སྒོ་ཡོན་གྱི་གྲོལ་བའི་སྙན་ངག་བཅུ།

7197


       སྒོ་ཡོན། 1988ལོར་ཁམས་བྲག་འགོར་སྐྱེས། སྔ་གཞུག་ཏུ་ཁམས་དང་པེ་ཅིན་དུ་སློབ་གཉེར་བྱས།  ཆུང་དུས་ནས་རྩོམ་རིག་གི་ལས་སུ་ཞུགས་ཏེ། རིམ་པར《ཐུབ་པའི་གཞོན་རབས》《རིག་རྩལ་རྒྱང་སྐྱོད》《རང་རིག་རང་གསལ》《སྣང་ཚོར་རོ་མཉམ》བཅས་མི་རིགས་དཔེ་སྐྲུན་ཁང་སོགས་ནས་དཔེ་སྐྲུན་བྱས་ཤིང་།  ད་ལྟའི་བར《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《ཀློག་པ་པོ》《མི་རིགས་ཀྱི་རྩོམ་རིག》《གངས་རྒྱན་ན་ཆུང་ཚགས་པར》སོགས་སུ་སྙན་ངག་དང་འབེལ་རྩོམ། ཐོལ་རྩོམ། སྒྱུར་རྩོམ་སོགས་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་མང་པོ་སྤེལ་ཡོད།



སྐུ་ཞབས་དཔྱིད་ལགས།

 
ངེད་ཚང་གི་དགུན་སའི་ཕར་ཁ་ན
ཁུར་བོ་ཅན་ཞིག་འོང་བཞིན་གདའ
ཁུར་བོ་ཅན་དེས
ཚོན་སྣ་མང་བོ་བཟུང་ནས་འོང་བཞིན་གདའ
 
ཁྱེད་ཚོས་ཁོང་མི་ཤེས་སམ
ཁྱེད་ཚོས་སྔོན་ཆད་མཐོང་མ་མྱོང་ངམ
ཁོང་ནི་སྐུ་ཞབས་དཔྱིད་ལགས་རེད
 
ཁོང་གིས་ར་སྐོར་ཕྱི་ནང་དུ་ཚོན་རྩི་བྱུག་ཅིང
ཨ་མ་དང་ཨ་ཅེའི་གདོང་ལའང་ཚོན་རྩི་བགོ་བས
ཁྱེད་ཚོ་མྱུར་མོར་ཕྱིན་ཏེ
ཁོང་ལ“ཨེ་དཀའ་ཐལ”ཞུ་རོགས

                                     ༢༠༠༧.༥.༡ཉིན་བླ་རུང༌།

    མེ་འཁོར།

 
རླུང་བུ་མིག་མེད་ཀྱིས་སྨྲེ་སྔགས་ཤོར་བས
གནམ་ས་གཉིས་ཀྱང་འདར་ཡོམ་བྱས་པ་འདྲ
 
འཛད་མཐའ་བྲལ་བའི་ལྕགས་སྐུད་མཚར་པོའི་བྲང་གཞུང་ལ
ང་སྡོད་སའི་མེ་འཁོར་རིང་བོ་འདི་ཡང་ཆུ་བཞིན་བཞུར
 
གློ་བུར    མགྲོན་པོ་འབྱོར་ལྡན་རྣམས་ཀྱིས་ཟ་མ་བཟའ
གློ་བུར    རྒྱ་མི་མདོ་མེད་དག་གིས་གཅིན་པ་གཏང
སྤྱོད་ཁང་ཆུང་ངུའི་སྒོར
ང་རང་སུན་པ་ལངས་ནས་མིག་ཀྱང་སྒེའུ་ཁུང་གི་ཕྱི་རོལ་དུ་ལྷུང
 
ཉི་འོད་དམར་ལམ་ལམ་ཐག་རིང་དུ་གཤར་གྱིན་འདུག
སྡོང་བོ་མང་བའི་ལམ་འགྲམ་གྱི་གྲོང་རྡལ་དེ་དག་ཀྱང་རྗེས་སུ་ལུས་ཀྱིན་འདུག
ཡིན་ཡང   ང་སྡོད་སའི་མེ་འཁོར་འདི་ཉིད
སྔར་བཞིན   སྡོད་མཚམས་མ་བཞག་གོ

                             ༢༠༠༧.༡༢ .༡༤ཉིན་ཟི་ལིང་།

 
   མི་དང་མཚན་ཉིད།

 
ཇོ་མོ་རི་ལ་འགྲོ་ཁར
རང་གི་ལན་བུ་ལ་ལག་པས་བྱིལ་ཞིང
རང་གི་སྐེ་རྒྱན་ལའང་མིག་ཆུ་ཤོར་བས
མི་རྣམས་ཀྱིས    “ཇོ་མོ་དེ་ད་དུང་མི་རེད”ཟེར
 
ཇོ་མོ་རི་ལ་འགྲོ་ཁར
རང་གི་རྩེད་ར་ལ་མཆིལ་མ་བཏབ་ཅིང
རང་གི་རྩེད་རོགས་ལ་ཕུད་རྒྱག་བྱས་པས
མི་རྣམས་ཀྱིས     ཇོ་མོ་དེ་ཉིད་སུ་ཚང་གི་ཡིན་པ་ཤེས་མ་བྱུང
 
                                                      ༢༠༠༧.༤.༢༥ཉིན་གསེར་ཐང༌།


  ཉིན་ཐོ།


དེ་རིང
སྙན་ངག་པ་མང་བོ་ཤི་སོང
ཤི་སོང་བའི་སྙན་ངག་པ་དེ་དག
དབུགས་ཆད་པ་མིན་པར
མགོ་སྟེང་ལོག་ནས་ངག་ལྐུག་པའོ

                        ༢༠༠༧.༡༢.༢༤ཉིན་མཚོ་བྱང༌།


     ཁྱོད།

      
ཁྱོད་ལ་ས་གཞི་མེད
ཁྱོད་ལ་བདེ་ཐང་ཅན་གྱི་ས་གཞི་མེད
ཁྱོད་ལ་ཡོད་པ་ནི་ནམ་མཁའ་ཁོ་ན
ཁྲག་དམར་ལྷོག་ལྷོག་གདུ་བའི་ནམ་མཁའ་དེ
ཁྱོད་ཀྱི་དེ་རིང་གི་འཁོར་བ་ཆེན་པོ
ཁྱོད་ནི་ནམ་མཁའ་གང་གི་འོག་ཏུ
ཞྭ་ནག་གྱོན་པའི་དམག་སྤྱི་ཆུང་ཆུང་ཞིག་སྟེ
མི་རྣམས་ཀྱིས་སྒོ་ཡོན་ཟེར
 
                               ༢༠༡༡.༠༦.༡༥ཉིན་ཁྲིན་ཏུའུ།

 
  ཤི་གསོན།

 
བདག་ཤི་རྗེས
བདག་གི་ཤུལ་དུ་ལྷག་པ་ནི་ཤོག་གུ་མིན
རི་མོ་མིན ཤ་རུས་ཀྱང་མིན
དེ་ནི
དེ་ནི་ཟུངས་ཁྲག་སྤར་གང་འདྲེས་པའི་སྙུ་གུ་ཆག་རོ་ཞིག
 
                                           ༢༠༡༢.༠༨.༢༦ཉིན་ཁྲིན་ཏུའུ།


  བོར་སྟོར།


མིག་ཆུ  འགྲེལ་བཤད
རེ་བ་གཞན་མེད
ཚེ་སྲོག་ཁོ་ན་མནར་གཅོད་ཀྱིས་བཟི
 
ཕ་རོལ་ཕ་རོལ་གྱི་རང་ཉིད
སྒྲ་དབྱངས་མེད་པའི་རླུང་བུར་འདྲེས
 
བརྩེ་བ   རྩིས་ཐང
རྨི་ལམ་དང་མཉམ་དུ་འཐོར
ལམ་གྱི་ཕྱག་རྒྱ   ལམ་གྱི་རོལ་ཆ
དུས་གཏན་དུ  འཇིག་རྟེན་ལ་མ་འོང
 
ཟློས་གར་གྱི་སྔ་རོལ
སྲིད་པའི་རྒྱབ་གཟུགས་ལ་བཞུར

                    ༢༠༡༣.༠༡.༡༦ཉིན་ཁྲིན་ཏུའུ།


   མཐོ་སྒང་།

 
རྣམ་ཤེས་ལ་གཤོག་པ་ཐོགས་པའི་རླུང་ཁྲོད
ཉི་ཟེར་གྱི་སྐ་རགས་མ་བཀྲོལ་བའི་ཁྱོད
 
ལག་པས་མཐོན་པོར་བཏེགས་པའི་མཆོད་གོང
སྤྲིན་པ་དང་འཇའ་ཚོན་གྱི་ཡང་རྩེ་ནས
ང་རྒྱལ་དང་བཅས་ཏེ་ས་གཞིར་ལྟ
བསང་ཁྲི་དང་རླུང་རྟ
དར་ལྕོག་དང་ཀི་སྒྲ་སྦྲུམ་པའི་ནམ་མཁའ
མེ་ལོང་གི་ཚུར་རོལ་དུ་འཁྱིལ་བའི་གཙང་པོའི་ཐག་པ
བསིལ་བསིལ་གྱིས་བརྒྱན་པའི་སྐར་ཚོགས་ཀྱི་འཚོ་བ
ཡུན་རིང་ལ་བསམ་གཏན་མ་གྲོལ་བའི་བགྲེས་པོ་གངས་ཀྱི་གཡས་གཡོན
མཐོ་སྒང
འོ་མས་ཕྱུག་པའི་རྨི་ལམ་གྱི་གནའ་གྲོང
འགྲུལ་བཞུད་ཁྲི་ཕྲག་གི་མཐའ་མཇུག་གཤར་བའི་ལྷའི་ཟམ་པ
ལོ་རྒྱུས་ཀྱི་ཡར་སྔོན་དུ་བཙུགས་པའི་འོད་ཀྱི་སྡོང་བོ

                                                      ༢༠༡༣.༠༨.༡༨ཉིན་མགོ་ལོག


   སྒོམ་ཆེན་པ།


ཧི་མ་ལའི་རི་འདབས་སུ
ཁ་སྤུ་ཅན་གྱི་སྒོམ་ཆེན་ཞིག་མཚམས་ལ་བཞུགས
 
ལོ་ངོ་ཉི་ཤུའི་རྗེས
སྒོམ་ཆེན་པ
བྲག་ཕུག་དང་ནགས་ཁྲོད་བརྒལ་ནས
“གྲོང་ཁྱེར”ཞེས་པའི་དགོན་པ་ཞིག་ཏུ་ཕྱིན
 
དགོན་པ་ཁྲ་ཁྲ་དེར
རས་དང་ཤོག་གུ་ལྡད་པའི་གཙང་བོ་དུ་མ
ཕྱོགས་ཕྱོགས་སུ་འཁྱིལ
སྒོམ་ཆེན་པ
དགོན་པར་ཏིང་འཛིན་ལ་ཞུགས་ཐེངས་རེར
གཙང་བོ་དེ་ཚོ
ལྷ་དང་ལྷ་མོའི་ཚུལ
ཐུན་མཚམས་ལ་ཡང་ཡང་འཁོར
ཡང་ན    ཆོས་སྐྱོང་སྲུང་མའི་ཟོལ
སྒོམ་ཆེན་པའི་རྨི་ལམ་ལ་བབ
ལོ་ངོ་མང་བོ་འདས་སོང
ད་ནི
སྒོམ་ཆེན་པར་ཡང་མེ་དང་དུད་པ་མཁོ་ཡི་འདུག
ཐབ་ཚང་དུ
ཞེ་ལ་ཐོགས་པའི་ཐབ་ཚང་དུ
ནག་སེང་སེང
ཉམས་རྟོགས་དང་ཞེ་སྡང་གིས
མེ་ཁ་གསོ་སྐབས
སྒོམ་ཆེན་པའི་མིད་པ
སྐོམ་པས་གཟེར
དུས་དེར
ནམ་རྒྱུན་ལྟར
སྒོམ་ཆེན་པ
དགོན་པའི་མཐའ་འཁོབ་ཀྱི་གཙང་བོ་བཏུང་བར་བསྐྱོད
གཙང་བོ་དེ་དག
དེ་འདྲའི་ཡིད་དུ་འོང་བ་ཞིག་མ་ཡིན་མོད
སྒོམ་ཆེན་པའི་ཉིན་གཅིག་གི་སྐོམ་ནད་ཡོངས་སུ་སེལ
ད་ཆ
འབྱོར་བ་ཡར་རྒྱས་ཕྱིན་པ་ཡིན་ནམ
དགོན་པའི་ནང་གི་གྲྭ་བ་དག་གིས
རང་རང་གི་གྲྭ་ཤག་ནང
རང་འབབ་ཆུ་ཆས་བཟོ་ཡི་འདུག
ཉིན་ཞིག
སྒོམ་ཆེན་པས་ཀྱང
རང་གི་གྲྭ་ཤག་ནང་རང་འབབ་ཆུ་ཆས་བཟོ་སྲིད
དེ་ཡི་ཚེར
སྐོམ་པ་ག་ཙམ་ཆེ་ཡང
སྒོམ་ཆེན་པ
དགོན་པའི་མཐའ་འཁོབ་ཏུ
གཙང་བོ་འཐོབ་པར་བསྐྱོད་མི་དགོས

                                ༢༠༡༤ .༡༢.༠༦ཉིན་ཁྲིན་ཏུའུ།

 
   ཞི་བདེ།

ཞོགས་པར
གཤོག་པ་ལྡེམ་པའི་ཕྱེ་མ་ལེབ
རལ་གྲིའི་རྩེར
བབ་ཡངས་ངང་ཕར་ཚུར་འཕུར
ཉི་འོད
ཕྱེ་མ་ལེབ་ཀྱི་ཁ་རླངས་ལ་འཁྱིལ
ཡང་ན
རལ་གྲིའི་བྲང་ཁར་བབས

                   ༢༠༡༥.༡༡.༡༠ཉིན་དར་མདོ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།