མེལ་ཚེའི་སྙན་ངག་ཚན་པ་བཞི།

16358


ངོ་སྤྲོད་མདོར་བསྡུས།


ཕ་དེ་རང་གཤིས་བརྟན་ལ།
ཨུ་ཚུགས་ཀྱང་ཅུང་ཟད་ཆེ།
དཔའ་ཡོད་ཟེར་ཡང་གཙོ་བོ་ཞེ་སྡང་ཆེ།
ཡི་གེ་མི་ཤེས།
མ་སྦྱངས་པར་འགྱོད་ཚུལ་ལབ་མོད། སྦྱོང་བ་གཏན་ནས་མི་བྱེད།
བླ་དཔོན་སོགས་ཀྱི་རྒྱུད་པ་དང་ཉེ་འབྲེལ་གང་ཡང་མིན།
བདེན་རྩིས་ན་དགྲ་བོར་ཡང་ཁས་ལེན་སྟེར།
རྫུན་ལས་ན་སྡེ་བ་ཧྲིལ་བོ་དགྲར་ལངས་ཀྱང་།
གོམ་པ་གང་ཡང་མི་སྣུར།
སེམས་མི་ཁས་འཁྱེར་བའི་མིའི་གདོང་ལ་མཆིལ་མའང་འདེབས།
འཁོར་བའི་བཙན་ས་ཞིག་ཟིན་ཡོད་ན།
དེ་ནི་དཔའ་མཛངས་ཀྱིས་ཟིན་པ་མིན་པར།
སྡུག་རུས་དང་ཨུ་ཚུགས་ཀྱིས་ཟིན་པ་ཤོས་ཆེ།
ཁོའི་གདོང་གི་གཉེར་མ་དེའི་ནང་ན།
ད་ལྟ། ཇེ་མང་དུ་འགྲོ་བཞིན་པ་མང་ལ།
ཇེ་ཉུང་དུ་འགྲོ་བཞིན་པའང་མང་།
ངས་དེ་དག་ཅི་ཡིན་གསལ་བོ་མི་ཤེས་ལ། 
ཁོས་ཀྱང་དེ་དག་མང་པོ་མི་བཤད།
དེ་ནི་ཁོ་རང་རྒས་སོང་བས་ཡིན་ནམ། 
བསམ་ཤེས་སོང་བས་ཡིན་ནམ། 

མ་དེ་བྱམས་དང་སྙིང་རྗེ་ལྡན།
ལས་དང་དཀའ་ཐུབ་བཟོད།
འཁོར་བའི་ཁུར་ཙ་ལུང་པའི་ཕུ་མདའ་གང་བ་ཞིག་ཡོད་ཀྱང།
མོ་ལ་ཁུར་ཐེག་སྐྱེལ་བཟོད་ཀྱི་རྫོགས་པ་ཐོབ་ཡོད།
ཁོག་སྡུག་སྨིག་པ་རྫ་མགོ་རི་སྐེད་ནོན་པ་ཞིག་ཡོད་ཀྱང་།
མོ་ལ་མཆི་མའི་ཐིགས་པར་གྲིལ་བའི་གྲུབ་རྟགས་ཐོབ་ཡོད།
ཁྱོ་ག་དང་བུ་ཕྲུག་ཏུ་སྤྲུལ་བའི།
དགྲ་བོ་སྡིག་ཅན་འདི་དག་ས་ལམ་དུ་འགོད་ཆེད་མིན་ན།
མོས་མ་བྱང་སེམས་ཅན་ཞིག་གི་སྐྱེ་བ་ལེན་དགོས་དོན་མེད།
ཡིན་ན་ཡང་། མོའི་འཛུམ་མདངས་ཀྱིས་མདུན་བསུ་སྐབས།
ངའི་སེམས་རྩ་དྲོད་ཀྱིས་བཟི་ནས།
རང་ཉིད་ལ་སྡིག་སྒྲིབ་ལྕི་བའང་བརྗེད་འགྲོ།

                          2018.5.8 

མིང་མེད།


ཤ་ཟོས་རྗེས། སོ་སྲུབས་སློག
སོ་ཐུར་གྱི་རྩེ་མོས་ཁྲག་རོ་སློག་ནས་ཐོན་ཀྱང་།
ན་ཟུག་ནི་སོ་སྲུབས་ནས་ལུས་སོང་།
ཤ་ཟོས་རྗེས། ད་དུང་མ་ཟོས་པ་ཅི་ཞིག་ལུས་ཡོད་པ་ལྟར།


ས་མཐའི་མུན་པ་ལ་ཅེར་ནས།
སོ་ཐུར་གྱི་རྩེ་མོས་སོ་རྟིང་ལ་ཡང་ཡང་བྲད་ཀྱང་།
ན་ཟུག་ནི་སོ་ཐུར་གྱི་རྩེ་མོའི་རྩེ་མོ་བཞིན།
སོ་རྟིང་གི་སོ་རྟིང་ལ་ཟུག་གིན་འདུག


 སོ་སྲུབས་ཡང་ཡང་སློག་པ་ནི།
 ན་ཟུག་ཅིག་སློང་བར་ཨུ་ཚུགས་བྱེད་པ་དང་འདྲ་ལ།
 ན་ཟུག་ཅིག་བསླངས་པར་བཟོད་བསྲན་བྱེད་པ་དང་ཡང་འདྲ།
 ས་མཐའི་མུན་ཁྲོད་ན། ཕ་ཡུལ་མེད་ལ་ས་མཐའ་ཡང་མེད་ཨང་།

                               2018.9.12

ཟངས་དང་རླུང་། ཚྭ། 


ཟངས་དང་ཡོས། ཆབ།
ཐོད་པའི་མིག་ཟུང་འདིས།
དུ་སྨིག་སློང་བྱེད་ཀྱི་རྟེན་འབྲེལ་གང་ཡང་མ་མཐོང་མོད།
སེམས་ཀྱི་རི་མོ་དག་པའི་སྐྱོ་སྣང་འཚབ་འཚུབ།
མིག་མཐའི་རྫི་མགོ་ལ་འཁོར་ནས་ཡུན་རིང་འགོར།
ཨ་ན་མ་ན། ད་ལྟའི་བར་དུ་ངས་ཞོགས་པའི་བསང་མེ་མ་སོས་པར་ལུས་སོང་བ་འདྲ།

རླུང་དང་ར་མ། མཛོ།
ཐོད་པའི་མིག་ཟུང་འདིས།
ས་རྡུལ་སློང་མཁན་གྱི་ཁྱུ་ཚོགས་གང་ཡང་མ་མཐོང་མོད།
མཆི་མའི་བརླན་ཐག་པའི་ན་ཟུག་སྐམ་པོ།
མིག་མཐའི་རྫི་རྟིང་ལ་ཟུག་སྟེ་ཡུན་རིང་འགོར།
ཨ་ན་མ་ན། ད་ལྟའི་བར་དུ་ངས་དཔྱིད་ཀྱི་རྨོ་འདེབས་མ་རྫོགས་པར་ལུས་སོང་བ་འདྲ།

ཚྭ་དང་སྐྲ་ལོ། ཤ།
དངངས་སྐྲག་ཐེབས་པའི་མིག་ཟུང་འདིས།
རང་གི་ཐོད་པ་མཐོང་མི་མཐོང་ལ་དོན་སྙིང་ཅི།
ངལ་དུབ་འབོགས་སའི་མཚན་མོའི་མགོ་སྔས་མཐའ་དག
སྔར་བཞིན། མགོ་སྔས་སུ་ལྷག་པའི་ཞོགས་པའི་ངལ་དུབ་རེ་རེ། 

                              2018.12.5 

ཨ་ཅེ་དཀར་མོ།


ཨ་ཅེ་དཀར་མོ།
ཁྱོད་ཀྱི་རྒྱབ་གཟུགས་ལྕུག་ཕྲན་བཞིན་གཡོ།
ངའི་སེམས་ལ་རྣམ་ཀུན་རླུང་ལྡང་ཡོང་།
འཁྱག་ཙམ་བསིལ་ཙམ་གྱི་ཤ་འདར་ཐེངས་རེར།
ངས་ཁྱོད་ཀྱི་ཕྱོགས་ལ་ཤ་ཚ་བའི་སྤྲིན་པ་ཞིག་མ་བཏང་སྟེ།
ཁྱོད་ནི་ཆར་རླུང་ལུས་ལ་གྱོན་པའི་ལྗོན་པ་ཡིན་པས།
ངའི་སེམས་ཀྱི་སྤྲིན་པ་དེ་ནི་རང་སེམས་ཀྱི་ལྷན་པ་ཁོ་ན་ཡིན་ངེས།

ངའི་སྙིང་ཉེ་བའི་ཨ་ཅེ་དཀར་མོ་ཨ།
ཁྱོད་ཀྱི་མིག་ཟུང་མེ་སྟག་བཞིན་འཚུབ།
ངའི་སེམས་ལ་རྣམ་ཀུན་རླུང་ལྡང་ཡོང་།
སྐྱོ་ཙམ་སྨྲེང་ཙམ་གྱི་སྣ་སྦྲིད་ཐེངས་རེར།
ངས་ཁྱོད་ཀྱི་ཕྱོགས་ལ་དྲན་གདུང་གི་མཆི་མ་ཞིག་མ་བཏང་སྟེ།
ཁྱོད་ནི་ནང་སེམས་ལུས་ལ་བརྫེས་པའི་རྨ་ཁ་ཡིན་པས།
ངའི་སེམས་ཀྱི་མཆི་མ་དེ་ནི་རང་སེམས་ཀྱི་ནམ་ཟླ་ཁོ་ན་ཡིན་ངེས།

ཨ་ཅེ་དཀར་མོ།
རླུང་གིས་འཁུར་བའི་རྒྱང་བཞུད་ཀྱི་སེམས་པ་དེ་དག
ད་ལྟ་རླུང་ནང་ནས་ཡང་བསྐྱར་ལྡང་ཡོང་ངམ།
འགྱོད་པ་དང་འཆུམས་པའི་ཤུ་སྒྲ་སྒྲོག་ཡོང་ངམ།
ཁྱོད་ཀྱིས་རླུང་གི་འཁྱག་གྲང་ལ་ལེ་བདའ་བྱེད་རོགས།
སེམས་ཀྱི་གས་ཆག་ལ་འཁང་ར་བྱེད་རོགས།

                  2018.12.25
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།