2017ལོའི་གཅན་མེ་སྟག་གི་གསར་བྲིས་སྙན་ངག་ཆེད་འགོད། (ཕྱི་དུམ)

6894

IMG_9344.JPG


   རྟ་གསེབ་ནག་པོ།

མཚན་མོ་དེར། ང་ཚོ་མེ་ཕུང་གི་མཐའ་རུ་སྡོད་དུས།
ང་ཚོས་གློ་བུར་དུ་རྩྭ་རའི་ནང་གི་རྟ་གསེབ་དེ་མཐོང་བྱུང་།
ང་ཚོ་འཇིག་རྟེན་འདིར་འོང་བ་ནས།
རྟ་གསེབ་དེ་ལས་ནག་པའི་དངོས་པོ་ཞིག
ང་ཚོས་མཐོང་མ་མྱོང་བ་འདྲ་སྟེ།
དེ་ཡི་སུག་བཞི་ནག་པོ་སོལ་བ་འདྲ་ལ།
དེ་ཡི་ལུས་ཕུང་ནག་པོ་སྟོང་ཉིད་དང་འདྲ།
རྔོག་མ་ནས་བཟུང་དལ་བུར་སྐྱོད་ཀྱིན་པའི་རྔ་མའི་བར་དུ།
མཚན་མོ་བརྒྱ་ཕྲག་གི་ཉིང་ཁུ་བཙིར་བ་བཞིན།
མཐའ་མི་མངོན་པའི་ནག་པོ་ཞིག
རྟ་གསེབ་དེའི་མིག་ཟུང་ཁྲོད་དུ་འཚེར།
   
འདི་ལྟ་བུའི་ནག་པོ་དེ།
དུས་ཚིག་འདིའི་ཁ་དོག་ལ་ལྕགས་རྩི་ཕབས་པ་ཡིན་ནམ།
མི་ཡུལ་གྱི་ནག་ཐིང་ཐིང་གི་དོང་ཞབས་མེད་དེ་ཡིན་ནམ།
སེམས་གཏིང་གི་རྩུབ་ཅིང་གཏིང་མི་དཔོག་པའི་ཁབ་མིག་དེ་ཡིན་ནམ།
ཁྱོད་དང་ངའི་འཛིངས་ཤིང་རྫོབ་སྟུག་པའི་ཚེར་མའི་ནགས་ཚལ་དེ་ཡིན་ནམ།
ཁྱོད་ཀྱི་འོག་སྤུ་དེ་དང་ངའི་རྩིབས་རུས་སྒྲིམ་པོ་དེ་ཡིན་ནམ།
ས་འོག་ཏུ་ཉལ་བའི་མི་རིགས་འདིའི།
ས་བོན་གྱི་ཁོག་པ་ནག་པོ་དེ་ཡིན་ནམ།
ང་ཚོའི་སེམས་གཏིང་གི་ཡིད་སྐྱོ་བའི།
བདག་མེད་ཀྱི་ཁ་ཕྱོགས་དེ་ཡིན་ནམ། 
 
རྟ་གསེབ་དེ་མཐོང་བ་ཙམ་གྱིས།
རྟ་མཇེ་ནག་པོ་ལས་འོད་ཟིར་ལམ་ལམ་འཚེར་འོང་།
རྟ་མཇེ་བྲང་ལ་རྡེག་པའི་སྐོབ་སྒྲ་དང་།
འཁྱུག་ཙམ་འཁྱུག་ཙམ་གྱིས་འདར་བཞིན་པའི་འོད་ཞགས་དེ་མཐོང་ཉིད།
ང་ཚོ་སྐོམ་པས་གཟིར་ཞིང་འདོད་པས་གདུངས།
རྟ་ཕོའི་ལུས་ཕུང་ནི་གསང་བ་ལྐོག་གྱུར་གྱི་བདེན་པ་ཞིག་དང་འདྲ་བར།
 
ང་ཚོའི་མིག་ལམ་ནས་ཡུན་ནས་ཡུན་གྱིས་ཆེ་རུ་བསྐྱེད་དུས།
འོད་ཀྱི་ཟེགས་མ་གང་ཡང་མེད་པའི་མཚན་མོ་དེ་ནི།
ང་ཚོའི་སེམས་ཁ་རུ།
གློག་ཞགས་གྲངས་མེད་ཀྱིས་བཏུམས་པའི་ཕ་ལམ་དཀར་པོ་ཞིག་ཡིན་ནམ།
 
རྟ་གསེབ་དེས།
པར་ཆས་ཀྱི་ར་ཤེལ་ནག་པོ་དང་འདྲ་བའི་མིག་གིས།
ང་ཚོའི་ཕྱི་ནང་གི་སྒྱིད་ལུག་དང་སྡར་གཤིས་ཡོངས་སུ་བརྟག་སྟེ།
མཚན་མོའི་བར་སྣང་དུ།
རླུང་གི་གཤོག་པ་ལྟ་བུའི་བང་རྩལ་ཅི་ཡང་མི་ངོམས་དོན།
ཅི་ཡིན་ནམ།
རྟ་གསེབ་དེ་ང་ཚོའི་ཉེ་གམ་དུ་བསྡད་ནས།
ང་ཚོ་དང་འདྲ་བར་སྟོང་བསམ་ཁྲོད་ཀྱི་སྐྱ་རེངས་དེ་ལ་སྒུགས་དོན།
ཅི་ཡིན་ནམ།
རྟ་གསེབ་དེས་ཅིའི་ཕྱིར་དུས་རབས་འདིའི་མཁའ་དབུགས་ཁྲོད་ཀྱི།
རྔམ་མཐུག་པའི་སྨག་ནག་ཁྱུར་མིད་གཏོང་གིན།
ལོ་ཟླའི་ཁྲོད་སྡོང་ལོ་བཞིན་རྙིད་པའི་རུས་པ་སྙི་མོ་དེ་དག་རྡོག་བརྫིས་བྱེད་དོན་ཅི།
ཅི་ཡིན་ནམ།
 
ཡང་ན།
རྟ་གསེབ་དེས།
དོ་དགོང་།
ང་ཚོའི་ཁྲོད་ཀྱི་མུན་ནག་ལྟ་བུའི།
འདོད་ཆགས་ལྟ་བུའི།
ཉོན་མོངས་ཀྱི་སྐྱ་མི་ཞིག་འཚོལ་འདོད་པ་ཅི་ཡིན་ནམ 

2017ལོའི་སྙན་ངག་པའི་མཚན་མོར་གཅན་མེ་སྟག་གིས་གཅན་ཚ་རྨ་ཆུའི་ཟམ་ཁར་ཁེར་རྐྱང་དུ་བྲིས།

IMG_0106.JPG


    ཁ་བ་ལ་སྒྲ་མི་འདུག

ཁང་བ་གཉིད་སོང་།
གློག་སྒྲོན་སད་ཡོད།
ས་གཞི་གཉིད་སོང་།
རྡོ་བ་སད་ཡོད།
བྱ་གླག་གཉིད་སོང་།
སྒྲོ་གཤོག་སད་ཡོད།
སྒྱུ་ལུས་གཉིད་སོང་།
ཁྲག་རྒྱུན་སད་ཡོད།
དཔེ་ཆ་གཉིད་སོང་།
ཚིག་ཕྲེང་སད་ཡོད།
ལོ་རྒྱུས་གཉིད་སོང་།
དུས་ཚོད་སད་ཡོད།
འཇིག་རྟེན་གཉིད་སོང་།
ང་རང་སད་ཡོད། 


    སིལ་ཏོག

དང་ཐོག་ང་སྐྱ་བོ་ཡིན་དུས་སུས་ཀྱང་བཏོགས་མཁན་མེད་ལ་འགྲམ་ཆུ་ལྡང་མཁན་ཡང་མེད།
ད་ལྟ་ང་དམར་པོ་ཆགས་དུས་སུས་ཀྱང་ལག་མཐིལ་དུ་བླངས་ཏེ་བསྔགས་བརྗོད་དང་འགྲམ་ཆུ་ཡང་ཡང་གཏོར།
 
དེ་བས་ངས་དམར་ཐག་ཆོད་ཀྱི་ཁ་དོག་ཁོ་ཚོར་བཞག་སྟེ།
དམར་ཐག་ཆོད་ཀྱི་སེམས་དོན་དེ་དག་ཁོ་ཚོར་བཤད་ཀྱིན་ཡོད།
སྐྱ་བོ་ནི་ང་ཡི་ཁེར་རྐྱང་ཡིན།
དམར་པོ་ནི་ང་ཡི་དགའ་བ་དང་མཐོ་ཚད་དང་ཚེ་སྲོག་ཡིན།
ཡོད་ཚད་ཁྱེད་ཅག་གིས་ཁྱེརད་ཅིག
IMG_9267.JPG


      སྣང་ཚུལ་ཞིག

ཐོ་རེངས་ཀྱི་སྨུག་པས་རི་རྩེ་ཡོངས་སུ་མནན་ཏེ།
ཆེས་ཕྲ་བའི་རྩ་འདབས་ཀྱི་ཟིལ་བ་རེ་རེར་གྱུར།

ན་ནིང་གི་སྐར་ཆེན་སྤྲིན་གསེབ་ལས་ཕྱིར་བུད་ནའང་།
ངོས་གཅིག་མ་གཏོགས་ངོས་གཞན་དེ་མཐོང་ཐབས་མེད།
   
སྐབས་འདིའི་བར་སྣང་དུ་འདབ་ཆགས་གཅིག་ཀྱང་མི་འདུག
ཁ་སང་གི་སྒྲོ་གཤོག་དེ་དག་གང་དུ་སྦས་སམ།
   
ངས་ཁྱོད་བརྗེད་སླ་ན་ཡང་།
ཁ་མི་གྲགས་པའི་ནེ་ཙོ་དེ་དག་རྨི་ལམ་དུ་ཡང་ཡང་འཁོར།

ཁ་རོག་གེར་འབར་ཞུན་རྐང་གཅིག་སྦར་བ་དེས།
གང་ལྟར་ཀྱང་ཐོ་རེངས་ཀྱི་ཟམ་སྣེ་རྙེད་ཐབས་མི་འདུག
 
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།