རོང་བོ་གངས་དཀར་གྱི་སྙན་ངག་ཆེད་འགོད།

13217

             རླུང་གི་ལག་པ།



རླུང་གི་ལག་པ་འཁྱག་ཏོ་རེད།
རླུང་འཇིག་རྟེན་ལ་སུན་འདུག

རླུང་ག་ཤེད་ཅིག་ལ་འབྲོ་བཞིན་འདུག
ཕྱི་བལྟས་མེད་པར་འབྲོ་བཞིན་འདུག

རླུང་གིས་མེ་ཏོག་བརྗེད་འདུག
རླུང་གིས་སྦྲ་ནག་བརྗེད་འདུག

རླུང་ཐག་རིང་ལ་འབྲོ་བཞིན་གདའ།
ཁོ་ཕྱིར་འོངས་རྩིས་མེད་པ་འདྲ།

རྟབ་རྟབ་པོར་མེ་འཁོར་ལ་གདོང་ཐུག་བརྒྱབ་ཅིང་།
འཚབ་འཚུབ་ཀྱིས་བྲག་ཐོ་ལ་གདོང་ག་གཞུས།

ཉི་མ་ནི་རླུང་གི་ཉེ་དུ་ཡིན་ཡང་།
ཁོ་འགྱུར་འདུག

ཟླ་བ་ནི་རླུང་གི་གྲོགས་པོ་ཡིན་ཡང་།
ཁོ་འགྱུར་འདུག

ལྕུག་ཕྲན་ཞིག་ལ་བློ་གཏད་བཅོལ་ནས།
ལོ་ངོ་མང་པོ་ཕྱིན།

རླུང་གི་ལག་པ་འཁྱག་ཏོ་རེད།
རླུང་འཇིག་རྟེན་ལ་སུན་འདུག

ནམ་གསལ་ལེར་འོངས་དུས།
རླུང་ལ་སྐྱོར་མ་མི་འདུག

ས་རུབ་ནས་འགྲོ་དུས།
རླུང་ལ་ཚང་མལ་མི་འདུག

རླུང་ན་ནས་ཉི་མ་གསུམ་ཙམ་ཕྱིན།
རླུང་གཟེར་ནས་ཟླ་བ་བཞི་ཙམ་འགོར།

རླུང་ལ་མ་འོངས་པ་མི་འདུག
རླུང་ལ་སེམས་པ་ཁེན་ས་ཞིག་མི་འདུག

རླུང་གི་ལག་པ་འཁྱག་ཏོ་རེད།
རླུང་འཇིག་རྟེན་ལ་སུན་འདུག

                    2018,01,25


ངས་ང་རང་ང་རང་ཉིད་ལ་འགྱུར་རྒྱུར་བརྩོན་པ་བྱེད་བཞིན་ཡོད།


ཁ་སང་བབས་པའི་ཁ་བ་དག དེ་རིང་གི་ཉི་མས་བཞུས་སོང་།
དེ་རིང་གི་ཉི་མ་ནི་ང་རང་ཡིན། དེ་རིང་གི་ཉི་མར་ཚ་དྲོད་ལྡན།
ཁ་སང་གི་ཁ་བ་ནི་ང་རང་གཉིད་ལ་ཡུར་ཤུལ་ཏུ་བབས་སོང་བས།
ཁ་བ་དེའི་འབབ་རྐྱེན་དང་འབབ་ཐེངས་དེའི་ཆེ་ཆུང་ཤེས་ཐབས་བྲལ་སོང།
འོན་ཀྱང་། དེ་རིང་གི་ང་ནི་ངའི་རྒྱུན་དེའི་ཆ་ཤས་ཤིག་ཡིན་པས།
ངས་ང་རང་ང་རང་ཉིད་ལ་འགྱུར་རྒྱུར་བརྩོན་པ་བྱེད་བཞིན་ཡོད།

ང་རང་རི་རྩེ་ཞིག་ཏུ་འགྲེང་ནས། རི་རྩེ་དེའི་རི་རྩེར་འགོས་ནས།
བརྩོན་པ་དང་སྡུག་རུས་བསྐྱེད་ནས། རླུང་རྟ་སྤུར།
ང་ནི་མདོ་སྨད་ཀྱི་ལུང་ཁུག་ཞིག་ནས་སྐྱེ་ཤིང་འཚར་བའི་རྟགས་སུ།
ངས་གདངས་རིང་བའི་སྐད་ངག་ལ་དྲངས་པའི་དམངས་གླུ་བླངས།
འོན་ཀྱང་། ང་རང་མི་ཡུལ་གྱི་མགྲོན་པོ་ཡིན་པ་བརྗེད་དུ་བཅུག
ངས་ང་རང་ང་རང་ཉིད་ལ་འགྱུར་རྒྱུར་བརྩོན་པ་བྱེད་བཞིན་ཡོད།

འདུས་བྱས་ཐམས་ཅད་མི་རྟག་པར་བསྒྲུབ་བསྒྲུབ་པའི་སྙིང་བོ་དང་།
འཁོར་བའི་རང་མཚང་དང་དམྱལ་བའི་སྡུག་བསྔལ་བསྟན་བསྟན་པའི་སྙིང་བོར།
ང་ནི་ལས་འབྲས་དང་གདམས་ངག་གི་བཙོན་པ་ངོ་མར་གྱུར།
ངས་གླེགས་བམ་རྙིང་བའི་ཁ་ཕྱེ་ནས་མགོན་པོ་ཀླུ་སྒྲུབ་ཀྱི་གསང་བ་བཙལ།
ངས་རྒྱ་གཞུང་བོད་གཞུང་གི་ནང་སྙིང་སློག་ནས་དཔལ་ལྡན་ཟླ་བའི་ཚིག་རྙིང་བཙལ།
ངས་ང་རང་ང་རང་ཉིད་ལ་འགྱུར་རྒྱུར་བརྩོན་པ་བྱེད་བཞིན་ཡོད།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་སྐྱེས་པའི་གདོང་དམར་བ་ང་།
རོང་བོ་དགོན་ཆེན་གྱི་གཡས་གཡོན་ནས་འཚར་ལོངས་བྱུང་བའི་སྙན་ངག་པ་ང་།
ང་ནི་ཡན་ལག་དང་ཉིང་ལག་གང་རུང་ལ་འབྱར་བའི་རྩ་རྒྱུས་དང་ཁྲག་རུས་དེ་ཡིན་ནམ།
ང་ནི་ཀླད་པ་དང་སྙིང་ལ་གནས་བཅས་པའི་འབུ་སྡོམ་དང་སྲིན་བུ་ཕྲ་མོ་དེ་ཡིན་ནམ།
ངས་རེ་རེ་བཞིན་བསལ་ཞིང་བཅོམ་ནས་རེ་རེ་ལ་འཚོལ་ཞིང་སྙེག་བཞིན་ཡོད་དེ།
ངས་ང་རང་ང་རང་ཉིད་ལ་འགྱུར་རྒྱུར་བརྩོན་པ་བྱེད་བཞིན་ཡོད།

                                                  2018,01,08

                བརྡར་མཁན།


ངས།
རི་ར་བ་དང་།
ཁང་ཁྱིམ་དང་།
ཉི་མ་དང་། ཟླ་བ་དང་།
མཚོ་དང་། རྫིང་དང་། ལྟེང་ཀ་དང་།
མི་དང་། ཉ་དང་། སྲིན་བུ་དང་།
ཉེ་སྤུན་དང་། གྲོགས་པོ་དང་། དགྲ་བོ་དང་།
མི་རིགས་དང་། ལོ་རྒྱུས་དང་། དམག་འཁྲུག་དང་།
བཙན་འཛུལ་དང་། བན་བོན་དང་། ས་དགེ་དང་། ཀར་རྙིང་དང།
གྱེན་ལོག་དང་། ལྐོག་གསོད་དང་། དམར་གསོད་མཐའ་དག་རྩུབ་བརྡར་དང་།
རྡོ་བརྡར། ཆུ་བརྡར། འཇམ་བརྡར་སོགས་བརྒྱུད་ནས། ངའི་མིག་ལ་འཕྲོད་པར་བྱས་ཡོད་དེ།
རྒྱུ་མཚན་ནི།
ངའི་མིག་ཟུང་འདི་ངའི་འཇིག་རྟེན་ཡིན།

                             2017,12,12

                      འབོད་པ།


ངས་ཁྱོད་བོས་ན་ཡང་།
བོས་བོས་ནས་མིད་པ་འགག་ན་ཡང་།
མིད་པ་འགག་ནས་མིག་ཆུ་ཐོན་ན་ཡང་།
མིག་ཆུ་དབའ་འཐས་ནས་ཆབ་རོམ་ཏུ་གྱུར་ན་ཡང་།
ཆབ་རོམ་རིམ་གྱིས་རྡུལ་གྱིས་མནན་ན་ཡང་།
རྡུལ་གྱིས་ཁ་ནང་དུ་ས་དྲི་བྲོ་ན་ཡང་།
ས་དྲི་ལ་ཚྭ་ཁུ་ཡང་ཅུང་ཟད་བྲོ་ན་ཡང་།
ངས་སྣབས་ཡར་ལ་འབྱོངས་བཞིན།
ད་དུང་ཡང་ཁྱེད་ཀྱི་མིང་ནས་འབོད་བཞིན་ཡོད།

                                   2017,11,28


མདོ་སྨད་འཇང་དགུན་ཆོས་ཐེངས་ཉེར་གསུམ་པའི་སྟེང་ནས།


གལ་ཏེ། དཔེར་བཞག་ནས།
བསྟན་པ་ནི་རླངས་འཁོར་ཞིག་ཡིན་ན།
དེ་ལ་ཁ་ལོ་བ་ཞིག་ཡོད་ངེས་ལ།
བསྒགས་ཟྭ་བསྒག་རྒྱུ་ཞིག་ཀྱང་ཡོད་ངེས་སོ།།

འདི་ལྟར་འདང་བརྒྱབ་ཚེ།
མགྱོགས་བུལ་གྱི་སོ་ཁ་སྤོར་རྒྱུ་ཡང་ལོས་རེ་ཡོད།

འཇང་དགུན་ཆོས་སྟེང་གི་རྩོད་པ་བྱེད་མཁན་འདི་དག་ནི།
བསྟན་པའི་ཁ་ལོ་བ་དང་བསྒགས་ཟྭ་བསྒག་མཁན་རེ་རེ་ནས་ཡིན་འོས་ཏེ།
ཁོ་ཚོ་རང་ཉིད་ལ་ཡིད་ཆེས་དང་སྤོབས་པ་ཡ་མཚན་ཅན་གྱིས་ཁེངས་འདུག་གོ།

                              2017,09,20


                   ལས་ཀྱི་རི་མོ།


ངས་བརྗེད་ཡོད།
སྲོག་གི་གཙང་པོ་དང་གྱ་གྱུའི་ལམ་ཕྲན།
ཚེ་སྟོད་ཀྱི་སྐྱེ་བ་དང་སྨྱོ་ཧམ་གྱི་རྨི་ལམ།

ངས་ཡིག་འབྲུའི་ནགས་ཚལ་མེ་རུ་སྒྲོན་ནས།
སྐྱོ་གདུང་དང་ཁེར་རྐྱང་གི་ལོ་མ་བཙལ།
ང་རང་བཙན་གྱིས་གསོན་ནས།
རང་ཉིད་ཀྱི་གདོང་ལ་མཆིལ་མ་འཕངས།

ང་རང་ཀུན་གྱི་རྐང་འོག་ནས་འཚོས་ལ།
དེ་ནི་སེམས་བསྐྱེད་ཚུལ་ཞིག་ཏུ་སྒོམ་མྱོང་།
ང་རང་ཀུན་གྱི་སྤྱི་གཙུག་ལ་སྤོས་ཡོད་ལ།
དེ་ནི་སྤོབས་པའི་གཤོག་རྩལ་བརྐྱངས་ཚུལ་ཀྱང་ཡིན་ནོ།།

ཚེ་སྨད་ལ་སླེབས་དུས། ངས་སྐྱོ་གདུང་ནི།
ཕྱི་ཤུན་དང་ཕྱི་ཤུན་གྱི་ནང་ལ་སྐྱོ་གདུང་གཅུད་ཚེ།
ད་གཟོད་འཚོ་བ་དང་དངོས་ཡོད་ཡིན་པ་གཞི་ནས་ཤེས་སོང་།

དྲན་པ་ཐོ་རེ་བ་དག་ཡལ་ཤུལ་ན།
ཚེ་སྲོག་ནི་རེ་སྒུག་གི་དར་ལྕེ་ཟད་པོ་ཞིག་དང་འདྲ་བར།
ད་དུང་ཡང་ལྡབ་ལྡིབ་ཀྱི་སྐད་ཆ་ག་རེ་ཤོད་རྒྱུར་ལུས་ཡོད་དམ།

                           2017,10,13


              འབྲེལ་བ་མེད་པ་དག


ཉི་མ་དང་ཟླ་བ།
གང་ནས་ཤར་ཏེ།
གང་ནས་ནུབ་ན།
ང་ལ་འབྲེལ་བ་ཡོད་དམ།

རྒྱལ་ཁབ་དང་ས་ཁུལ།
ཁྱོད་ལ་གཏོགས་ཀྱང་།
ཁོ་ལ་དབང་ཡང་།
ང་ལ་འབྲེལ་བ་ངོ་མ་མེད།

གྲུབ་མཐའ་དང་སྡེ་བ།
རྙིང་བ་ཡིན་ཀྱང་།
གསར་བར་ཐིམ་ཀྱང་།
ང་ལ་རང་གི་བསམ་བློ་ཡོད་དོ།།

ང་ཡིས་འབྲེལ་བ་མེད་པ་དག་ལ།
འབྲེལ་ཐག་བཅད་ནས།
ཁེར་རྐྱང་ངང། ཁ་རོག་གེར།
ས་གཞི་ཟླུམ་པོ་འདིའི་ཡང་སྟེང་ན།
བསམ་བློ་ཁྱད་མཚར་ཞིག་གཏོང་བཞིན་ཡོད།

                       2017,10,06


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།