས་ཐེག་གིན་མི་འདུག



མཆེ་བ་གཙིགས་ཤིང་སྡེར་མོ་བགྲད
ངས་རང་ཉིད་གཞན་དེ་ག་ལེར་མཐོང་བྱུང

                                                 2018/2/6

བུ་མོར་སྨྲས་པ།


ཆར་བ་དེས་བསམ་དབང་དྲན་དབང་མེད་པར་མཐོང་ལམ་ཡོངས་སུ་སྦངས་རྗེས
སླར་ཡང་ཤུགས་ཆེན་པོས་ཕྱོགས་ཆ་མེད་ཅིག་ཏུ་སླེབ

ཆར་ཞོད་དེ་མ་སླེབས་པའི་སྔ་རོལ་ཏུ
ཕོན་ཆེ་བའི་མེ་ཏོག་ཚོམ་བུ་དེ  ཁྱེད་ལ་གནང་དགོས་སྙམ

པད་མའི་དྲིས ཀུན་ཏའི་དྲིས རེ་ལྕག་གི་དྲིས
བསུང་ངད་ཀྱིས་གཏམས་པའི་མགུལ་རྒྱན་ནམ་ཞྭ་མོ གཞན་ཅི་ཞིག་བསླེ་ནའང་ཧ་ཅང་ཡག་སྙམ་བྱུང

ཡང་ན་ཅི་ཡང་མ་བསླེ་བར  བརླན་གཤེར་གྱི
མཛེས་པའི་ཁ་དོག་འདི་སྙིང་ཉེ་བའི་ཁྱེད་ལ་གནང་དགོས་སྙམ

དུས་ད་ལྟ  ཆར་ཆུས་བྲན་པའི  ཤི་རྨས་ཟིན་པའི་རྩ་ལྡུམ་འདི་དག
གཉིད་ཁུགས་པ་བཞིན་མགོ་བོ་སྨད་འདུག

ཚེ་ཡི་འདུ་བྲལ ཉམས་སྣང་འདིས་གསལ་བཤད་གནང་གི་རེད
ལག་པ་ཆུང་ཆུང་དེ་ཕར་བསྲིངས་ན་རེག་ཐུབ་པ་ནི་མི་རྟག་པའོ

                                                                               2018/2/14

Ctrl+c

སྒྲུང་།


སྐྲ་གསེབ་ཀྱི་སྲོ་མའི་འདུ་འགོད་ཚགས་ཚུད
ལུས་སྟེང་གི་གཟེར་མ  ཡུན་གྱིས་གཏིང་ཟབ་སར་བཅར

                                                                 2018/2/18


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།