སྨན་བླ་སྐྱབས་ཀྱི་སྙན་ངག་ཆེད་འགོད།

3375

      ལྷ་སའི་སྙན་ངག[སྙན་ཚོམ]


      གླེང་སློང་།

ཉི་མ་ལྷ་ས་རུ།
ཉི་མ་རེ་རེར་ཕོ་བྲང་པོ་ཏ་ལ་རེ་མཇལ་ཡོང་།
ཕོ་བྲང་གི་ཟུར་དང་ལྕོག་རེ་ནས་ཀྱང་།
ཡལ་རྒྱུ་མེད་པའི་མཛེས་ཀོང་རེ་མངོན་ཡོང་།

བསམ་ཞིང་བསམས་ན།
དེ་ཁོ་ནས་ཆོག་ལ་དེ་ཁོ་ནས་ཀྱང་ཆོག་གི་མེད།


     ༡: ལྷ་སའི་སྨག་ཆར།

སྨག་ཆར་ཟམ་ཟིམ།
ཤེལ་གྱི་གོང་བུ་སིལ་བུར་བྱོ་བའི་རང་བྱུང་གི་རོལ་མོ།
ཉི་མ་ལྷ་སའི་སྔས་མགོར་བབས་བྱུང་།
ལོ་མ་ལྗང་གུའི་ཨམ་ཅོག་དག་ཕྱི་བརྟོལ་ནང་བརྟོལ་གྱིས་
མི་ཞིག་གི་རྨི་ལམ་དུ་བབས་བྱུང་།
འཇག་རི་སུམ་མདོ་ནས་འཇག་མ་གླིང་ཁའི་དབར་གྱི་ལམ་ཐག
ཆགས་སྡང་གི་བརྩེ་གླུས་བཅལ་པའི་མི་དེའི་
དབང་པོ་རྣམ་ལྔ་བཟི་བར་བྱས་བྱུང་།


ལོ་འདི་ཚོར།
ལྷ་སའི་བཞིན་མདངས་ཆ་མེད་དུ་འགྱུར་བཞིན་གདའ།
སྨག་ཆར་དེ་ཡང་འགག་སྒོ་གང་ཞིག་ལ་ཐོགས་སོང་བ་བཞིན།
ཉིན་མཚན་དུས་དྲུག་ཚ་དུག་གིས་གཅུན་གཅུན་ནས།
སྟོད་སྨད་ཤོད་གསུམ་ལ་གཞོབ་དྲི་ཁོ་ན་འཐུལ་བྱུང་།
གློ་སྙིང་མཆིན་གསུམ་ལ་གཞོབ་དྲི་ཁོ་ན་བསྐྱིལ་སོང་།


ཐོག་གློག་གི་ངར་སྒྲ་དང་འགྲོགས་པའི།
མེ་ལྕེ་གང་ཞིག་གཞོམ་གཞིག་གཏོང་བ་ལྟ་བུའི།
དུས་ངེས་མེད་ཀྱི་ཆར་ཞོད་དེ་ཚོས་སུན་སྣང་གཞན་ཞིག་ལས།
ཅི་ཡང་བཞག་མ་སོང་། ཅི་ཡང་ཞོག་མ་སོང་།


སྨག་ཆར་ཟམ་ཟིམ།
ཉི་མ་ལྷ་སའི་སྔས་མགོར་བབས་བྱུང་།
མི་ཞིག་གི་རྨི་ལམ་དུ་བབས་བྱུང་།
དོ་ནུབ། ཤོར་མ་གཉིས་ལྐོག་ཏུ་ཐུག་པ་བཞིན།
དྲན་གདུང་གིས་ཤ་ངུ་པགས་ངུ་རྒྱག་པ་ལྟར།
སྨག་ཆར་ཟམ་ཟིམ་གྱི་སྙིང་གཏམ་ཡུན་རིང་འཇགས་མ་སོང་།


རྨི་ལམ་ལས་སད་ཚེ།
ཉི་ཟེར་གྱི་ཚོན་རྩི་རི་རྩེ་ནས་རི་རྩེར་བསྒོ་བའི་
རི་མོ་དེ་ནི་ཡོད་ཡོད་དང་།
སྨུག་སྤྲིན་དཀར་པོའི་སྒལ་གཞུང་རི་རྐེད་ལ་ཁེན་བསྡད་པའི་
བག་ཕེབས་དེ་ཙམ་ཡོད་ཡོད་ཡིན་ལ།
མི་དེའི་སྒེའུ་ཁུང་ཁར་བཞད་འདྲའི།
མེ་ཏོག་དམར་གཉིས་ཀྱི་བཀྲག་མདངས་དེ་ཡང་
ཡོད་ཤག་ཤག་མིན་ནམ་བསམས་སོང་།


                  ༢༠༡༤ལོའི་ཟླ་ ༦ ཚེས་ ༣ ཉིན་གྱི་ནམ་གུང་ལྷ་ལྡན་འཇག་གླིང་ཤག་ཏུ་བྲིས།
IMG_9460.JPG

    ༢: ལྷ་སའི་སྐྱིད་ཆུ།

ལྷ་སའི་སྐྱིད་ཆུ་བཏུང་དུས།། ཕ་མའི་ཞལ་རས་དྲན་བྱུང་།།

                     ____གཞས་ཚིག་ཅིག་ལས་བཤུས།

གཙང་ཆུ་སྔོ་ཡུག་གེ་འདི་ང་ལ་གལ་ཆེ་ཚུལ་བཤད་མི་འདོད་དེ།
སྐོམ་པ་གང་ཞིག་བསལ་ཡོད་པའང་ཁྱོད་ལ་བཤད་དོན་མེད།
གནའ་སྔ་མོའི་རྒོད་སྡེའི་རྣམ་ཤེས་ཤིག་གམ་རྨས་མ་ཞིག
དེ་རིང་ཡུལ་ལ་ལོག་སྟེ་གཙང་ངོགས་སུ་འཆམ་འཆམ་དུ་འགྲོ་བཞིན་ཡོད་ལ།
སེམས་པའི་ལྗིད་ཚད་ཀྱང་རྡོག་པས་མ་གཏོགས་ཤེས་ཀྱི་མེད།
 
མི་ལོ་དུ་མའི་རྗེས་ཀྱི་རྣམ་ཤེས་རྨས་མ་དེ།
ཡུལ་ལ་ལོག་དུས་པ་ཕ་བུ་ཁྲིད་ཡིན།
སྐྱིད་ཤོད་འོ་ཐང་དུ། སྐྱིད་ཆུའི་འགྲམ་ངོགས་སུ།
ཕོ་བྲང་དང་ཕོ་བྲང་གི་ཕྱོགས་བཞི་མཐོང་བའི་
བཟའ་ཟླ་བུ་ཕྲུག་ཤོང་ཙམ་གྱི་
ནང་ཚང་གཡར་མ་ཞིག་ཀྱང་ཡོད་མོད།
ཡུལ་ལ་ལོག་དུས་ངལ་བས་དུབ་འདུག་ཅིང་།
ཡུལ་ལ་ལོག་དུས་མགྲོན་པོར་གྱུར་འདུག་གམ།
 
སྐྱིད་ཆུའི་འགྲམ་ངོགས་སུ།
རྡོ་རྩིག་གི་རགས་གདོང་རྙིང་པ་ཞིག
ཡུལ་དུས་ཀྱི་ས་རྟགས་འདྲ་ལ་མཚར་སྡུག་གི་ལྷག་རོ་འདྲ།
དཔུང་རྒྱན་རང་འདོམ་འགའ་ལྐོག་སུད་ཀྱིས་གདགས་ཆོག་ཙམ་གྱི་
ངའི་གླུ་སྐད་ཀྱི་འབྲུ་དོན་ལ་འབྱར་བའི་
རྨ་ཁའམ་གང་ཞིག་སྒྲིབ་བྱེད་ཀྱི་ལྷན་པ་ལེབ་མོ།
ལོ་ཟླ་བཞུར་ཤུལ་དུ་ལུས་པའི་སེམས་གསོ་ཙམ་ཡིན་ནམ།
 
པ་ཕ་བུ་ཁྲིད་ཀྱི་ཁྲག་རྩའི་སྦུབས་སུ་གཙང་ཆུ་འདིའི་ཟེགས་མ་འཕྱོ་བཞིན་ཡོད་ལ།
པ་ཕ་བུ་ཁྲིད་གཞན་དག་གི་ཁྲག་རྩའི་སྦུབས་སུའང་
གཙང་ཆུ་འདི་ཁུ་སིམ་མེར་འཁོར་གྱི་ཡོད་སྲིད།
གཙང་ཆུ་འདིས་མི་རྣམས་ཀྱི་སྨོན་ཚིག་དཀར་པོའམ་
ཧམ་སེམས་དང་བཅས་པའི་སེམས་བྱུང་སྣ་ཚོགས་ཁུར་ཏེ།
ཡར་ཀླུངས་གཙང་པོའི་བཞུར་རྒྱུན་དང་འདྲེས་འགྲོ།
 
བོད་ཡུལ་གྱི་གཙང་ཆུ་ཆེ་མ་ཆུང་གསུམ་ཀུན་དང་འདྲ་བར།
བགྲུང་ཐབས་བྲལ་བའི་ལྗན་ལྗིན་གྱི་རྫབ་རྙོག་ལངས་ཤིང་།
གར་ཡོང་མི་ཤེས་པའི་རྫས་འགྱུར་གྱི་མི་དང་
མིའི་ལུས་སེམས་ཀྱི་སྙིགས་མ་འཁུར་ཞིང་འཁོར་ན་ཡང་།
གཙང་ངོགས་སུ་ལུད་ཡོང་བའི་
འཛད་མཐའ་ཡོད་མི་སྲིད་པ་དེ་དག་ལས།
འགྱིག་ཤོག་གམ་ཅི་ཞིག་བསྒྲུག་འདོད་ཀྱང་སྐྱེ་བྱུང་།
 
གཙང་ཆུ་སྔོ་ཡུག་གེ་འདི་ང་ལ་གལ་ཆེ་ཚུལ་བཤད་མི་འདོད་དེ།
སྐོམ་པ་གང་ཞིག་བསལ་ཡོད་པའང་ཁྱོད་ལ་བཤད་དོན་མེད།
གནའ་སྔ་མོའི་རྒོད་སྡེའི་རྣམ་ཤེས་ཤིག་གམ་རྨས་མ་ཞིག
དེ་རིང་ཡུལ་ལ་ལོག་སྟེ་གཙང་ངོགས་སུ་འཆམ་འཆམ་དུ་འགྲོ་བཞིན་ཡོད་ལ།
སེམས་པའི་ལྗིད་ཚད་ཀྱང་རྡོག་པས་མ་གཏོགས་ཤེས་ཀྱི་མེད།

ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༤ རེས་གཟའ་ཟླ་བར་དབུས་ལྷ་ལྡན་འཇག་གླིང་ཤག་ཏུ་བྲིས།

IMG_6230.JPG

༣: ལྷ་ཀླུའི་འདམ་ར།


        ལྷ་ས་ལྷ་ས་སྐྱིད་པ།། དེ་ལས་ལྷ་ཀླུ་སྐྱིད་པ།།
        ལྷ་ས་ལྷ་ཀླུའི་བར་ལ།། རྫོང་རྒྱབ་ཀླུ་ཁང་སྐྱིད་པ།།

                 ___དམངས་གཞས་ལས།


གྲོང་ཁྱེར་གྱིས་རི་རྩར་དེད་འདུག་པའི་ཁྱོད།
སྔར་བཞིན་གྲོང་ཁྱེར་གྱི་བརླན་ཐིགས་དང་ལྗང་ཐིག་ཙམ་སྟེ།
གླེགས་ཐག་ཆད་པའི་པོ་ཏི་ཞིག་གི་ཤོག་གྱར་འདྲ།
ཤོག་ལྡེབས་དེར།
གནའ་བོའི་འདམ་རྩྭ་དག་རླུང་གི་རྒྱུ་ཕྱོགས་སུ་ཉལ་བའི་གསེང་ན།
བ་ཕྱུགས་ཐར་ཐོར་ཁ་མི་ཚང་བའི་ཡིག་འབྲུ་བཞིན།
རྡེའུ་དཀར་ནག་ཆུ་ལ་བྱིང་བ་ལྟར།
ལྷ་ཀླུ་དགའ་བའི་ཚལ་གྱི་བག་ཕེབས་ལྷག་མར་འབྱར་འདུག
 
ཤོག་ལྡེབས་དེར།
བཙན་པོ་མང་སྲོང་གིས་གློ་བུར་རྟ་ཁ་བསྒག་ཚེ།
ཕོ་བྲང་དང་བཅས་སྐྱིད་ཤོད་ཧྲིལ་པོ་མཚོ་དང་མཚེའུར་སྐར་མ་ཤར་ཤར་ཡིན་སྲིད་ལ།
རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་ངང་པ་འདམ་ལ་ཟུག་པ་སྤྱན་གྱིས་གཟིགས་ཡོད་ཚོད།
ཡབ་གཞིས་གཉིས་ཀྱི་ཤུལ་དུ་ལུས་པའི་
ལྷ་ཀླུའི་ལྷ་ལྕམ་ནུབ་ཁའི་ཉི་མར་ལྡེ་བཞིན།
སྡེ་པ་གཞུང་གི་རྩྭ་བརྔའི་འུལ་མི་ཚོའི་ལས་གཞས་ལ་ཉན་ཨེ་ཡོད།
 
ཤོག་ལྡེབས་དེར།
རུ་དར་དང་སེར་སྦྲེང་གི་བཀྲག་རྩི་འགོས་མྱོང་ལ།
རྔ་སིལ་དུང་གླིང་དང་རྟ་མཆོག་གི་འཚེར་སྐད་འཁོར་མྱོང་།
ཤོག་ལྡེབས་དེར།
འབྲི་དང་མཛོ་མོའི་འོ་དྲི་རྫི་རླུང་གིས་ཁྱེར་ཏེ་རྒྱང་ལ་ཡལ་ནས།
ཁྲུང་ཁྲུང་ལྷོ་རུ་བཞུད་ཤུལ་དུ།
ཧམ་པའི་སྦྱག་མ་འཚུབ་ཅིང་དུས་ཀྱི་ཁ་དུག་ཕོག་མྱོང་།
 
གླེགས་བམ་གཅིག་གི་ཕྱི་ནང་བཟོ་བཀོད་ལས་ཀྱང་
ཤེས་རིག་གི་རྐང་རྗེས་དཔལ་ཡོན་གྱི་ཁྱིམ་ལ་གཏུག་ཆོག་པ་ཇི་བཞིན།
རླུང་གིས་ཟད་ཀྱིན་པའི་ཤོག་གྱར་དེའི་གྲུ་ག་གང་རུང་ནས་
ལས་ཀྱི་དར་རྒུད་མཐོང་ཡོང་སྟེ།
འཐོར་གྱར་ཕྱིན་པའི་གླེགས་བམ་དེའི་གདོང་དར་ཡིན་དགོས་པའི་ཁྱོད།
ན་འདམ་ལག་མཐིལ་ཙམ་ལ་བལྟས་ཏེ་ཡིད་སེམས་སྨྲེང་ཆོག་ཆོག་མ་ཡིན་ནམ།
 
གྲོང་ཁྱེར་གྱིས་རི་རྩར་དེད་འདུག་པའི་ཁྱོད།
སྔར་བཞིན་གྲོང་ཁྱེར་གྱི་བརླན་ཐིགས་དང་ལྗང་ཐིག་ཙམ་སྟེ།
གླེགས་ཐག་ཆད་པའི་པོ་ཏི་ཞིག་གི་ཤོག་གྱར་འདྲ་ལ།
ཤོག་ལྡེབས་ཀྱི་ལྷག་མའི་ལྷག་མ་དག
སྐུ་དྲག་ཅིག་གིས་བོར་བའི་སྒེར་ཐེའུ་ངོས་ཀྱི་རི་མོ་དང་ཡང་འདྲ།
 
ལྷ་ཀླུའི་འདམ་ར།
ཨར་འདམ་གྱི་རྩིག་པའི་ཡང་སྟེང་ནས་ཐོལ་གྱིས་བལྟས་ཚེ།
གང་ཞིག་ནས་རྫི་གླུ་གྲག་མི་ཡོང་ངམ་དྲན་གྱི་འདུག
 

ཕྱི་ལོ་༢༠༡༥ཟླ་༤ཚེས་༢༥ ཉིན་ལྷ་ཀླུའི་འདམ་རའི་ཉེ་འཁྲིས་ཀྱི་སྐུ་ལྷ་དར་མདུང་དུ་འབོད་པའི་ཐོག་ཁང་ཞིག་གི་ཡང་རྩེའི་ཇ་ཁང་དུ་བྲིས།

IMG_0091.JPG


     ༤: རྫོང་རྒྱབ་ཀླུ་ཁང་།

རྟ་ལམ་སྒོར་མོའི་སྒང་གི ། སྒེར་གཡོག་སྤུ་ཕྲུག་ལུང་སྦྱར།།
སོག་ཞྭ་སྔས་ལ་བརྒྱབ་ནས།། གཉིད་ལམ་ག་རེ་བཏང་བྱུང་།།

                ____དམངས་གཞས་ལས།

ཕོ་བྲང་གི་མདུན་ན་སྐོར་ལམ་ཕྲ་མོ་ལུས་ཡོད།
སྐོར་ལམ་དེད་ནས་ཕྱིན་ན་ལྟར་སྣང་གི་རྫོང་རྒྱབ་ལུས་ཡོད།
རྫོང་རྒྱབ་ཀླུ་ཁང་ལུས་ཡོད།
 
ལྗོན་ཤིང་ཁ་ཤས་ལུས་ཡོད། ལོ་ན་བགྲེས་པའི་
རྡོ་ཁང་རྙིང་པ་རེ་གཉིས་ཀྱང་ལུས་ཡོད།
རྟ་ལམ་གོང་ཞོལ་ནས་བབས་ཡོང་བའི་ཕྱོགས་འགྲུལ་བཞིན།
ཉ་དང་ངང་ངུར་གྱི་ཁྱུ་ཚོ་བཅོས་པའི་རྫིང་བུར་འཁོར་ཡོད།
རྫོང་རྒྱབ་ཀླུ་ཁང་ལུས་ཡོད།
 
ཕོ་བྲང་མདུན་གྱི་བྲག་ལྷ་ནེའུ་ཐང་ལྟར།
རྫོང་རྒྱབ་ནས་ཀྱང་ཟློས་གར་སྣ་ཚོགས་འཁྲབ་ཆོག
རྨོ་ལགས་ཚོས་ཕྱུ་པ་བརྫེས་ཏེ་ལུས་རྩལ་སྦྱང་ཆོག
བྱིས་པ་རྣམས་རྩེད་མོར་གཡེང་ཆོག
བྱིས་པའི་ཁྲོད་ཀྱི་ང་ཡང་རྡོ་ལེབ་གང་ཞིག་ལ་བསྡད་དེ།
སྙིང་གི་འཁོར་ལོ་ཕོ་བྲང་གི་སྒལ་གཞུང་ལ་བསྙེ་ཆོག
 
རྫོང་རྒྱབ་ནས་བལྟས་ཀྱང་།
རྡོ་བས་བཞེངས་པའི་ཕོ་བྲང་དེ་བྲག་རིའི་རྩེ་ལ་སྐྱེས་པ་འདྲ།
བྲག་ལྡེབས་གང་ཞིག་ནས་ཤེའུ་དཀར་པོ་ཞིག་མཆོང་མི་ཡོང་ངམ་སྙམ་པ་འདུག
མིག་ཟུང་ཀེམ་ཀེམ་གྱིས་རྨ་ཁ་གང་ཞིག་བལྡག་མི་ཡོང་ངམ་དྲན་འོང་གི་འདུག
 
རྫོང་རྒྱབ་ཀླུ་ཁང་ན། འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་གླུ་སྐད་ལུས་ཡོད།
རྫོང་རྒྱབ་ཀླུ་ཁང་ན། རྒྱལ་དབང་ཚང་དབྱངས་རྒྱ་མཚོའི་རྨི་ལམ་ལུས་ཡོད།
 
དབུས་ལམ་རིང་མོ་ཕྱག་གིས་འཇལ་བའི་བློ་ཁོག་མ་འགྱུར་ན།
སེམས་འགྱུ་བཞིན་དཀྲིག་པའི་བསང་ཁུང་གི་དུ་བ་མ་ཆད་ན།
གསེར་མདོག་གི་འཁོར་ལོ་བརྒྱ་དང་བརྒྱད་པོ་འཁོར་མཚམས་མ་བཞག་ན།
སྲིད་པའི་རྩེ་ཡི་ཤེས་རིག་གི་བཞུར་རྒྱུན་ཆེན་པོ་སུས་འགོག་སྟེ།
ད་དུང་ལུས་ཡོད། ལུས་ཡོད་བསམ་བྱུང་།

ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན་ལྷ་ལྡན་འཇག་གླིང་ཤག་ཏུ་བྲིས།

IMG_8698.JPG


     ༥: ལྷ་སའི་བར་སྐོར།

དབུས་ཀྱི་རི་རྒྱལ་ལྷུན་པོ།། མ་འགྱུར་བརྟན་པོར་བཞུགས་དང་།།
ཉི་མ་ཟླ་བའི་འཁོར་ཕྱོགས།། ནོར་ཡོང་བསམ་པ་མི་འདུག །

            ___ཚངས་མགུར་ལས།

སྐྱིད་ཤོད་འོ་ཐང་གི་སྙིང་ཁར་བྲིས་པའི་སྲིད་པའི་འཁོར་ལོ།
འཁོར་ལོའི་རྩིབས་མ་རེ་ལ་ལྷ་མི་མཉམ་གཤིབ་གནང་མྱོང་།
འཁོར་ལོའི་རྩིབས་མ་རེ་ལ་ལྷ་འདྲེའི་འཁུ་ལྡོག་འཁོར་མྱོང་།
ཇོ་བོ་གཅིག་པུ་སེར་ལྷམ་མེར། འཛུམ་དམུལ་ལེར།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ལྟད་མོར་གཟིགས་འདུག
 
ཁ་ཕྱོགས་གཅིག་རང་ལ་འཁོར་ཞིང་འཁོར་བའི་
ས་ཁྱོན་གུས་ཕྱག་གིས་འཇལ་ནས་ཡོང་བའི།
མགོ་བོ་ཐོགས་ཙམ་ནས་ཡིག་དྲུག་ཟློ་བའི་
དད་ལྡན་འཛུམ་དཀར་ཅན་གྱི་བཞུར་རྒྱུན་འདི།
སྲིད་པའི་འཁོར་ལོ་གང་དེའི་འབྲུ་འགྲེལ་ཡིན་ལ་དོན་འགྲེལ་ཡིན།
 
སྐྱིད་ཤོད་འོ་ཐང་གི་སྙིང་ཁར་བྲིས་པའི་སྲིད་པའི་འཁོར་ལོ།
འཁོར་ལོའི་རྩིབས་མ་རེ་རེ་བཞིན་བཏོན་ཡོང་གི་འདུག
རྩིབས་མ་གསར་པ་དག་སྐྱེས་དང་སྐྱེ་བཞིན་འདུག
རྩིག་ཟུར་གང་རུང་ན་ཉལ་བའི་ཁྱི་ཡན་དག་གར་སོང་ཆ་མེད་དུ་གྱུར་འདུག
སྐོར་ལམ་ཇེ་ཡངས་དང་མི་སེམས་ཇེ་དོག་ཏུ་ཕྱིན་འདུག
 
གཟིམ་ཤག་དང་ཁང་རྙིང་ཁ་ཤས་ཉམས་གསོ་གནང་གི་འདུག
སྐུ་དྲག་ཚོའི་གཞིས་ཀའི་ཚོམས་ཆེན་དུ་སྡོད་དུས་སྙིང་རྩ་སྦོས་མྱོང་བའི་
ཡར་ལངས་ཞིང་བྲན་རྣམས་ཀྱང་སྤོ་བཞིན་འདུག
རྩིག་ཞལ་དང་ཁྲ་གླིང་གསར་པར་སྒོ་བྱང་གསར་པ་འགེལ་གྱི་འདུག
 
ལྷ་སའི་བར་སྐོར། གཙང་མ་གཙང་རྐྱང་ཆགས་ཡོང་གི་མ་རེད་དམ།
 

ཕྱི་ལོ་ ༢༠༡༥ ས་ག་ཟླ་བར་ལྷ་སའི་བར་སྐོར་གངས་དཀར་གནས་མཆོག་ཟ་ཁང་གི་སྒང་ནས་བྲིས།

IMG_9427.JPG

  [ཡར་ཀླུང་གི་ལེའུ]ལས།

      འཕྱོངས་རྒྱས།


སྐར་མ་རྩེ་དྲུག་པ་ཞིག་ཟལ་མོ་སྒང་གི་ཕྲག་ནས་ཡལ་སོང་།
ལོ་རྒྱུས་ཀྱི་རུས་པ་ནམ་མཁའི་རྐན་ལ་ཟུག་འདུག
 
རྡོ་རིང་གཞན་དག་དང་འདྲ་བར་བོར་བརླག་ཐེབས་པའི་
འཕྱིང་བ་རྩེ་དྲུག
བང་སོ་བསྔོགས་ཏེ་གཞིས་ཀ་སྟོངས་ཤུལ་ཀྱི་
འཕྱོངས་རྒྱས།
བོད་ཡུལ་ཟལ་མོ་སྒང་གི་བསྡུས་པའི་ས་བཀྲ་ཡིན་ནམ།
 
ལུང་པའི་ཕུ་མདའ་རེ་ན།
ཤེས་རིག་གི་སོར་མོའི་འདུ་བྱེད་གོར་མ་རྡོ་ལ་བབས་འདུག
རྡོ་བར་གྱུར་པའི་སྤེན་པད་དག་གླེགས་བམ་བཞིན་བརྩིགས་འདུག
ལུང་པའི་ཕུ་མདའ་རེ་ན།
འཇོར་ལྕགས་འཁེལ་བའི་ལྡེབས་རིས་དག་ཁ་གཡང་དང་མཉམ་དུ་ལུས་འདུག
བསུབས་ཟིན་པ་དག་ཡང་བསྐྱར་གསུབ་རྒྱུའི་ལས་ཀ་མང་པོ་ཞིག་ལུས་འདུག
 
བལྟས་བལྟས་རིག་རིག་ལ།
གནའ་བོའི་གྲོང་ཚོ་དག་གི་ངོ་གདོང་འགྱུར་གྱི་འདུག
འབག་དཀར་པོའི་ཕ་ཡུལ་གྱི་
འབག་དཀར་པོའི་རྒྱབ་ལོགས་ཀྱི་
བབ་ཆགས་པའི་འཛུམ་ཀོང་དེ་ཚོ་འགྱུར་སྲིད་དམ།
 
ཨར་འདམ་དང་རྣོ་སྐུད་ཀྱི་འཁྲུག་ཆའི་ཁྲོད་ན།
ཨར་གཞས་ཁོ་ནར་བརྡ་རྙིང་ཁ་ཤས་འབྱར་འདུག
 

ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༧ རེས་གཟའ་ཉི་མར་དབུས་ལྷ་ལྡན་འཇག་གླིང་ཤག་ཏུ་བྲིས།

IMG_9278.JPG

 [མགྱོགས་བྲིས]ལས།

གཏེར་ལེན་ཁར་བྲིས་པའི་སྙན་ངག་ཚིག་རྐང་བཅུ་བཞི་མ།

གོམ་པ་གང་རེ་སྤོས་ན་རྡོག་འོག་ནས་རྟ་ཕོའི་རྨིག་སྒྲ་མཆེད་འོང་གི་འདུག
གོམ་པ་གང་རེ་སྤོས་ན་མགོ་ཐོག་ལ་སྡོང་ལོ་སེར་པོ་ཟགས་འོང་གིན་འདུག
 
 
རི་ཚོགས་ཀྱི་སོ་ཁ་ལས་གྲི་མདུང་མདའ་མོའི་བྲག་ཅ་འཁོར་འོང་གི་འདུག
གཙང་ཆུའི་ལྡོག་འོད་ལས་འཇོར་དང་སྦྱག་མའི་སྒྲ་ཡང་གྲག་འོང་གིན་འདུག
རྒྱལ་ཕམ་ཐག་ཆོད་ཟིན་པ་འདྲ་བའི།
དཀའ་སྡུག་བཞུད་ཚར་བ་འདྲ་བའི་
ལྷིང་འཇགས་ཤིག་མྱ་ངམ་ཐང་ཧྲིལ་པོར་བསྐྱིལ་འདུག
 
 
མེས་པོའི་རུས་སོན་ལས་མེ་ཏོག་དཀར་པོ་རྐང་གཅིག་འཛུམ་འོང་གིན་འདུག
ལྗང་ཐིག་སྲུང་བའི་སོ་ནམ་པ་སྐོར་ཞིག་རྒས་ཤིང་འཚར་འོང་གིན་འདུག
བརྩེ་གདུང་གི་ཞིང་ས་གྲུ་བཞིར་སྟོན་མདོག་ཤར་འོང་གིན་འདུག
མི་ལོ་དུ་མའི་རྗེས་སུ་ཅིས་ཀྱང་གོམ་ཁ་བསྒྱུར་དགོས་ས་ཆགས་འོང་གིན་འདུག
 
ཕྱི་མིག་ཀློང་གི་གཏེར་ལེན་ཁ།
མེ་འཁོར་གྱིས་བསྐྱུར་བའི་ས་ཚིགས་ཤིག་དང་འདྲ་ལ།
ཆགས་ས་ཞེན་ཡུལ་གྱི་བུ་མོ་ཞིག་གི་མཛེས་ཀོང་འདྲ།
 

ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༦ རེས་གཟའ་པ་སངས་ཉིན་ལྷ་ལྡན་དུ།

IMG_9443.JPG

             སྤུན་གྲོགས།

___བདག་གི་སྤུན་ཉེ་བཀྲ་ཤིས་རྒྱལ་ལགས་རྗེས་སུ་དྲན་པ།


ཉི་མ་ལྷ་ས་བསྙེགས་དུས་ཀྱང་།
སེམས་པ་ཕོ་བྲང་ལ་ཁེན་བཞག་ཡོད།
ལུས་པོ་ཁྱེད་རང་ལ་བསྙེས་བཞག་ཡོད།
ཡིན་ན་ཡང་། ལས་ཀྱི་ལྷ་བཙན་པོས།
སྙིང་གི་གྲུ་ག་ཞིག་བཀོག་སོང་།
ལུས་ཀྱི་གཞོགས་ཕྱེད་ཅིག་བྲེགས་སོང་།
 
སྐྱིད་སྡུག་མཉམ་མྱོང་གི་ལོ་ཟླ་དེ་ཚོ་ཁ་སང་ལ་རྩིས་སྤྲད་ཟིན།
ཕུགས་བསམ་དང་རྨི་ལམ་ཁ་ཤས་ཀྱང་ལག་མཐིལ་ལ་ཉར་ཚར།
གཅིག་སེམས་གཅིག་ལ་བསྙེས་པའི་དུས་ཚོད་ཀྱིས་གོམ་མཚམས་བཞག་སོང་།
ལྷོད་ལྷོད་ཅིག་སྡོད་པའི་ཁ་དན་དེ་ཡང་འདི་ཕྱིའི་བར་གྱང་གིས་ཆོད་སོང་།
 
 
མགྱོགས་དྲགས་པའི་གོམ་སྟབས་དེས།
བསམ་དབང་དྲན་དབང་མེད་པ་མང་པོ་ཞིག་ཤུལ་དུ་བཞག་སོང་།
བསྡད་ཀྱིན་བསྡད་ཀྱིན་དྲན་སྲིད་པའི་ཁྱོད།
གཡོ་ཟོལ་དང་སྐྱོ་ངལ་མེད་པའི་བདེ་ལམ་ཟིན་པར་ཤོག

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༠ ཉིན་།

IMG_8768.JPG

བསྐལ་པའི་གླུ་སྐད།

___བརྩེ་ལྡན་གངས་ཕྲུག་བདུད་པེ་མཆོག་ལ་རྗེས་དྲན་དུ།

སྐར་ཆེན་དེ། གངས་རིའི་ཕྲག་པ་ནས་འཛུམ་ལ།
སྐར་ཆེན་དེ། གངས་རིའི་ཁོང་གསེང་ལ་ཡལ་སོང་།
 
སྒྱུ་རྩལ་གྱི་འཚོ་བ་བརྩེ་དུང་གིས་བསྐྱངས་ལ།
བརྩེ་དུང་དང་ཚེ་སྲོག་ཀྱང་སྒྱུ་རྩལ་གྱིས་བསྐྱལ།
 
ཆུང་ནས་འགྲོགས་ཤིང་འདྲིས་པའི་ཁྱོད་སྔོན་ལ་བཞུད་སོང་།
བསྐལ་པའི་གླུ་སྐད་དེ་གངས་རིའི་ཁྱོན་ལ་བཞག་སོང་།
གླུ་ངག་གི་འགྱུར་ཁུགས་གངས་ཀྱི་ར་བར་འཁོར་ཞིང་
གླུ་ངག་གི་བྲག་ཅ་བྲག་ལ་སིམ།
 
ཟོལ་བསྟོད་དང་མྱ་ངན་གྱི་འཁྲབ་ཚན་མཇུག་རྫོགས་རྗེས།
གར་སྟེགས་ཀྱི་མིག་ཆུ་རེ་རེ་སོ་སོས་ཁྱེར།
མེ་ཏོག་ཅིག་སྤང་ལས་སྐྱེས་ཤིང་སྤང་ལ་འཐོར་བ་བཞིན།
གངས་ཕྲུག་ཅིག་གླུ་ཡི་ཆེད་དུ་སྐྱེས་ཤིང་གླུ་ཡི་ཀློང་ལ་ཉལ་ཡོད།
 
སྐར་ཆེན་དེ། གངས་རིའི་ཕྲག་པ་ནས་འཛུམ་ལ།
སྐར་ཆེན་དེ། གངས་རིའི་ཁོང་གསེང་ལ་ཡལ་སོང་།
 

ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༧ ཉིན་ལྷ་ལྡན་དུ་བྲིས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།