ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་རྙིང་པ་བཞི་དང་གསར་བྲིས་གསུམ།

13788


ང་ཐག་རིང་ལ་མ་ཁྲིད།


                 1
  ངས་མཐོང་མྱོང་བ་ཁྱོད་མིན་པར་སྨོན།
  སྡོང་ལོ་ཐོར་བའི་སྟོན་ཁ་ཁོ་ནས།
  ང་ལ་སྟོན་ཁ་ག་ཚོད་ཡོད།
  ཡང་བསྐྱར་ངུ་འདོད་དུས།
  མིག་ཆུ་སྐམ་ཚར།

              2
མི་ཡུལ་ནི་རྒྱང་རིང་ཞིག་མིན་སྙམ།
རྒྱང་རིང་གླེང་ན།
ངས་རང་ཉིད་ཤི་བ་དྲན་བྱུང་།
ངའི་མགོ་ཐོག་གི་གནམ་མེད་སོང་།
ངས་བོར་མྱོང་བའི་ས་གཞི།
རྟོག་བཏགས་སུ་སྨོན་པ་ལས།
ས་ཁྲ་རུ་ཅི་ཡང་ལྷག་མི་འདུག

            3
ལམ་ནི་ཁྱོད་ཀྱི།
མུན་ནག་གི་འཁོར་ལོ།
སེམས་ནི་ང་ཡི།
མི་ཚེའི་སྙིང་བོ།
གཞན་ཞིག་འཛུམ་པའི་ཆེད་དུ།
རང་གི་ཡོད་ཚད།
ཧ་ཅང་གཉོམ།

           4
དངངས་སྐྲག་ནི་བསླུ་བྲིད་མ་ཡིན།
དེའི་འཕྲོར་གྱི་གསང་བ།
ང་ལ་ལོ་རྒྱུས་བཤད་པ་ཅི།
ང་ལ་དུས་རབས་དབྱེ་བ་ཅི།
དངོས་གནས་མི་དག
ཕམ་ཁར་སྐྲག་པ་ནི།
རང་ཉིད་ལྷ་ཡིན་ནམ།

            5
གལ་སྲིད་ནི་དཔེ་རུ་མི་འོས།
མདོར་ན་ནི་ཚབ་ཏུ་མི་འོས།
མ་འོངས་པ་ཟེར་བའི་དུས་ལ།
ང་ཐག་རིང་ལ་མ་ཁྲིད།
ངའི་མི་ཚེ་ངའི་མིན།

                2015/11/23

ཤར་ཁམ་བུའི་ལྕགས་ཟམ་འདི་བརྒལ་སྐབས།


ཕྱི་མིག་བལྟ་མི་ཕོད་པའི་ས་ཁྱོན།
ཆེ་རྒྱུ་ཆུང་རྒྱུ་མེད་ཟེར་ན།
ནགས་ཚལ་གན་དང་གཙང་བོ་གན།
འཁྱེར་དཀའ་ལ་ཁུར་དཀའ་བ།
ལོ་ཞིག་ལ་གསང་ངམ།
དངོས་གནས་ལྐོག་གྱུར་ཞིག

གཏམ་གྱི་མི་ཉག
མི་ཉག་གི་ཚོ་ཁག
ག་ས་གང་དུ་ཐོར་སྟངས།
འདི་ནས་རྙེད་ཀྱང་།
གོམ་སྟབས་ཤིག
ཆར་རླུང་ལ་འགྲན་ནས།
ལྷམ་ཆད་འདུག
གཡབ་མོ་ཞིག
གཡུལ་ས་རུ་བཤམས་ནས།
བྲོ་ཆད་འདུག
རེ་སྨོན་ཞིག།
རང་ཉིད་ལ་བཅོལ་ནས།
སྐྲ་བོར་འདུག

ཕྱི་མིག་གཉོམ་པོ་བརྗེད་ཆོག
ལྕགས་ཟམ་རིང་མོ་འཇབ་ཆོག
སྒྱུ་འཕྲུལ་གྱི་ཐོ་ཡོར་ཡིན་མིན།
ཤི་ཁའི་རྨ་ཁ་ཡིན་མིན།
ང་གང་ཞིག་ལ་ཁྲིད་ནས་སོང་ཚེ།
ང་ཕྱིར་འོང་མེད་པའི་སྐོར།
སེམས་ཀྱི་སྐྱོ་སྣང་མིན་པར་སྨོན།

  མཚོ་པདྨ།*


ཡང་ན་མཚན་མོ་ཞིག་ལ།
ཚེས་རིས་ཤིག་མཚོ་ངོགས་ལ་ལྷུང་སྐབས།
ཡང་ན་མཚན་མོ་དེར།
ངས་སུ་ཞིག་སྒུག
དྲག་ཆར་འབབ་ཀྱིན།

བསིལ་རླུང་ཞིག
བསྐོར་བ་ཞིག
མངགས་བཅོལ་ཞིག
རྒྱང་རིང་མིན་པ།
ངས་ག་ལེར།
ལས་དབང་ལས་གཡར་སྙམ།
མི་ཚེར་རན་པའི་སང་ཉིན།
ད་དུང་ཞིག

ཡང་ན་མཚན་མོ་ཞིག་ལ།
གུ་རུ་མེ་ལ་བསྲེགས།
ཡང་ན་མཚན་མོ་དེར།
མནྡྲ་ར་བཙོན་ལ་བཅུག
རྒྱང་ལྟ་ཅི་ཙམ།
སྡུག་བསྔལ་ཅི་ཙམ།
ཕྱི་མིག་ཅི་ཙམ།
སེམས་ཁྲེལ་ཅི་ཙམ།

གནམ་ལ་གསོལ།
དྲག་ཆར་འབབ་ཀྱིན།
ས་ལ་གསོལ།
མེ་ཏོག་ཡལ་ཀྱིན།
ངས་ག་ལེར།
ཅི་ཡང་མ་དྲན་ན་ཆོག
བརྩེ་དུང་འབར་བའི་མཚོ་ཞིག
མི་ཡུལ་ན།
དྲན་གདུང་འཕྲོག་པའི་མཚོ་ཞིག
མི་ཡུལ་ན།

             2014/6/15
             2015/8/5-9
*ངག་རྒྱུན་ན་གུ་རུ་རིན་པོ་ཆེ་དང་མནྡྲལ་རྒྱལ་པོའི་སྲས་མོ་མནྡྲལ་ར་བ་བར་བརྩེ་དུང་བྱུང་བ་བློན་གྱིས་ཚོར་ནས་རྒྱལ་བོར་ཞུས།རྒྱལ་པོ་ཐུགས་ཁྲོས་ཏེ་གུ་རུ་མེ་རུ་བསྲེགས་ཤིང་།  མནྡྲལ་བཙོན་ལ་བཅུག   གུ་རུ་མེ་རུ་བསྲེགས་ཤུལ་ན་མེ་ཏོག་པདྨ་དཀར་པོ་རྐང་གཅིག་བཞེད་ལ།  པདྨ་གསེབ་ནས་ཁྱེའུ་ངོ་མཚར་ཅན་དགུང་ལོ་བརྒྱད་ཙམ་ལོན་པ་ཞིག་འཁྲུངས་པ་ལ་རྒྱལ་པོས་དད་བཞིན་གུས་བཞིན་རང་གི་དབུ་ཞྭ་འབུལ་ཞིང་།  མནྡྲ་ར་བཙོན་ནས་གློད།


འཇིག་རྟེན་ན་རྩྭ་ཐང་མི་འདུག


གོ་ཐོས་ཤིག
རེ་བ་ལྟར་གྱུར་སོང་།
བཤད་རྒྱུན་ཞིག
གལ་ཏེ་ལྟ་བུ་ཆགས་སོང་།
བར་བར་གྱི་མཐོང་སྣང་སྔར་བཞིན།
སོ་སོ་མིན་ནའང་།
སྤོ་བོ་དང་རྨོ་བོ།
ག་དུས་རྩྭ་ཐང་ལ་འོང་།

སྐྱོབ་དགོས་པའི་རྣམ་ཤེས།
ཇི་ལྟར་གསོན་ཡོད།
འགྱེལ་སླ་བའི་ཕུང་བོ།
ཀྱེ་མ་ཀྱེ་ཧུད་ཀྱི་དབང་གིས།
བོས་འདོད་པ་ཐམས་ཅད།
མཐོང་འདོད་པ་ཡོད་ཚད།
རྩྭ་ཐང་ན་ཡོད་ན།
འཇིག་རྟེན་ན་རྩྭ་ཐང་མི་འདུག

ན་ནིང་ལྟ་བུ
གོ་ཐོས་ཤིག
སང་ཉིན་ལྟ་བུ།
བཤད་རྒྱུན་ཞིག
མཚམས་མཚམས་སུ་སྨོན་ལམ་ལ་བཀྲམས་ཏེ།
ལུས་ནི་ས་མཐའ།
སེམས་ནི་ས་མཐའ།
སྐྱེ་བ་འདིའི་དྲན་གདུང་གིས།
འཇིག་རྟེན་ན་རྩྭ་ཐང་མི་འདུག

              2015/4/20-6/15

དབྱངས་ཅན་མ།


ཐ་སྙད་འགའ་ང་ལ་མངའ་ན།
ང་ལ་སྡུག་བསྔལ་མི་འདུག

  གསོལ་འདེབས་ཁྲོད།
  ངས་ང་སྐྱོབ་བསམ་པ་མ་ཡིན།
  དྲན་དང་དྲན་པའི་འཛུམ་ཞིག
  གོ་ནོར་ཐེབས་པ།
  སྐྱོ་དུས་ཡིན་ནམ།

 ང་ལ་པི་ཝང་བཀྲོལ་མཁན།
 པད་མའི་མེ་ཏོག་འཐུ་མཁན་མ་ཡིན།
 དབྱངས་གསལ་གྱི་བདག་མོ་ཉིད།
 མི་ཡུལ་ལ་ཡང་ཡང་ཕེབས་པ།
 ག་དུས་ག་དུས་ཤིག་ལ་གོ

 མཚོ་བྱུང་མ།  
 ཞུ་འབོད་ཡིན་སྲིད།
 སྒྲ་དབྱངས་ལྷ་མོ།
 རྒྱང་འབོད་མིན་སྲིད།
 
གང་ལྟར། ངག་རྒྱུན་གྱི་འཇིག་རྟེན་དེ་མཇལ་འདོད་པ།
ཁེར་བཤད་དང་འཁྲུལ་སྣང་།
རེ་རེ་ལ་འཁྱུད་ན།
རེ་རེས་གང་ལ་འགྲོ།

               2018/11/07--08

ག་རེ།


འཛུམ་མདངས་དེ།
ཁྱེད་ཀྱིས་ཁྱེར་ན།
ང་ནི་དངངས་འདར་ཆེ།
མིག་ཆུ་དེ།
ང་ལ་བསྐྱུར་ན།
ང་ནི་སྐྱོ་སྣང་ཆེ།

ག་རེ་ལས་དབང་།
ངས་སླར་བཟློག་མི་བསམ།
ག་རེ་མི་ཚེ།
ངས་བུ་ལོན་འཇོག་མི་འདོད།
ག་རེ་བརྩེ་དུང་།
ངས་དཔྱ་ཁྲལ་རེད་མི་སྙམ།

སྟེས་དབང་ལ་སིམ་པ།
ལོ་ཟླ་ཨེ་རེད།
རྨི་ལམ་ལ་འཁོར་པ།
སྨུག་ཆར་ཨེ་རེད།
མཛའ་གཞས་ལ་ཟགས་པ།
ང་ཚོ་ཨེ་རེད།

                2018/12/18---24

ནོར་བུ་ཚེ་རིང་རྒྱུ།


ཆ་ཚང་ཁྱེད་ལ་བཅོལ་དོན།
ང་གཅིག་པུ་མ་ཡིན།
ལོ་ཟླའི་བར་ཐག
རྨ་ཁ་ཞིག་ལས།
མཛེས་སྡུག་མ་ཡིན།

སོ་སོ་ཡིན་པའི་ལས་དབང་།
སྐད་ཆ་རུ་མི་ཤོང་ན།
ཁྱོད་ཉིད་ཡོད་པའི་དྲིན་གྱིས།
ས་མཐའ་ཞེས་པ།
སྡུག་ཅིག་ལ་སྒོམ་རྒྱུ་སྐྲག

གསོལ་འདེབས་ལྟར་ན།
ནོར་བུ་ཚེ་རིང་རྒྱུ།
གསོལ་འདེབས་ལ་དབང་བ།
བཙལ་བཙལ་པ་མ་ཡིན།
གསོལ་འདེབས་ལ་མ་དབང་བ།
རྙེད་རྙེད་པ་མ་ཡིན།

ཕྱོགས་རེ་རེ།
མུན་ནག་གིས་ཁྲིད་འགྲོ་འམ།
སྙིང་ཆུང་འདར་བཞིན།
ལག་པ་གང་སར་བསྲིངས་ན།
གྲང་པ་གྲང་པ་མ་གཏོགས།
དྲོད་ཅིག་ག་ལ་ཡིན།

  མི་ཚེ་ཟེར་བ།
  ང་ང་།
  ཁྱོད་ཁྱོད།
  རང་གི་མིན་ན།
  སུ་ལ་བཀའ་འདྲི་ཞུ།
  ནོར་བུ་ཚེ་རིང་རྒྱུ

                2018/12/25-26

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།