སྒོ་ཤེར་གྱི་ཚིགས་བཅད་གཅེས་བཏུས།

24810


      ཁྲོ་སྐྱབས་ཐུགས་ཆེན་ལ་མཇལ་བ།



གཡང་གཟར་ལྷུན་པོའི་ངོ་ཐོད་སྐས་ཀྱིས་སྤྲས།།
ལམ་འགྲམ་ལྗོན་པའི་མགོ་བོ་ཐུར་དུ་དཔྱངས།།
དད་སེམས་རྔུལ་ཆུར་འཛུམ་པའི་མཇལ་བ་ཚོ།།
དབུགས་རྔ་དབུགས་ཀྱིས་འདེད་བཞིན་གྱེན་དུ་འཛེག །

རི་བོའི་རྩེ་ན་གསེར་གྱི་དྲིལ་ཆུང་བཞིན།།
ལྷང་ལྷང་ཆོས་སྒྲ་འཁྱིལ་བའི་ཁང་བཟང་དུ།།
འོད་ཆགས་ཞལ་གྱི་དཀྱིལ་འཁོར་ལྷམ་མེ་བ།།
སྣ་ཚོགས་མཆོད་པའི་དབུས་ན་སྔར་བཞིན་བཞུགས།།

འཕགས་པར་མཇལ་བྱུང་འཕགས་པ་འཛུམ་ལ་ཁད།།
མཇལ་བ་སླེབས་སོང་མཇལ་བ་ངུ་ལ་ཁད།།
གསེར་གྱི་འཕགས་པས་འགུལ་ཀྱོག་མི་གནང་ཡང་།།
དོན་གྱི་འཕགས་པ་རྒྱལ་བའི་སྙིང་རྗེ་གཡོ།།

རྟེན་འབྱུང་སྒྱུ་མ་མཁན་གྱི་པིར་རྩེ་ན།།
ཁྱོད་ནི་བྱམས་བརྩེ་མཚོན་པའི་སྣང་བརྙན་ཞིག།
ཆོས་ཉིད་ནམ་མཁའ་དག་པའི་ཟིན་ཐོ་ན།།
ཁྱོད་ནི་མཚོན་ཐབས་བྲལ་བའི་མྱོང་བ་ཞིག།

ཆུ་བུར་མིག་ལ་གཟུགས་སུ་བཤམས་པའི་སྐུ།།
རྒྱལ་ཀུན་སྙིང་རྗེའི་རྣམ་པ་ཡིན་ཟེར་ན།།
བྱང་ཆུབ་སེམས་ལ་དད་པའི་འགྲོ་ཀུན་ནི།།
སྐུ་འདི་བརྒྱན་པའི་མུ་ཏིག་རེ་རེ་ཡིན།།

བས་མཐའི་རོང་ཁུལ་ནགས་ཀྱི་ཕྲེང་བ་ཅན།།
གཡང་གཟར་རི་བོའི་མདུད་པ་བསྣོལ་ས་ན།།
སྙིང་རྗེའི་ལྷ་གཅིག་སེམས་ཀྱི་སྒྲོན་མེ་ཉིད།།
བཞུགས་པའི་འོད་ཀྱིས་ཡིད་ལ་ངལ་གསོ་ཐོབ།།

                              2013-9-11



        རྨི་ལམ་འདི་ལས་སད་ན་ཅི་མ་རུང་།



མི་རྟག་སེམས་ཀྱི་རྒྱལ་མོའི་ཆོ་འཕྲུལ་གྱིས།།
སྣ་ཚོགས་ལས་ཀྱི་ཤིང་རྟ་ལ་བསྐྱོན་པས།།
ངལ་བའི་ཁུར་གྱིས་འཛད་པའི་མི་ཚེ་ནི།།
བསམ་ཞིང་བསམས་ན་བུ་ལོན་ལྕི་མོ་ཞིག།

རྩམ་ཟན་རིགས་སུ་སྐྱེས་པས་བོད་ལ་ཆགས།།
དམར་པོ་གྱོན་མཁན་ཡིན་པས་ཆོས་ལ་ཞེན།།
ཆགས་ཞེན་ཚེར་མའི་ཐག་པ་འདིས་བཅིངས་པས།།
ནུས་པ་མེད་ཀྱང་སེམས་པ་སྡོད་མི་ཚུགས།།

ཕུགས་བསམ་འཇའ་ཚོན་རྒྱང་ན་བཞད་འདྲ་བ།།
དུངས་ཤིང་ཞེན་ཏེ་དྲུང་དུ་བཏུད་པ་ན།།
ཅང་མེད་སྟོངས་པའི་ཤུལ་དུ་སྐྱོ་བ་ལས།།
རྙེད་དུ་མེད་པ་འཁོར་བའི་གཤིས་ཡིན་ནམ།།

མི་ནི་མི་སྟེ་མི་གཙང་བསམ་བློའི་མཛོད།།
མཛོད་དེའི་ཕུགས་ན་མི་ཡུལ་འདི་ཆགས་པས།།
ཆོས་རིགས་འོད་དཀར་བུམ་པའི་ཁོག་ཏུ་ཡང་།།
དབང་འབྱོར་དུག་གི་འཁོར་ལོ་བར་མེད་བསྐོར།།

དགའ་སྐྱོའི་ཆུ་བོ་རླབས་ཀྱིས་རབ་འཁྲུགས་ཤིང་།།
འགལ་རྐྱེན་ཆར་རླུང་ཤུགས་ཀྱིས་ལྡིང་བའི་དབུས།།
རང་གི་གྲིབ་མ་གྲོགས་སུ་བསྟེན་པ་ཡི།།
ཚེ་ཡི་གྲུ་ཆུང་འདར་མ་འདར་གྱིས་གཡོ།།

དོན་མེད་ཟད་ན་ཕངས་སེམས་ཆེའོ་ཟེར།།
དོན་ལྡན་བྱས་ན་མཆོག་ཏུ་བསྔགས་སོ་ཟེར།།
དོན་དང་དོན་མེད་ཚིག་གི་སླུད་བྲིད་འོག།
ཡིད་སྐྱོའི་ངང་ཚུལ་བྱུང་ལ་འཛད་མཐའ་མེད།།

ཐུགས་རྗེའི་བདག་ཉིད་ཐུབ་པའི་ཞལ་སྒོ་ལས།།
ཚེ་འདི་རྨི་ལམ་ཐེངས་གཅིག་ཡིན་གསུངས་པས།།
ལུས་སེམས་ངལ་བའི་གོམ་པ་མཚམས་ཆད་དེ།།
རྨི་ལམ་འདི་ལས་སད་ན་ཅི་མ་རུང་།།

ཐོབ་ཤོར་བྱེ་མར་བྲིས་པའི་རི་བོང་གཟུགས།།
ནམ་ཞིག་འཆི་བའི་རླུང་གིས་ཁྱེར་རྗེས་སུ།།
རེ་དོགས་སྤྲོས་པ་བྲལ་བའི་དོན་གྱི་ཁྱིམ།།
རྙེད་པའི་སྐལ་བ་བདག་ལ་ཡོད་སྲིད་དམ།།

                            2015-3-27



              ངོ་མཚར་འཇིག་རྟེན།



རང་བྱུང་ཆོས་ཉིད་བུ་མོའི་པིར་རྩལ་གྱིས།།
རྒྱུ་དང་མི་རྒྱུའི་དངོས་པོ་ཇི་སྙེད་ཅིག།
མ་འདྲེས་གསལ་བར་བྲིས་པའི་ངོ་མཚར་མཐའ།།
མ་དཔོག་ཤེས་རབ་ཅན་ཀུན་རྩོད་པར་མཆིས།།

ང་ནི་སུ་ཡིན་ང་རང་གང་ནས་བྱུང་།།
ང་ནི་གར་འགྲོ་འགྲོ་བ་པོ་སུ་ཡིན།།
དེ་དག་མ་དཔྱད་རང་ངོ་ཤེས་ཐབས་མེད།།
རང་ངོ་མ་ཤེས་རང་དོན་ཇི་ལྟར་བསྒྲུབ།།

ང་དང་ཁྱོད་ཀྱི་འབྲེལ་བ་ཅི་ཞིག་ཡིན།།
ཁོ་དང་ང་ལ་བར་ཐག་ཅི་ཞིག་ཡོད།།
ང་དང་ང་མིན་ཁྱད་པར་མ་དཔོག་པར།།
དེ་དག་བརྗོད་པའི་ཚིག་ནི་བྲག་ཅ་ཙམ།།

མཚེ་མ་དག་ལའང་བརྟགས་ན་ཁྱད་ཆེ་བས།།
ཡོངས་སུ་འདྲ་བའི་མི་གཉིས་ཡོད་མིན་ན།།
སྐྱེ་བོ་རེ་རེ་འཇིག་རྟེན་རེ་རེ་སྟེ།།
གྲངས་མེད་འཇིག་རྟེན་འདི་ཀུན་སུ་ཡིས་བསྐྲུན།།

འཇིག་རྟེན་འདི་ལ་ཐོག་མ་མེད་གྱུར་ན།།
རྣམ་གཞག་ཐམས་ཅད་བློ་ནས་ཡལ་སྙམ་བྱེད།།
གལ་ཏེ་སྲིད་པའི་ཐོག་མ་ཡོད་ཟེར་ན།།
ཐོག་མ་དེ་ཉིད་གང་ནས་བྱུང་སྙམ་དོགས། །

སྣ་ཚོགས་ལམ་དུ་བསྐྱོད་པའི་འགྲོ་བ་ཀུན།།
ཐ་མར་འཛུལ་སའི་ཁུང་བུ་གཅིག་ལས་མེད།།
ཁུང་བུའི་ཕུགས་ལ་ཅི་ཡོད་མི་ཤེས་པས།།
ཁུང་བུར་འཛུལ་ལ་འགྲོ་བ་ཐམས་ཅད་སྐྲག།

འགའ་རེས་ཁུང་བུའི་རྒྱབ་ན་ལམ་ཡོད་ཟེར།།
ལ་ལས་ཕུགས་སུ་འགྲོ་ས་གཞན་མེད་ཟེར།།
དེ་ལྟར་མཁས་རྣམས་རྩོད་པའི་གཞིར་གྱུར་པའི།།
ཁུང་བུ་དེ་ལ་འཆི་བ་ཞེས་སུ་གྲགས།།

མ་དཔྱད་ཤིན་ཏུ་སླ་བའི་ཆོས་ཉིད་ཀུན་ལ།།
དཔྱད་ན་དཔོག་དཀའི་གསང་གནད་རེ་ཡོད་པས།།
རྟེན་འབྱུང་མདུད་པའི་ཁུག་པ་འདི་ཀུན་ལ།།
ང་དང་ཁྱོད་ཀྱི་བློ་ཡིས་ཇི་ལྟར་བལྟ།།

                       2015-3-30



           ང་ཚོས་ཅི་ཙམ་ཤེས་ནུས།


མཁའ་ལ་རྟོད་པའི་སྐར་ཚོགས་བྱེ་བའི་ཚོམ།།
རླུང་གིས་བཏེག་ཅིང་རླུང་གིས་དེད་པ་ཡིས།།
ཕན་ཚུན་མ་འདྲེས་གཅིག་ལ་གཅིག་སྐོར་ངང་།།
གནས་ལ་བློ་ལྡན་སུ་ཞིག་མཚར་མི་འཛིན།།
 
ལ་ལས་བྱེད་པོས་བསམ་བཞིན་བཟོས་སོ་ཟེར།།
འགའ་རེས་སྤྱི་མཐུན་ལས་ཀྱིས་བསྐྱེད་དོ་ཟེར།།
ཁ་ཅིག་འབར་གས་ཆེན་མོ་ལས་བྱུང་ཟེར།།
ཀྱེ་མ་གང་གི་གཏམ་ལ་ཉན་པར་རིགས།།
 
རྒྱུ་མེད་བྱེད་པོས་འབྲས་བུ་བསྐྱེད་ཚུལ་དཀའ།།
སྤྱི་མཐུན་ལས་ནི་གསོག་ཚུལ་དྲིས་ཚེ་དཀའ།།
འབར་གས་སྟེས་དབང་ཡིན་པར་སྨྲ་ན་དཀའ།།
དཀའ་གནད་མདུད་པ་དེ་དག་སུ་ཡིས་དགྲོལ།།
 
ཁྱོད་དང་ང་ཡི་ཁྱིམ་གཞིས་ཟླུམ་པོ་ཡང་།།
གྲངས་མེད་སྐར་ཚོགས་གྲས་ཀྱི་གཅིག་ཡིན་ཟེར།།
སུས་བཟོས་མ་ཤེས་རྒྱུས་མེད་ཁྱིམ་འདི་རུ།།
གར་ཡོང་མ་ངེས་འུ་ཅག་འཛོམས་པ་མཚར།།
 
མཁས་པས་དཔྱད་དོན་ཇི་ཙམ་མི་མཐུན་པ།།
དེ་ཙམ་ཆོས་དེ་ཟབ་པའི་རྟགས་ཡིན་ཚེ།།
རང་ཅག་འཚོ་ཞིང་གནས་པའི་འཇིག་རྟེན་ལ།།
དཔྱད་པས་ཞུགས་ན་རྩོད་གླེང་རྫོགས་མཐའ་མེད།།
 
ཇི་ལྟར་སྣོད་ཀྱི་ངོ་བོ་མི་རྟོགས་བཞིན།།
བཅུད་ཀྱི་ཁུངས་ནི་ལྷག་ཏུ་མི་ཤེས་པས།།
ཆ་མེད་ཡུལ་འདིའི་རྒྱུས་མེད་མགྲོན་པོའི་ཚོགས།།
ཕན་ཚུན་ཆགས་ཤིང་སྡང་བའི་རྩ་བ་ཅི།།
 
སྐྱེ་བོ་རེ་རེ་ཕ་མ་ལས་བྱུང་མོད།།
ཕ་མར་བུ་བཟོའི་ནུས་པ་ཇི་ལྟར་བྱུང་།།
ནུས་པ་དེ་ཡི་ཐོག་མ་མ་རྙེད་ན།།
བཟོ་བོ་སུ་ཡིན་དོགས་པའི་མཐའ་མི་ཆོད།།
 
མ་ཡི་མངལ་ནི་བཟོ་གྲྭ་རྩེ་གྲས་ཤིག།
ཕ་མ་གཉིས་ནི་བཟོ་བོ་ཁྱད་འཕགས་ཤིག།
བུ་ཕྲུག་དག་ནི་ཐོན་རྫས་ཡ་མཚན་ཞིག།
ཁོ་ཚོའི་འབྲེལ་བ་དེ་ཙམ་ཡིན་སྲིད་དམ།།
 
ཚད་བཅས་ལུས་ལ་ཚད་མེད་སེམས་ལྡན་ཞིང་།།
མྱོང་བ་མི་མཐོང་མྱོང་མཁན་མཐོང་བ་དང་།།
རང་ལ་གཅེས་རུང་རང་ངོ་མི་ཤེས་པ།།
འདི་ཚོས་རང་རེ་རྩེད་སྤྱད་བྱས་པ་འདྲ།།
 
འགྲོ་མིས་ཁ་གཡང་རྫིག་པོ་བསྒྲགས་ཀྱང་ཆོག།
ཚན་རིག་ལག་རྩལ་ཟེར་བ་བསྐྲུན་ཀྱང་རུང་།།
བཟློག་མེད་ཆོས་ཉིད་བཙན་པོའི་ལག་མཐིལ་ན།།
མི་ནི་གྲོག་མ་ལས་ཀྱང་གྲོག་མར་མཐོང་།།
 
མགོ་ལ་ཆག་སྒོ་ནམ་ཡོང་མི་ཤེས་སོ།།
གསོན་ལ་རེ་ཡང་མི་འཆི་ཐབས་མེད་དོ།།
སྐྱིད་ལ་འཁྲེང་བཞིན་སྡུག་གིས་མི་གཏོང་ངོ་།།
ལས་དབང་བསྒྱུར་དགོས་ཟེར་བ་དགོད་གཏམ་མོ།།
 
འགྱུར་ལྡོག་བྱ་གཞག་ཁ་དོག་མ་ངེས་པ།།
སེམས་ཀྱི་མེ་ལོང་ངོས་ལ་འཆར་ཐེངས་རེར།།
དགའ་སྐྱོའི་དབང་གིས་དགོད་ཅིང་ངུ་བས་ཀྱང་།།
འུ་ཅག་བྱིས་པ་མིན་ཞེས་སྨྲ་ནུས་སམ།།
 
མི་དོན་རྩེད་མོ་འདྲ་དེ་རྩེས་རྩེས་ནས།།
མི་ཚེ་ཕྲེང་ཐག་འདྲ་དེ་ཟད་པ་ན།།
རྒྱུས་མེད་འཆི་བའི་སྒོ་ཐེམ་བརྒལ་དགོས་པས།།
སྒོ་དེའི་རྒྱབ་ན་གསང་བ་ཅི་ཡོད་དམ།།
 
མངོན་གྱུར་སྒྱུ་མའི་ཕོ་བྲང་ཡར་མ་ཡོར།།
ལྐོག་གྱུར་རྡོ་ཡི་རྩིག་པས་བཏེག་ཡོད་འདྲ།།
རྩིག་པའི་སྲབ་མཐུག་ཙམ་ཡང་མི་དཔྱོད་པར།།
ཕོ་བྲང་བསྐྱར་བཟོ་འདོད་ན་ལོས་རེ་འཁྲུལ།།
 
ཐོག་མ་མི་ཤེས་མཐའ་མ་མི་དཔོག་པའི།།
རྒྱ་ཁྱོན་རྣམ་པར་ཡངས་པའི་འཇིག་རྟེན་ན།།
མི་ནི་གྲོག་མ་ལྟ་བུའི་སྲོག་ཆགས་ཏེ།།
ཕར་འདུར་ཚུར་འདུར་ཙམ་གྱིས་རྫོགས་འགྲོའོ།།
 
                                2016-5-1



 ལས་ཀྱི་ཆུ་བོས་མི་རྣམས་ངེས་མེད་འཁྱེར།



ལས་ཀྱི་ཆུ་བོས་ཁྱེར་བའི་མི་རྣམས་རླབས་ཕྲེང་ཁུག་གི་སྡོང་དུམ་བཞིན། །
གར་འགྲོའི་རང་དབང་ཆ་ཙམ་མ་མཆིས་ཆུ་བོ་ཉིད་ཀྱི་རྗེས་སུ་འབྲངས། །
ལ་ལར་ཐོགས་ཤིང་ལ་ལར་མི་ཐོགས་ལམ་གྱི་བཀོད་པའི་གདེང་མི་རྙེད།།
ནམ་ཞིག་བྱེ་མའི་པང་དུ་ཟུག་ཚེ་རུལ་ལམ་འཚིག་གམ་གཏུབ་ཀྱང་སྲིད།  །
 
  ཆུ་སྒྲ་ཤག་ཤག་རླབས་གཉེར་ལྷོག་ལྷོག་ཕན་ཚུན་འགྲན་པའི་བར་གླགས་ན། །
ཞེན་ཆགས་ཕྱི་མིག་འཕེན་གྱིན་འཕེན་གྱིན་ལག་སྙོབ་བྱེད་པའི་སྡོང་དུམ་དག །
ཤེད་ཤུགས་དྲག་པོས་ཅི་ཙམ་འཕག་རུང་གཙང་པོའི་དོ་ཟླ་མི་འོང་སྟེ།།
ཤུན་པ་གོག་ཀྱང་ལུས་པོ་གས་རུང་གཙང་པོའི་འབབ་རྒྱུན་ཆད་མེད་བཞུར།།
 
  སྡོང་དུམ་ཕྲ་མོ་བརླན་གྱིས་སྦང་དུས་ལྟོ་བ་འཁྱགས་ཤིང་ཡན་ལག་རེངས།   ། 
སྡོང་དུམ་ཕྲ་མོ་ཉི་མས་ཚིག་དུས་མིད་པ་བསྐམས་ཤིང་ཁོག་པ་ཚ། །
ཚ་གྲང་འཐབ་པའི་མནར་གཅོད་ཁྲོད་དུ་སྡོང་པོའི་ཕྱི་ནང་གསང་གསུམ་འགྱུར།།
སྡོང་པོ་འགྱུར་རུང་ཆུ་བོ་མི་འགྱུར་ཆུ་བོས་སྡོང་པོ་སྔར་བཞིན་འཁྱེར། ། 
 
  གནམ་སའི་བར་ན་ཆད་མེད་བཞུར་བའི་ལས་ཀྱི་གཙང་པོ་ཁ་ཞེང་ཅན། །
དལ་ཡང་མི་དལ་བྲེལ་ཡང་མི་བྲེལ་བསྐལ་བའི་ཤིང་རྟ་རིང་མོ་སྟེ།  །
སྡོང་དུམ་སྣ་ཚོགས་ཁུར་བའི་ངར་ཤུགས་ཇི་སྲིད་བར་དུ་མི་ཡལ་བ།  ། 
དེ་ཡི་རླབས་ཕྲེང་འཕྱུར་བའི་དབུས་སུ་བདག་ཀྱང་སྡོང་དུམ་ཆུང་ཆུང་ཞིག  ། 
 
 
                                        2016-12-3


                   ཁ་བ་བབས་བྱུང་།



སྤྲིན་པའི་དཔུང་གདང་གནམ་སའི་བར་ན་སྦྲེལ། །
ཁ་བ་ལྷབ་ལྷུབ་ཁ་བ་ཅན་དུ་བབས། །
ཉི་མའི་ངོ་མདངས་འཁྱག་པས་བསྡམས་སོང་ངོ་། །
གྲང་རེག་རུས་པའི་གསེང་ལ་ཟུག་བྱུང་ངོ་། །

ཁ་བའི་འདབ་མ་ས་ལ་བབས་པའི་དུས། །
ད་ལོའི་གྲང་རེག་སེམས་ངོར་ལྗིད་སེ་བབས། །
ཙག་དང་བསེར་བུ་དྲོད་དུ་སྒྲོག་པ་ཡི། །
གཏམ་དག་དགུན་རླུང་ལས་ཀྱང་ལྷག་པར་གྲང་། །

རི་ལུང་ཐམས་ཅད་ཁ་བས་གཡོགས་པ་ཡིས། །
འགྲོ་སའི་ལམ་ཞིག་མཐོང་དུ་མེད་པ་ན། །
ཐོ་ཡོར་འདྲ་བའི་ལམ་འགྲོ་མང་པོ་ཞིག །
མདུན་དུ་བསྐྱོད་པའི་སྤོབས་སེམས་ལྷོད་པར་གྱུར། །
 
འགྲུལ་བ་ཁ་ཁེར་མདུན་ནས་མདུན་དུ་ཆས། །
སེམས་གསོའི་ནང་གཏམ་ཤུབ་བུར་ཟློ་བཞིན་ཆས། །
ཙག་རླུང་བར་མེད་ལྡིང་བའི་ཤུར་སྒྲའི་ཁྲོད། །
སྒོ་ཁྱིའི་ཟུག་སྐད་རྣ་བར་ཡང་ཡང་འཁྱིལ། །
 
མཚན་མོའི་སྐར་ཚོགས་གྱ་མ་གྱུ་ཡི་འོག །
མགྲོན་པོའི་ཁ་ཤ་འདར་མ་འདར་གྱིས་སྐྱོད། །
རྒྱང་ན་མེ་འོད་གསལ་མ་གསལ་ཞིག་མཐོང་། །
མཐོང་ཚུལ་འཁྲུལ་སྣང་མིན་ན་དགའ་བ་ལ། །

              2017/11/22/ ཉིན། ཁ་བ་ལྷབ་ལྷུབ་འབབ་པའི་ཁྲོད་དུ་སྦྱར།


                སྨུག་པའི་ཡུལ་གྲུ།


གཤོག་སྣེ་ཉི་ཟླའི་པང་དུ་བརྐྱངས་པ་ཡི། །
ཁང་བརྩེགས་གནམ་གྱི་ཀ་བ་ཕྲེང་བསྟར་བའི། །
ཕྱི་གསལ་ནང་གསལ་ཤེལ་གྱི་འཇིག་རྟེན་དུ། །
མི་གསལ་སྨུག་པའི་དཀྱིལ་འཁོར་སྟུག་པོ་ཆགས། །
སེམས་ལས་མེ་བྱུང་མེ་ལས་དུ་བ་བྱུང་། །
དུ་བ་འཁྲིགས་ཏེ་སྨུག་སྤྲིན་བ་གམ་ཆགས། །
བ་གམ་འོག་ན་ཁ་ཐུམ་གྱོན་པའི་མིས། །
ད་རུང་མེ་ལ་བུད་ཤིང་ཡང་ཡང་སྣོན། །
རི་བོའི་མདངས་འཕྲོག་ཆུ་མོའི་གླུ་སྒྲ་བཅོམ། །
བྱ་བྱེའུ་རི་དྭགས་མི་མངོན་ཡུལ་དུ་དེད། །
གླིང་ག་བཅོས་མར་རི་བྲག་བཅོས་མ་རུ། །
རྣམ་འགྱུར་བཅོས་མའི་མི་ཚོགས་འུར་སྒྲས་ཁེངས། །
སྨུག་པའི་གྲོང་ཁྱེར་འུར་འུར་ཆེམ་ཆེམ་དུ། །
དུས་ལྟར་བགོས་པའི་འཚོ་ཐབས་གྲུ་བཞི་དེས། །
ཉིན་བྲེལ་ཟླ་བྲེལ་ལོ་བྲེལ་ཚེ་བྲེལ་བས། །
མི་ཚོའི་གདོང་གི་འཛུམ་ཡང་ཟད་པ་འདྲ། །
གཅིག་ངོ་གཅིག་གིས་འཚོ་བའི་རྣམ་འགྱུར་གྱིས། །
དབང་འབྱོར་སྒྲུབ་པའི་རྩོལ་བ་བསྟེན་དགོས་ཕྱིར། །
ཉིན་མོར་ལུས་ངལ་མཚན་མོར་སེམས་ངལ་ཏེ། །
སེམས་ཀྱི་དཀྱིལ་འཁོར་གས་པ་མང་རབས་ཐོས། །
རྫས་འཕྲུལ་རོལ་བ་བསམ་མི་ཁྱབ་པའི་ཡུལ། །
ཚོང་ཟོང་ནམ་མཁའི་སྐར་ཚོགས་ལྟར་བཀྲ་བའི། །
གྲོང་ཁྱེར་འགྲིམ་ཚེ་ལྟད་མོ་ལོས་ཆེ་ཡང་། །
སྨུག་པས་ཡིད་དཀྲུགས་ཡིད་ཀྱིས་རང་ཉིད་དཀྲུགས། །

                          2017-12-27-ཉིན་རྒྱ་གྲོང་ཞིག་ཏུ་བྲིས།

  

             རྨི་ལམ་ཞིང་གི་ལྗོན་པ།


སྤྲིན་པ་ལྷོ་རུ་ལྡང་བའི་ཕར་ངོགས་ན།  །
རི་བོ་ནགས་ཀྱིས་དཀྲིས་པའི་གཙུག་ཏོར་ན། །
ལེགས་བྱས་འདབ་བརྒྱ་རྫོགས་པའི་ལྗོན་པ་ཞིག །
བདག་ཡིད་བྱེའུ་ཆུང་ངལ་གསོའི་འབབ་སྟེགས་ཉིད།། 
 
ལྗོན་པའི་དབུ་རྩེ་ནམ་མཁའི་མཐོངས་སུ་སྐྱེས། །
ཡལ་འདབ་རེ་རེར་གཤོག་པ་ཐོགས་ཤིང་འཕུར། །
འཇའ་ཚོན་བཅིབས་ཤིང་ཆར་ཆུ་གཏོར་བ་ཡིས། །
ཚ་བའི་ཡུལ་གྲུ་དག་ཀྱང་བསིལ་ཞིང་ལྷོད། །
 
འགག་མེད་གསུང་གི་རོལ་མོ་སྤྲིན་ལ་འདྲེས། །
སྤྲིན་པའི་ཐིགས་པ་བདག་གི་རྣ་བར་ལྷུང་། །
ཉན་བཞིན་ཉན་བཞིན་རྨི་ལམ་གྲོང་དུ་ཤོར། །
གྲོང་དེའི་ཆུ་ཕྲན་མིག་ཟུང་མཐའ་རུ་བཞུར། །
 
བདག་ནི་ཆགས་སྡང་ཆེ་བའི་མི་ཞིག་ཡིན། །
བརྩེ་ཆེན་བཏང་སྙོམ་ཆེན་པོར་འཇུག་མི་ནུས། །
དགྲ་གྲོགས་ས་མཚམས་མ་འདྲེས་ཡིད་ལ་གསལ། །
དགའ་སྐྱོའི་རླུང་གིས་སྐད་ཅིག་སྐད་ཅིག་གཡོ། །
 
ཕྱི་རོལ་རྐྱེན་གྱི་རྫུ་བ་ཕྲ་མོས་ཀྱང་། །
ནང་གི་འཇིག་རྟེན་གཡོ་ཞིང་སྐྱོམ་པ་ཡི། །
མི་བརྟན་སེམས་ཀྱི་གྲོང་ཁྱེར་རྙིང་ཧྲུལ་འདི། །
ཁྱེད་ལ་ཁེན་པས་ཐོར་ཞིག་མ་སོང་ཙམ། །
 
ཁོ་བོ་གཞོན་དུས་ཁྱེད་ནི་བགྲེས་སོང་ཞིག །
ཁོ་བོ་རྒས་ཚེ་ཁྱེད་ནི་གཞོན་ནུ་ཞིག ། 
འཛུམ་པའི་དཀྱིལ་འཁོར་བྲི་གང་མེད་པ་ཡི། །
དཔག་བསམ་ལྗོན་བཟང་མཛེས་པ་ཀུན་གྱི་མཆོག །
 
སད་སེར་ཐན་པ་གང་གིས་མ་ཐུལ་བའི། །
ལྗོན་དབང་ཁྱེད་ནི་དོན་གྱི་ཐུབ་པ་སྟེ། །
མུན་པའི་དཔུང་གིས་ཡིད་སེམས་རྨས་པ་ང་། །
ཁྱེད་ལ་ལྷག་པར་མི་དུངས་རང་དབང་ཅི། །
 
རང་སེམས་སྒྱུ་མའི་བུ་མོ་ངོ་ཉིས་མ། །
སྐབས་རེར་རྡོ་ཡི་ཀ་བ་བཞིན་དུ་སྲ། །
རེས་འགར་སྙི་བ་སྟོན་ཁའི་འཇག་མ་སྟེ། །
རྐྱེན་ཆུང་ཕྲ་མོ་རེས་ཀྱང་འཆག་ལ་ཁད། །
 
ཁྱེད་ཐུགས་རི་བོ་བཞིན་དུ་བརྟན་པ་དང་། །
སྙིང་སྟོབས་རྒྱ་མཚོ་ལས་ཀྱང་ཟབ་པ་དང་། །
ཤེས་རབ་འོད་ཀྱི་ཕུང་པོ་ལྷུན་ཆགས་པ། །
དེ་ཡི་ངོ་མཚར་བསམ་ཞིང་བསམ་ན་གུས། །
 
ཤེས་བྱ་སྐམ་པོ་ཟོས་ཚེ་ལྷག་པར་ལྟོགས། །
གནས་ལུགས་ཐར་ཐོར་མཐོང་ཚེ་ཀུན་ཏུ་རྨོངས།།
ལྟོགས་པས་མནར་ཞིང་རྨོངས་པས་གདུང་བ་བདག།
ཁྱེད་ཀྱི་བསིལ་གྲིབ་ཉིད་དུ་དབུགས་དབྱུང་ཐོབ། །
 
ཁ་བའི་འཇིག་རྟེན་རྡུལ་གྱིས་མནན་པ་ཡི། །
མྱ་ངན་རླུང་གི་འཁོར་ལོའི་ཐུ་འོག་ན། །
སུ་དག་མི་ཤིགས་གོམ་སྟབས་མི་གཡོ་བ། །
དེ་ཀུན་དཔག་བསམ་ཁྱེད་ཀྱི་ཡལ་འདབ་ཉིད། ། 
 
རྐང་འཐུང་ཁྱེད་ནི་ལྷ་ཡི་ཕོ་ཉ་སྟེ། ། 
རེ་བའི་འབྲས་བཟང་སྟོང་གིས་རྣམ་པར་བརྒྱན། །
རྨི་ལམ་ཞིང་གི་མགྲོན་པོ་འཛུམ་ཅན་ཁྱེད། ། 
བདག་སེམས་འཁྲིལ་སའི་ཙནྡན་ཀ་བའོ། །

 
                   2018-6-27  ལྷག་དཀར་ཉིན་ལའོ།




          འོ་ཐང་གྲོང་གི་ཉིན་གཅིག


གཡུ་ཐོག་ཟམ་པར་ཕྱི་མིག་འཕེན་ཞོར་ཕོ་བྲང་སྒོ་ཆེན་མཇལ་དུ་ཕྱིན། །
སྨུག་པའི་གསེང་དུ་བོར་བའི་ཕོ་བྲང་ཅི་ཙམ་བཙལ་ཡང་རྙེད་མ་བྱུང་། །
སྔངས་འཚབ་ཆེན་པོས་ཕྱིར་ལམ་སྙེག་དུས་གཡུ་ཐོག་ཟམ་ཡང་བཞུགས་མི་འདུག ། 
ཞབས་རྗེས་རབ་རིབ་འགའ་ཡི་སྣེ་རུ་ང་དང་གྲིབ་མ་ཁོ་ན་ལུས། ། 
 
 བར་སྐོར་ཐེངས་གཅིག་སྐོར་དུ་ཕྱིན་སྐབས་རྐང་བའི་མཐིལ་ལ་ཚེར་མ་ཟུག །
ཁ་ནས་ཨ་ཚ་འཆོར་བར་ཞེད་ནས་རང་ཁ་རང་གིས་འཚེམ་ལ་བྲེལ། །
གློ་བུར་དཔྲལ་པར་ཆུ་ཐིགས་ཤིག་ལྷུང་མགོ་བོ་གནམ་ལ་དགྱེ་བ་ན། །
སྤྲིན་དཀར་པང་ན་ལྡིང་འཁོར་རྒྱག་པའི་རྒོད་པོའི་མིག་ཆུ་ཡིན་པ་ཤེས། །
 
  མངར་ཇ་འཐུང་བཞིན་ངལ་ཞིག་གསོ་འདོད་སྒམ་ཆུང❶ནང་དུ་འཛུལ་བའི་ཚེ། ། 
དེར་ཡོད་མི་ཀུན་ཆུ་ཚན་ཕོར་གང་རྩོད་ཀྱིན་འདུག་པར་བདག་གིས་བསྙབས།  །
བཏུང་བར་རྩོམ་དུས་ཕོར་བའི་རྐུབ་ལ་ཆུ་ཐིགས་ཙམ་ཡང་མི་འདུག་པས། །
འདི་ཅི་སྙམ་དུ་དར་གཅིག་ཧད་ཚེ་རྒྱ་མོ་ཞིག་གིས་ཧབ་དགོད་བྱས།།
 
  ངོ་ཚས་ནོངས་བཞིན་སྒོ་ཁར་བུད་ནས་བསང་དུད་འཁྱིལ་བའི་ཕྱོགས་སུ་འཁོར། །
ཡིད་ལ་གསོལ་འདེབས་ཚིག་གཅིག་མི་དྲན་ཡིད་ནི་ཁུར་བོ་ལྕི་མོས་མནན། །
ལྷགས་རླུང་ཁྲོད་དུ་མགོ་བོ་དུད་བཞིན་རང་ཁྱིམ་བསྙེགས་ཏེ་འོང་བ་ན། །
མཚན་མོའི་ཟླ་འོད་མག་མོག་ངོགས་སུ་ཨ་མས་ལག་གཡུག་བྱེད་པ་མཐོང་། ། 
 
                                        ❶ ལྷ་སའི་ཇ་ཁང་ཞིག  
 
 
                                                             2018-9-5
 

0

One Response to སྒོ་ཤེར་གྱི་ཚིགས་བཅད་གཅེས་བཏུས།

  1. རྩེ་རི་ཚེ་དབང་རྒྱལ་པོ། ལགས་ཀྱིས:

    ཆེད་རྩོམ་གསེར་ཞུན་དྭངས་མའི་རྒྱུན།།
    འགག་མེད་ལྷང་ལྷུང་བབས་པ་ཡིས།།
    ཁོ་བོའི་སྙིང་ཆུང་དྲག་ལྡིང་ཞིང་།།
    དཔྱོད་ལྡན་དགྱེས་པའི་དགའ་སྟོན་མཛད།།
    གནའ་རྩོམ་གསེར་གྱི་སྦྲམ་བུའི་འཕྲོས།།
    གསར་རྩོམ་ཨ་རུའི་གང་བུར་འཕྲོས།།
    བཅུད་ལྡན་སྒྱུ་རྩལ་སེ་འབྲུའི་དོག།
    སྐལ་བཟང་བུང་བའི་ཟས་སུ་སྨིན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།