2017ལོའི་གཅན་མེ་སྟག་གི་གསར་བྲིས་སྙན་ངག་ཆེད་འགོད། (བར་དུམ)

6900

IMG_0120.JPG


         བདག་གི་ཁྱིམ་མཚེས།


བདག་གི་ཁྱིམ་མཚེས་ནི
འབྲོག་ས་ནས་གཞི་སྤར་བྱས་འོང་བའི
འབྲོག་པ་ཕོ་གསར་ཞིག་ཡིན
མདང་དགོང་ཁོའི་ཁྱིམ་ནས
མངའ་རིས་སྒྲ་སྙན་དཀྲོལ་བའི་རོལ་དབྱངས་ཤིག
མཚན་གུང་བར་དུ་གྲགས་འོང་སྟེ
མངའ་རིས་སྒྲ་སྙན་དེ་ལས
ངས་ཀེའུ་དང་བྱ་སྒོང་བསྲེས་པའི
ལོ་གསར་གྱི་ཚོད་མའི་དྲི་མ་ཞིམ་པོ་ཞིག་སྣོམ་འོང་སྟེ
དེ་ནི་ང་རང་ཆེས་ཤིན་ཏུ་དགའ་བའི་ཟ་མ་ཞིག་ཡིན
ངས་རོལ་དབྱངས་དེའི་ཀེའུ་དྲི་ལ་སྣོམ་བཞིན
ཕལ་ཆེར་འབྲོག་པ་ཕོ་གསར་ཁོ་ཡང
ཟས་དེ་ལ་དགའ་བོ་ཡོད་པ་འདྲ་སྙམ།
IMG_0101.JPG


དེ་རིང་གི་སྙན་ངག


ཞོགས་པའི་ཉི་འོད་ནི་དེ་རིང་གི་ཡིན
སྒྲོག་རྩེའི་སྟེང་གི་གོ་རེ་ནི་ཁ་སང་གི་ཡིན
ཀླད་པའི་ནང་གི་དྲན་པ་ནི་ཁེ་ཉིན་གྱི་ཡིན
གནམ་གཤིས་སྔོན་བརྡའི་ནང་ཁ་བ་ནི་སང་ཉིན་གྱི་ཡིན
 

གལ་ཏེ་མཛེས་མ་དེའི་ལུས་པོ་འཁྲུད་ཀྱིན་ཡོད་ན
མོའི་དར་གོས་པང་ནས་བུད་འགྲོ
གལ་ཏེ་དར་གོས་དེས་དར་གོས་འཁྲུད་ཀྱིན་ཡོད་ན
དེ་ན་མཛེས་མ་པང་ནས་བུད་འགྲོ
       

ངས་མཐོང་མི་ཐུབ་པ་དེ
ཇོ་མོ་གླང་མ་ག་ལ་ཡིན
འཇིག་རྟེན་ཧྲིལ་བོ་འདི་ཡང
ངའི་མིག་ལམ་ན་མེད
       

ངས་ནམ་ལངས་རག་བར་འཐུང་སྟེ
འཇིག་རྟེན་གྱི་ནས་ཆང་ཡོངས་སུ་འཐུང་ཚར
ད་ལྟ་ངས་ཉི་མ་ཡི་དམ་བུ་ཁ་ཕྱེ་སྟེ
ཉི་འོད་འཐུང་བཞིན་ཡོད
       
༥ 
གལ་ཏེ  འདས་ཟིན་པ་དེ་མེད་རྒྱུ་ན
ངའི་མི་ཚེ་འདི་ཕྱེད་ཀ་ལས་ཡོད་མི་སྲིད
     

གལ་ཏེ་སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་ན
སྐྱེ་བ་འདིར་ང་ཤི་རྒྱུའི་ཆེད་དུ་འོང་བ་ཡིན
       

མི་ཚེ་འདིར  ངས་ཟོས་པའི་རྩམ་པ་བགྲང་གིས་མི་ལང
རྩམ་པ་དེ་དག་ཆིངས་བུ་རེ་རེ་བཞིན
ངའི་མིད་ཐག་བརྒྱུད་ནས་ཕོ་བའི་ནང་དུ་སོང
དེ་ནས་སྐྱག་ཁུང་བརྒྱུད་ནས་ས་ཁུང་ནང་དུ་སོང
       

ང་ཡོད་ས་འདིར་ད་དུང་ཉ་མོ་རེ་གཉིས་ལྷག་ཡོད
ཁྱོད་ཡོད་ས་དེར་ཆུ་ཐིགས་པ་རེ་གཉིས་ཨེ་ཡོད
       

གལ་ཏེ་ཁྱོད་ཀྱིས་ང་རང་ངོ་ཤེས་འདོད་ན
དེ་ན་མགྱོགས་མྱུར་ངང་ན་ཆུང་གདོང་ལེན་རུ་ཁག་ཏུ་ཤོག
དུས་ལས་ཡོལ་སོང་ན  ན་གཞོན་གདོང་ལེན་རུ་ཁག་ཏུ་ཤོག
དེ་ལས་ཀྱང་ཡོལ་སོང་ན  དེ་ན་བགྲེས་སོང་གདོང་ལེན་རུ་ཁག་ཏུ་ཤོག
IMG_9264.JPG


      ཁྱོད།


དེ་རིང་ཁྱོད་ཀྱིས་ཟི་ཚར་ཁམ་ནག་ཅིག་གྱོན་ཏེ་ཐོན་བྱུང
རྗེས་སུ་ཁྱི་གུ་སེར་རིལ་ཅིག་ཁྲིད་འདུག
གོམ་པ་རིང་ལེན་ཐུང་ལེན་བྱས་ཏེ
སློབ་གྲྭའི་སྒོ་ཆེན་ཁར་ཐོན་རྗེས
གཡས་བལྟ་གཡོན་བལྟ་གང་ཡང་མི་བྱེད་པར
ཐད་ཀར་བདག་གི་མདུན་དུ་ཡོང
དེ་ནས་མིག་གིས་འབུར་ཚུགས་སུ་བལྟས་ཏེ
"མདང་དགོང་ཅིའི་ཕྱིར་མ་ཡོང  གཤོབ་རྐྱལ"ཟེར

ཁྱོད་ང་དང་ཉེ་དྲགས་ཏེ
འུ་གཉིས་ཀྱི་བར་ཐག་ནང་ཁ་རླངས་ཙམ་ཡང་མི་ཤོང
ཁྱོད་ཕྱི་བསྣུར་ཞིག་བྱོས་དང
ངས་ད་སོ་མ་སྒོག་པ་རློན་པ་ཞིག་ཟོས་པ་ཡིན
ངའི་སྒོག་དྲི་དེ་སྒྲེགས་པ་དང་ལྷན་དུ
ཁྱོད་ཀྱི་སྣ་ནང་དུ་འཐུལ་ན
ཁྱོད་ཀྱིས་ཡང་བསྐྱར་ང་ལ
ཅི་ཞིག་ཟེར་རམ

མི་མང་པོ་ཞིག་གིས་ངེད་གཉིས་ལ་ལྟ་བཞིན་འདུག
ང་ངོ་ཚ་གི ངོ་མ་བཤད་ནི
ཁྱོད་ཀྱི་སེམས་ནས་ང་རྩེད་ཆས་ཤིག་ཏུ་བཟུང་འདུག
ན་ནིང་ནས་བཟུང
ཁྱོད་ཀྱིས་ང་རྩེ་ནས་དགོད་དུ་བཅུག
ཁྱོད་ཀྱིས་ང་རྩེ་ནས་ཆད་དུ་བཅུག
ཁྱོད་ཀྱིས་ང་རྩེ་ནས་སྨྱོ་རུ་བཅུག
ཁྱོད་ཀྱིས་ང་རྩེ་ནས་ན་རུ་བཅུག
ཁྱོད་ཀྱིས་ང་རྩེ་ནས་རྨས་སུ་བཅུག

ད་ཅི་བྱེད་དགོས
དེ་ན་ངའང་ཁྱོད་ཀྱི་ཁྱི་གུ་སེར་རིལ་དང་འདྲ་བར
ཉིན་མཚན་ཀུན་ཏུ་ཁྱོད་ཀྱི་རྗེས་སུ་རྒྱུགས་དགོས་པ་རེད་དམ
IMG_9447.JPG


རྒྱལ་བ་ཚངས་དབྱངས་རྒྱ་མཚོས་གསུངས་རྒྱུར།


རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ང་ལ
"གལ་ཏེ་ཁྱོད་ཀྱིས་ཀྱང་སྙན་ངག་འབྲི་རྒྱུ་ཟེར་ན
དེ་ན་ཁྲུང་ཁྲུང་ངེས་པར་དུ་འབྲི་དགོས
འཕུར་བ་ཡང་ངེས་པར་དུ་འབྲི་དགོས
ཁྱོད་ཀྱིས་ཁྲུང་ཁྲུང་དང་འཕུར་བ་གཉིས་ཀ་བྲིས་ཚར་ན
དེ་དུས་ཁྱོད་ལའང་སྒྲོ་གཤོག་ཆ་གཅིག་སྐྱེས་ཏེ
ཁྱོད་རང་འགྲོ་འདོད་པའི་ལི་ཐང་ལ་འཕུར་ཆོག"ཅེས་གསུང
IMG_9435.JPG


རི་མོ་ཞིག་ལས་མངོན་པའི་འཚོ་བ།


གཉིད་མ་སད་ཀྱི་ངང་དུ
ངས་རི་མོ་ཞིག་བྲིས

རི་མོ་དེའི་ངོས་སུ་འདི་འདྲ་ཞིག་མངོན་ཏེ
བྱ་ཞིག་གི་གཤོག་པའི་སྟེང་ལ
བྱ་ཞིག་བབས་འདུག
བྱ་དེ་ཡི་གཤོག་པའི་སྟེང་དུའང
བྱ་གཞན་ཞིག་བབས་འདུག

རྡོ་ལ་རྡོ་བརྩིགས་པ་ཇི་བཞིན

གཤོག་པའི་སྟེང་གི་བྱ
གཤོག་པའི་སྟེང་གི་བྱ
གཤོག་པའི་སྟེང་གི་བྱ

ཆེས་འོག་རིམ་གྱི་བྱ་དེ
མིག་གི་སྐྱི་པགས་རྙིད་འདུག
གདོང་གི་ལང་ཚོ་རྒས་འདུག

བསེར་བུ་ཆུང་ཆུང་ཞིག་ལྡངས་བ་ཙམ་གྱིས
བྱ་དེའི་སྒྲོ་སྤུ་སག་སིག་ཏུ་ལྷུང་བཞིན་འདུག
གུག་པའི་རྐང་བ་སིག་སིག་ཏུ་འདར་བཞིན་འདུག

བལྟས་ཀྱིན་བལྟས་ཀྱིན
ངས་བྱ་དེ་ནི་བྱ་ཡི་རྨོ་མོ་ཡིན་ནམ
ཡང་ན་བྱ་ཡི་ཨ་མ་ཡིན་པ
ར་སྤྲོད་བྱེད་ཤེས་ཀྱི་མི་འདུག
IMG_0118.JPG


དགོངས་པ་མ་ཚོམ། ངས་ཁྱོད་ལ་བཟུང་བའི་ལྟ་སྟངས་ནོར་སོང་།


དགོངས་པ་མ་ཚོམ
ངས་ཁྱོད་ལ་བཟུང་བའི་ལྟ་སྟངས་ནོར་འདུག

ཁྱོད་ནི་ངས་མཐོང་བའི་མི་སྤྱིར་བཏང་བ་དེ་མ་རེད
བལྟས་ཚོད་ཀྱིས་བབ་ཆགས་ཤིག་རེད་སྙམ་པའི
ངོ་གདོང་དེའི་ཕག་ན
ཁྱོད་ལ་ཡང་འཚབ་འཚུབ་ཀྱི  ཟོག་གསོབ་ཀྱི
ན་ཟུག་གི   ཕྲག་དོག་གི་སེམས་དེ་ཡོད་འདུག

ཁྱོད་རང་མཚན་གུང་གཉིད་ལས་སད་རྒྱུར་ཧ་ཅང་སྐྲག
དེ་ནི་ཁྱོད་རང་ཁེར་རྐྱང་གིས
ཁྱོད་རང་གི་མདུན་དུ་སྡོད་རྒྱུར་སྐྲག་པ་སྟེ
བཀྲེས་ལྟོགས་ཀྱི་གཅན་གཟན་ཞིག་གིས
རང་གི་གཟུགས་བརྙན་ཆུ་ནང་དུ་ཤར་བ་མཐོང་དུས
ངུ་སྒྲ་འབྱིན་པ་དང
གློར་འགྲོགས་བྱེད་པ་དང
ཧ་ལས་པ་དང
ཡི་མུག་པ་དང
སྐད་ཆུང་ངུས་སྨེ་སྔགས་འདོན་པ་དང་འདྲ་བར
ཁྱོད་རང་རེ་ཐག་གཏིང་ནས་ཆད་ཚེ
ད་གཟོད
ཕྱིར་རྨི་ལམ་གྱི་སྒམ་ཆུང་དེར་འཛུལ་འདོད་གྱིན་ཡོད

ལོ་འདི་དག་ལ
ཁྱོད་ཀྱིས་བར་སྣང་དུ་མིང་གི་མཁར་རྫོང་དང
ཚིག་གི་ཕོ་བྲང་བཞེངས་ཏེ
ཚགས་མའི་ནང་དུ་ཆུ་ལེན་པ་བཞིན
རང་གི་སྙན་གྲགས་ཁོ་ན་བསམ་གྱིན་ཡོད

ཡིན་ནའང
ཐེངས་རེ་རེ་བཞིན
ཁྱོད་རང་ཆོས་བརྒྱད་ཀྱི་གཡང་ལས་སྐྱོབ་མཁན་དེ
ཤཀྱ་ཐུབ་པ་མ་རེད
ཡེ་ཤུ་མ་ཤུ་ཀའང་མ་རེད
དེ་ནི་ཁྱོད་ཀྱི་སྒྱིད་ལུག་དང་སྡར་མའི་རང་གཤིས་དང
ད་དུང་འཇིག་རྟེན་འདིར་བཅིངས་བའི་ཧམ་སེམས་དང

ད་དུང་ཁྱོད་ཀྱིས་རང་གི་ཉེ་མི་ཚོར་བཟུང་བའི
ཞེན་ཆགས་དང་འགྱོད་གདུང་དེ་དག་རེད
IMG_0088.JPG


ང་ལ་དགོས་པའང་དེ་རེད།


མི་ལོ་བཞི་བཅུ་ལྷག་གི་བཀའ་སྡུག་བརྒྱུད་ནས
ངས་ད་གཟོད
ང་རང་ཉིད་ནི་སྙིང་བོ་མེད་པའི་མི་ཞིག་ཡིན་པ
ར་འཕྲོད་སོང
ངས་ཉོ་མཁན་མེད་པའི་དཔེ་ཆ་འགའ་ཞིག་བཙོངས་སྟེ
ངས་ཀློག་མཁན་མེད་པའི་ཡི་གེ་འགའ་ཞིག་བྲིས་ཏེ
"ང་ལ་དགོས་པའང་དེ་རེད"
ད་གཟོད་ང་འཚར་ལོངས་བྱུང་སྟེ
མེ་ཏོག་མེད་ལ་སིལ་ཏོག་ཀྱང་མ་སྨིན་པའི
ལུས་ཡོངས་ཚེར་མས་ཁེངས་པའི
ཤིང་སྡོང་སྐམ་པོ་ཞིག་ལ་གྱུར་བ་ངོ་འཕྲོད་བྱུང

ངས་ཤེས་ཏེ
ང་ལྟ་བུའི་ཡུག་པོ་ཞིག
ཁྱོད་ཚོ་གྲོ་ལྟ་བུ
ནས་ལྟ་བུ
འབྲས་ལྟ་བུ
བཅུད་ལྡན་གྱི་ཟས་རིགས་ཚོགས་དང
འགྲོགས་ཐབས་ག་ལ་ཡོད

དེ་ཡི་ཕྱིར་ན
ཟ་མཁན་འཐུང་མཁན་སུ་ཡིན་ཀྱང
ཁྱོད་ཚོས་ངའི་སྐམ་ཞིང་གྱོང་བའི་ཤ་འདི་ལ
འགྲམ་ཆུ་མ་ལྡང་རོགས
རྭ་བའི་ནང་བཅུག་པའི་ཟོག་ཅིག་ཡིན་ཚེ
ཁྱོད་ཚོའི་བརྐམ་སྲེད་ཀྱི་ལྟོ་བ་རྒྱགས་ཐབས་ཤིག་ལོས་ཡོང་ཏེ
ལྷག་པར་དུ
ཁྱོད་ཚོ་ནི་ལྕེ་དང་སོ་ཁོ་ནས་ཀྱང
རང་དང་རིགས་མཐུན་པ་དག་ཟ་མཁན་ཡིན་པས་ན

དེ་བས  ང་ཕག་ཚང་ནས་བྲོས་ཏེ
ལུག་རྭ་ནས་མཆོངས་ཏེ
རི་རྩྭ་ཟ་ཞིང་རྫ་ཆུ་འཐུང་སྟེ
ངས་རང་གི་རུས་པ་དང་ཤ་ཁྲག་འདི་དག
ནགས་ཚལ་གྱི་སྟག་དང
སྤང་གི་སེང་གེ་ལ་སྤྲོད་འདོད་པ་ལས
རང་དང་རིགས་མཐུན་གྱི་ཁྱོད་ཅག་ལ
དོན་མེད་དུ་སྟེར་མི་འདོད

དཀོན་མཆོག་གསུམ
ད་ང་རང་འབྲོག་དགོན་ཐང་སྟོང་ཞིག་ནས་ཤི་སྟེ
རུལ་ཟིན་པའི་བེམ་པོ་འདི་དང
རྙིང་ཟིན་པའི་དྲན་པ་འདི་ཡིས
རང་བྱུང་གིས་བཞད་དེ་རང་བྱུང་གིས་རྙིད་པའི
མེ་ཏོག་སེར་ཆེན་ཞིག་བསྐྱངས་ཆོག་པར་ཞུ
"ང་ལ་དགོས་པའང་དེ་རེད"
IMG_0097.JPG


དོན་མེད་དུ་བྲིས་པ།


མགྲོན་ཁང་དུ་འགྲོ་ཁར
ཁེར་རྐྱང་གི་བྱེའུ་ཞིག་ལྕགས་སྡོང་གི་རྩེ་རུ་བབས་པ་མཐོང
ངས་ཁོང་ལ''ཁྱོད་འཕུར་ཅིག''ཅེས་པར
ཁོས''གང་དུ''ཟེར
ངས''ད་ལྟ་རླུང་བུ་འཇགས་མཚམས་རེད
ཁྱོད་ཐག་རིང་དུ་འཕུར་ན་མི་ལེགས་སམ''ཅེས་པར
ཁོས''ང་ལ་ཐག་རིང་མེད''ཟེར
ངས''ཐག་རིང་ན་དབྱར་སྡོང་ཡོད
ལྕང་སྡོང་ཡོད
དེ་ལས་ཀྱང་ཐག་རིང་དུ་འཕུར་ན
མདོག་ནག་པོའི་ལྕགས་ལམ་ཡོད་ཅིང
གྲོང་ཁྱེར་དེའང་གློག་འོད་ཁྲ་ཆིལ་དགུ་ཆིལ་ཡོད''ཅེས་པར
ཁོས''དེ་ལས་ཀྱང་ཐག་རིང་པོར་འཕུར་ན
ངའི་འཕུར་ལམ་ན་གློག་འོད་མི་འདུག''ཟེར
IMG_0112.JPG


ཤི་རྗེས་བཀུར་བ་ཁ་བ་ཅན་པའི་སྲོལ།


དེ་རྗེས   དྭ་ཕྲུག་ཅིག་གིས་མིག་ཕྱེས་ཏེ
མལ་ཁྲི་ཞིག་གི་ཆེ་ཆུང་ལས་མེད་པའི་འཇིག་རྟེན་གླེང་ངེས
དེ་རྗེས  ཁྱི་གུ་ཞིག་རྒྱུགས་འོང་སྟེ
ཁྱོད་ཀྱིས་བཏོགས་ཤུལ་གྱི་རུས་པ་འཚོལ་ངེས
 
དེ་རྗེས སྐར་འོད་ཀྱིས་གཡོགས་པའི་ལྗོན་ཤིང་དེས
མཚན་མོའི་མུན་པ་ཧྲུག་ཧྲུག་འཆའ་ངེས
 
དེ་རྗེས ཁ་ཆར་དཔོག་ཐུབ་པའི་རྟ་ཕོ་དེ
དུས་རབས་ཀྱི་མྱ་ངམ་ཐང་དུ་གྲགས་མེད་དུ་འགྲོ་ངེས
 
དེ་རྗེས མེ་ཏོག་ཅིག མེ་ཏོག་ཆུན་པོ་ཞིག
ཁྱོད་ཀྱི་བང་སོའི་མདུན་དུ་འཇོག་ངེས
 
ཅིའི་ཕྱིར་ཞེ་ན 
ཤི་རྗེས་བཀུར་བ་ཁ་བ་ཅན་པའི་སྲོལ
IMG_0108.JPG


     ཐ་ཚིག

ང་འཇིག་རྟེན་དང་མི་རྩོད
འཇིག་རྟེན་ང་དང་རྩོད་དེ
ང་འདི་ན་མེད
 
ང་རང་བྱུང་ཁམས་ཆེན་པོའི་ཀློང་ན་ཡོད
ང་འཇིག་རྟེན་གྱི་ཆོས་ཉིད་ཟབ་མོའི་ངོགས་ན་ཡོད
ངས་ལག་པ་ཡ་གཅིག
རྟེན་ཅིང་འབྲེལ་འབྱུང་གི་ས་རྡུལ་ཀློང་དུ་བསྲིངས་ཞིང
ལག་པ་ཡ་གཅིག
འཁོར་བ་མཐའ་མེད་ཀྱི་ཆུ་བོའི་དབུས་སུ་བརྐྱངས་ཡོད
 
ཡོད་མེད་ཡིན་མིན་གྱི་མེ་ཕུང་དེ་ཞི་རྗེས
ངའང་འགྲོ་རན
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།