ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ཚན་པ་བདུན།

2817

18835361_1430003513723811_2031447890_n.jpg

 
 སྐྱིད་ཆུ་མཇལ་བའི་ལས་དབང་གང་ན་ཡོད།

གཏམ་རྒྱུད་ཀྱི་མཛེས་སྡུག
ཁྱེད་ཡིན་ནམ།
ཁ་མི་གྲགས་པས།
འོད་ཀྱི་འཇིག་རྟེན།
ངའི་མིན་པ།
ཇི་ལྟར་ཚོར།

དག་ཞིང་གི་གཟུགས་བརྙན།
ཁྱེད་ཡིན་ནམ།
འཛུམ་མེད་པས།
བརྩེ་དུང་གི་བུ་ལོན།
ངའི་ཡིན་པ།
ཇི་ལྟར་འཇལ།

རྒྱང་རིང་གི་སྨིག་རྒྱུ།
ཁྱེད་ཡིན་ནམ།
ཕྱི་མིག་མེད་པས།
མཇལ་འཛོམས་ཀྱི་ལས་དབང་།
ངའི་ཡིན་མིན།
ཇི་ལྟར་ཞུ།

2016/8/18 –26

18926434_1431093823614780_520412925_o.jpg


    དགུང་སྔོན་ན་འཕུར་བའི་ཁྲུང་ཁྲུང་།

ཉི་འོད་ཀྱི་དྲོད་སྣང་།
ངས་ཡུན་རིང་སྨོན་ན།
ནམ་མཁའ་དང་ས་གཞིའི་བར་ཐག
ག་དུས་འཇལ།

ཁྲུང་ཁྲུང་གི་འཕུར་སྟངས།
ངས་ཡུན་རིང་སྒུག་ན།
དཔྱིད་ཀ་དང་སྟོན་ཁའི་སྣང་བརྙན།
ག་དུས་བཙལ།

ཉི་འོད་བཞུད་པ་ལྟར།
ནམ་མཁའ་སྐྱ་མདོག་ཅིག
ཁྲུང་ཁྲུང་རྨས་པ་བཞིན།
མགྲིན་གླུ་ཟ་ཟི་ཞིག

2016/06/17-20

IMG_0736.JPG


      རྨས་ཕོག་པའི་མི།

ང་ལ་མེད་པའི་ནམ་མཁའ།
ནམ་མཁའ།
ང་ལ་མ་གསང་།
ང་ལ་མེད་པའི་སྤྲིན་པ།
སྤྲིན་པ།
ང་ལ་མ་འདྲི།

ང་ལ་མེད་པའི་ཉི་ཟླ།
ཉི་ཟླ།
ང་ལ་མ་བཤད།

ང་ལ་མེད་པ།
མེད་པ་ཐམས་ཅད།
ཁ་སང་ཞིག
སང་ཉིན་ཞིག
ཡང་ན་གང་ཡིན།

2017/03/23-24

IMG_0747.JPG


   ཉི་ཟླ་དབང་མོ།

		ཁྱོད་ཀྱི་འཛུམ་དམུལ།
ང་ལ་གབ་ན།
ངས་ཁྱོད་རེ་བའི་ལོ་ཟླ།
ག་ཚོད་ཡོད།

ཁྱོད་ཀྱི་ངུ་སྐད།
ང་ལ་འཇབ་ན།
ངས་ཁྱོད་སྒུག་པའི་ཉིན་མཚན།
ག་ཚོད་ཡོད།

ཁྱོད་ཀྱི་གོམ་སྒྲ།
ང་ལ་གསང་ན།
ངས་ཁྱོད་བཙལ་བའི་ཉིན་མཚན།
ག་ཚོད་ཡོད།

ཁྱོད་ཀྱི་གྲིབ་གཟུགས།
ང་ལ་བསྐུར་ན།
ངས་ཁྱོད་དྲན་པའི་རྒྱང་ཐག།
ག་ཚོད་ཡོད།

2017/27–3/02

*སྤྱིར་ན་ཉི་ཟླ་དབང་མོ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཡུམ་ཆེན་གྱི་མིང་ཡིན་ནའང་། ང་རང་ཉིད་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཡིན་འཁང་ར་ཡིན

IMG_6774.JPG


    ཁ་བ་འབབ་སྲིད།


གཤོག་ཟུང་མེད་པའི་ཁྱོད།
གང་ཞིག་ནས་འོང་།
ཡང་ན་རྒྱང་རིང་ནས་འོང་ངམ།
མགྲོན་པོ་ཡིན་པ་བཤད་མ་ཐུབ།
འཁྱམས་པོ་མིན་པ་གསང་མ་ཐུབ།

འབབ་སྟངས་འདྲ་མིན།
ཁ་དོག་མཚུངས་མིན།
མཐོང་སྣང་གཅིག་མིན།
འཁང་ར་མིན་པའི་དགོད་སྟངས་ཤིག
སེམས་ལ་གསོག་བསམ།
དྲན་གདུང་ཡིན་པའི་ངུ་སྟངས་ཤིག
སེམས་ལ་བཅོལ་སྙམ།
ལས་དབང་ལྟ་བུ།
བར་ཐག་ལྟ་བུ།
ངས་རང་ལ་ཕ་ཡུལ་ཟེར་བ།
གང་ན་ཡོད་ཅེས་སློང་།
ངས་གཞན་ལ་ས་མཐའ་ཟེར་བ།
གང་ན་ཡོད་ཅེས་དྲིས།

རྒྱང་རིང་གི་ནམ་མཁའ།
ཡང་ཡང་གཡོ།
རྒྱང་རིང་གི་ས་གཞི།
ཡང་ཡང་འགུལ།
རྒྱང་རིང་གི་ཁྱོད་རང་།
ཡང་ཡང་འདར།
ཨོ རྒྱང་རིང་ནི་ཁ་བ།
ཨ ཁ་བ་ནི་ཕ་ཡུལ།

ལེབ་མོ་ལེབ་མོ།
ཁ་བ་མིན་སྙམ།
ངའི་འཇིག་རྟེན།
ལེབ་མོ ཡང་ལེབ་མོ།
མེ་ཏོག་ཐོར་བསམ།
ཁྱོད་ཀྱི་འཇིག་རྟེན།

2017/3/–/4/8

IMG_6754.JPG


  རྨི་ལམ་ལས་སད་ཚེ།


རྨི་ལམ་ན་སུ་ཡོད།
ལམ་གྱ་གྱུ
ཡུལ་རབ་རིབ།
འོད་ཟ་ཟི།
 
རྨི་ལམ་ནི་ཁྱོད་ཁྱོད།
ཡིག་འབྲུ་ཞིག
རྨི་ལམ་ནི་ང་ང་།
སྐད་ཆ་ཞིག

ངའི་མུན་ནག
ངས་ང་ལ་བཤད་ཆོག
ངའི་འོད་སྣང་།
ངས་ང་ལ་སྨོན་མི་ཆོག

རྨི་ལམ་ན་སུ་ཡོད།
རི་ཐོ་ཐོ།
ཆར་རྐྱང་རྐྱང་།
སེམས་འཁྱག་འཁྱག

རྨི་ལམ་ནི་ང་ང་།
གཞས་ཤིག
རྨི་ལམ་ནི་ཁྱོད་ཁྱོད།
རླུང་ཞིག

ངའི་མི་ཚེ།
ངའི་ཁེར་བཤད།
ངའི་འཇིག་རྟེན།
ངའི་འཁྲེང་ཞེན།

2017/04/21-22

IMG_6738.JPG

 
   ལྷ་མོ་ཟེར་བ།



 ___ (ནམ་མཁའི་ལྷ་མོ)ཞེས་པའི་གླུ་དབྱངས་ལ་ཉན་ཐེངས་དེར།

ལྷ་མོ་ཟེར་བ།
ནམ་ཡང་འཛུམ་དམུལ་ལེར་བཞུགས་སམ།
ངའི་ལས་འདི།
རྒྱང་རིང་ལ་མ་སླེབས།
མེད་པའི་རྒྱང་རིང་།

ལྷ་མོ་ཟེར་བ།
གཏན་དུ་ངུ་མ་མྱོང་ངམ།
ངའི་ཚེ་འདི།
རྒྱང་རིང་ལ་མ་སླེབས།
དྲན་པའི་རྒྱང་རིང་།

ལྷ་མོ་ཟེར་བ།
གསོལ་འདེབས་ཤིག་ཨེ་ཡིན།
མེད་པ་དྲན་པ།
དྲན་པ་མེད་པ།
རྒྱང་རིང་ལ་མ་སླེབས།
ལྷ་མོར་མ་མཇལ།

2017/05/29-06/01

0

One Response to ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་ངག་ཚན་པ་བདུན།

  1. བདག་པོ། ལགས་ཀྱིས:

    སྙན་ངག་འདི་དག་གིས་ངའི་ནང་སེམས་ཀྱི་སྐོམ་གདུང་སེལ་བར་བྱས་སོང་། ཁ་དྲོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།