ཧི་མ་ལ་ཡའི་ཕ་རོལ་དང་ཚུར་རོལ། (ཞར་བཀོད་ཚན་པ་ལྔ)

16495

                                     རྩོམ་པ་པོ།   ཙོང་ཁ་ཚེ་བརྟན་རྒྱལ།

 
        ཧི་མ་ལ་ཡའི་ཕ་རོལ་དང་ཚུར་རོལ།


མར་མེ་སྦར་བ་སེམས་རེད།
སེམས་ཀྱིས་མར་མེ་ཐོགས་ནས།
གང་ལ་འགྲོ།
ལུས་ཀྱི་གཤོག་ཟུང་།
ཟད་དང་ཟད།
མགོ་ཡི་ནམ་མཁའ།
རུབ་དང་རུབ།
དུས་ཀྱི་ཆར་བ།
འབབ་དང་འབབ།
 
རེ་ལྟོས་ནི་ཐག་རིང་ཞིག
ལམ་བུ་ནི་གྱ་གྱུ་ཞིག
དྲན་གདུང་ནི་ཉི་ཟླ་ཞིག
སང་ཉིན་ནི་འདར་སིག་ཅིག
འབོད་པ་ནི་ཕ་རོལ་ཞིག
བྲག་ཆ་ནི་ཚུར་རོལ་ཞིག
                                                                          
འདས་ལོག་གི་ཉིན་མོ།
རུས་པ་ཡིན་ནམ་རུས་ཐལ་ཡིན།
ངས་ཇི་ལྟར་རང་ཉིད་ལ་སྦས།
འགྱེལ་ཟིན་པའི་འཇིག་རྟེན་ཞིག་ལ་འཕྲད་མྱོང་ཕྱིར།
ངའི་མིག་ཆུ་སྐམ་ནས་ཤུལ་མེད་ན།
ཡང་སུ་ཞིག་ཐག་ཉེ་ནས་ཐག་རིང་ལ་འགྲོ་པའམ།
ཕྱི་མིག་ཅིག་ནམ་ཡང་མེད་དུས།
ང་ནི་རླུང་ཁྲོད་ཀྱི་ང་།
ཕ་རོལ་མེད་པའི་སྡུག་ཅིག
ཚུར་རོལ་སྟོང་བའི་ཚེ་གཅིག
མ་དྲན་ན་བསམ་མྱོང་།
ཡང་ཡང་དྲན་འོང་།
 
ཧི་མ་ལ་ཡ་ནི་རི་ཞིག་ཡིན་ན།
ཡང་ཕ་རོལ་ཚུར་རོལ།
ངའི་སྐད་ངག་འདར་ཙམ།
ངས་བརྩེ་དུང་སློང་ཙམ།
ང་ལ་གང་ཡོད།
ང་ལ་གང་མེད།
མཐའ་མཇུག་གི་དབུགས་ཤིག
རང་ལ་འཐེན་ཚེ།
ལུས་ནི་སེམས་ཀྱི་མིན་ཏེ།
སེམས་ནི་བདག་མེད་ངང་།
སྲང་མདོར་ལྷུང་སོང་།
                               
                   2015.10.11-18
 
         གྲམ་གཞུང་སྐྱ་བོ།
 

ཆུ་སྐམ་འདུག
རྡོ་ལྷག་འདུག
རྩྭ་ལྡུམ་ཕོན་པོ།
ལྗོན་ཤིང་སྐམ་པོ།
གློ་བུར་དུ།
ངའི་སེམས་སྟོང་ལྷང་ངེ་།
ཅི་ཡང་དྲན་མ་ནུས།
 
བྱེའུ་འཕུར་སོང་བ་ལྟ་བུ།
ཉི་མ་ནུབ་སོང་བ་ལྟ་བུ།
མཚན་མོ་སླེབས་སོང་བ་ལྟ་བུ།
གོམ་ཁ་གང་དུ་བསྒྱུར།
ངའི་སེམས་རྨས་མ་བཞིན།
འགུལ་འདོད་ཀྱང་།
འགུལ་མ་ཐུབ།
 
ངའི་མིག་ངའི་མིན་ནམ།
ཁ་དོག་གི་དབང་གིས།
ནང་དོན་རེ།
ངའི་སེམས་ངའི་མིན་ནམ།
གཅིག་པུ་ཉུལ་པའི་མི་ཡུལ་གྱིས།
དུར་ཁྲོད་རེ།
 
 
        ཉིན་ཐོ།
 
           — ཙུ་ནའི་སྙན་ངག་པ་ཧེ་ཙུའི«ཉིན་ཐོ»རོལ་བ།
 

གཏེར་ལེན་ཁ་ནི་བོད་མིང་དང་སོག་མིང་གང་རུང་ཡིན་སྲིད།
ཡང་ན་གཅིག་ཀྱང་མིན་སྲིད།
ངས་དེ་ལྟར་བསམ་བཞིན།
གནའ་གཏམ་ཞིག་ལ་ཉན།
གནའ་གཏམ་དུ་ཁྱོད་ཉིད་དེ་རུ་སླེབས་ནས།
ཨ་ཅེ་དྲན་མྱོང་ཞིང་།
ཨ་ཅེ་ནི་མུན་ནག་ཁྲོད་ནས་ཁེར་འདུག་བྱས་མྱོང་ཟེར།
ང་དེར་ཡིད་རྟོན་བྲལ་ནའང་།
ཚོར་སྣང་ཁྱུ་གཅིག་གིས།
ངའང་སེམས་ནས་གཏེར་ལེན་ཁར་བྱོལ་རྒྱུ་སྐྲག
 
བྱེ་རླུང་ངུ་སྟངས།
ས་ཆེན་སྐྱོ་སྟངས།
ཉི་འོད་ཚ་སྟངས།
མེ་ཏོག་སྐམ་སྟངས།
ཆུ་སྒྲ་འཇགས་སྟངས།
སྨོན་ལམ་ལོག་པའི་སྟབས་ཀྱིས།
སྐྱེ་བ་གཅིག
འཆི་བ་གཅིག
ལས་དབང་གིས་ཁྱོད་སྐྱོབ་མ་ཐུབ་པ།
སྙན་ངག་གིས་ཁྱོད་གཅེས་མ་ཐུབ་པ།
ངས་ཆུང་དུས་སུ་གོ་མྱོང་།
དེ་དུས་གཏེར་ལེན་ཁ་ནི་མཚོ་སྔོན་པོའི་ནུབ་ཕྱོགས་སུ་ཆགས།
 
ཁེར་རྐྱང་ནི་དྲག་ཆར་ཀློང་ཏུ་ཡོད་དམ།
མྱ་ངན་གྱི་ཁྱོད།
མཚན་མོ་ནི་བྱང་ཐང་ལ་དབང་ངམ།
དུང་སེམས་ཀྱི་ཁྱོད།
ཨ་ཅེ་ནི་མཐའ་མཇུག་གི་རྩྭ་ཐང་ལ་ཆས་སམ།
ལམ་འགྲོ་པ་ཁྱོད།
གནམ་ཕུག་མཁན་མ་ཡིན།
ས་སློག་མཁན་མ་ཡིན།
                                     2015.10.14
 

     འབྲི་མོ་དུང་ཆུང་དཀར་མོ།
  
                   — ལྷག་པའི་དཔའ་རིས་སྣང་བརྙན།
 
ཁྱེད་ནི་ཁ་བ།
ངས་འཐུ་བསམ།
རྩྭ་ཐང་མེད་དུས།
དབུགས་རིང་ཞིག་གིས།
ངའི་ལམ་བུ།
ཐག་ཉེ་ནས་ཐག་རིང་།
 
ཁྱེད་ནི་སྐར་མ།
ངས་རྒྱང་ནས་མཇལ།
ནམ་མཁའ་མེད་དུས།
རེ་འདུན་ཞིག་གིས།
ངའི་རྣམ་ཤེས།
ཕྱི་སྐོར་ནས་ནང་སྐོར།
 
ཁྱེད་ནི་དར་ལྕོག
ངས་མཐོང་ན།
རྨི་ལམ་མེད་དུས།
དྲན་གདུང་ཞིག་གིས།
ངའི་ཡོད་ཚད།
ལྷིང་འཇགས་ནས་ཟང་ཟིང་།
 
                                     2015.8.29-9.1
   སྒྱུ་རྩལ་བ་དང་སྙན་ངག་པ་སྨན་བླའི་ཁ་བྱང་གཡར།
 
 
        མུན་ནག

                                              
མཚན་མོ།
གཏན་དུ་བཞུད་བཞིན།
མུན་ནག
ནམ་ཡང་འཁོར་བཞིན།
 
རེ་སྐྱོ་རེ་སྡུག་གིས།
འོད་ནི་ཐག་ཉེ་ཞིག་མིན།
འཕག་འཚག་ཅི་ཙམ།
གཅེར་གཟུགས་ཅི་ཙམ།
བོར་ཟིན་པ་ཅི་ཙམ།
འཁང་ར་ལས་ལྕི་བ།
མུན་ནག་ལ་ཉུལ་པའི་མཚན་མོ།
 
མིག་ཕྱེས་ཀྱང་།
མུན་ནག་གི་ནགས་ཚལ།
མཐའ་མེད།
སེམས་འཚུབ་ཀྱང་།
མུན་ནག་གི་མཚན་མོ།
གཅིག་མིན།
 
ང་གབ་ས།
མུན་ནག
ཁྱེད་ཤི་ས།
མཚན་མོ།
རྙེད་དགོས་པ་མང་ཉུང་མེད་ན།
མ་བཙལ་པ་དེ་དག
ངའི་ཡིན།    ཁྱེད་ཀྱི་ཡིན།
 
                              2015.10.4–5–11.5
 
      ལྷ་སའི་བར་བསྐོར། 
 

འོད་ཀྱི་ཤུལ་ན་འདྲེ་ཞིག་འདར།
བར་བསྐོར།
མུན་པའི་སྔོན་ན་ལྷ་ཞིག་འཛུམ།
བར་བསྐོར།
 
མི་ཚེ་མི་ཚེ།
སྤྲང་བོའི་ལག་གི་པི་ཝང་ཡིན་ན།
འཁྱམས་པོ་འཁྱམས་པོ།
མཇལ་བའི་སེམས་ཀྱི་མར་མེ་མིན།
 
                                                   2015.10.03
               
           ཨ་ཇོ།
 
           1
མུན་པའི་ཕ་རོལ།
གླེང་འཕྲོ་ཞིག
ངས་ཤར་དུ་ཁྱོད་ཡོད་སྙམ།
ཁྱོད་ནི་རླུང་བུའི་གསེབ་ལ་ཟུག
འཁྱམས་པོའི་ལོ་ཟླ།
དྲན་འཕྲོ་ཞིག
ངས་ནུབ་ཏུ་ཁྱོད་མེད་བསམ།
ཁྱོད་ནི་ཁ་བའི་ཀློང་དུ་འདར།
 
             2
འཇབ་རྒྱུ་མེད་པའི་ལས་ཤིག་གིས།
མཇལ་འཛོམས་དེ།
གྱེས་བྲལ་གྱིས་ཁྲིད།
མཐོང་རྒྱུ་མེད་པའི་དུས་ཤིག་གིས།
གཞིས་ཀ་དེ།
ཁྱི་སྐད་ཀྱིས་དཀྲོགས།
ངས་ད་དུང་།
སྒུག་དགོས་པ་མང་པོ།
བཙལ་དགོས་པ་མང་པོ།
ཆོས་ཉིད་ལྟར་ཞུ་འདོད།
ཁྱོད་ངའི་ཐག་ཉེ་རུ་མི་འདུག
 
             3
ཁྱོད་ཀྱིས་ཁ་བར་ཉན་བཞིན་ཡོད་དམ།
ངའི་ཨ་ཇོ།
རི་ཆུ་སྟོང་ཕྲག་གིས།
ངེད་གཉིས་བར་ལ་རྒྱང་རིང་ཞིག་བཞེངས།
ངས་ཁྱོད་ཉིད་རི་མོ་རུ་བྲིས་ཀྱང་།
ཁྱོད་ནི་ཁ་དོག་ཅིག
ངས་ཁྱོད་ཉིད་སྙན་ངག་ལ་བཅོལ་ཡང་།
ཁྱོད་ནི་ཡིག་འབྲུ་ཞིག
 
            4
གལ་ཏེ་མི་ཡུལ་ཟེར་བ།
བཤད་མི་ཆོག་ན།
ཨ་ཇོ་ལགས།
གལ་ཏེ་བརྩེ་དུང་ཟེར་བ།
དྲན་མི་ཉན་ན།
ཨ་ཇོ་ལགས།
གལ་ཏེ་དྲན་གདུང་ཟེར་བ།
གསོག་མི་ཆོག་ན།
ཨ་ཇོ་ལགས།
 
         5
ལྕགས་རི་མཐོ་ན་མཐོ་ན།
ཁྱོད་ཀྱིས་བྱེའུ་སྐད་ཨེ་ཚོར།
ལྕགས་རི་མཐུག་ན་མཐུག་ན།
ཁྱོད་ཀྱིས་ཉི་འོད་ཨེ་མཐོང་།
 
             6
ཨ་ཇོ།   ངས་ག་དུས་ཁྱོད་རྙེད།
འབོད་དཀའ་བའི་ཁྱོད།
ནམ་ཡང་ས་ཆ་གཞན་ཞིག་ཏུ་ཡོད་དམ།
དེ་རུ་ཁྱོད་གཅིག་པུ་ཡིན་ནམ།
 
                                            2015.11.13–16


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།