
གཅན་མེ་སྟག་ལ་སྡིགས་པ།
__ཐོ་རེངས།
ཁེར་སྡོད་ལ་དགའ་བའི་ཁྱེད
མི་ཚེ་གང་བོར་སྦུག་ཁང་ཞིག་ཏུ་འཛུལ་བསྡད
འཁོར་བའི་རྩེད་ཆས་ཀྱིས་འུར་ཟིང་འདྲུད་འོང་ནའང
དབེན་སིམ་གྱི་ཁྱེད གཙང་བོ་ཞིག་དང་འདྲ
ལོ་དུ་མའི་རྗེས་སུ
ང་གཅིག་པུ་ཁྱེད་ཀྱི་ཁ་གཏད་དུ་ཙོག་ནས
ཆང་གིས་ལྟེམས་པའི་ཕོར་བ་རྫོགས་མེད་ཅིག་བཏེགས་མྱོང
ཉམ་ང་བའི་འཚོ་བ་དེ་མུན་པའི་ཚལ་དུ་བཞུར་བ་དྲན
ཁ་སང་དེ་རིང
ཁྱེད་ཀྱི་སྐྲ་ལོ་རིང་བོ་ཞིག་ཨུ་ཚུགས་ཀྱིས་བཞག་ཡོད་ནའང
བརྩེ་དུང་གི་བཟི་ཁས་བཏགས་པའི་མི་དང་གྱེས
སྦུག་ཚང་ཁ་སྦུབས་དེ་ཡང་གཞན་གྱིས་འཁྱེར་ཟིན
རྒོད་པོ་འཕུར་བའི་རྗེས་ལ་ཤུལ་མེད་པ་ནང་བཞིན
འཆི་ཁའི་དུས་སུ་བསླེབས་ནའང
དགུང་སྔོན་པོ་གནམ་འཕང་གཅོད་དགོས་བས
ཨ་རྒྱ་ལོ་ལོ ད་ནི་མར་བབས་ནས་བྲག་ཐེམ་མ་སྲུང
ཁྱེད་རང་སོང་རྗེས
ཁྱེད་ཀྱི་དོན་ལྔ་སྣོད་དྲུག
ཆང་དྲིས་བངས་ནས་བྱ་རྒོད་ཀྱིས་ཀྱང་ཁ་རུ་མི་ལེན་ཚེ
ང་ཚོས་ཁྱེད་འཁུར་ནས་རོང་བའི་ཞིང་བར་ཞིག་ཏུ་སྦས་རྗེས
ཆང་དང་སྙན་ངག་གི་གསོལ་སྟོན་ཞིག་བཤམས་ན
ཁྱེད་ཀྱིས་སྐྱེ་བ་འདིའི་བདེ་སྐྱིད་དང
དཔྱིད་ཀ་མཐོང་སོང་བ་མིན་ནམ།
2016/9/2

གཅན་མེ་སྟག་ལ་སྤྱོ་བ།
__རེ་རྐང་གླིང་།
ཁྱོད་ཀྱི་ངོ་གདོང་ནི་ས་འགུལ་ཏེ
མགོ་ལ་འཆི་བའི་སྨུག་སྤྲིན་འཐིབ་ཅིང
མིག་ལ་རྐྱེན་ངན་གྱི་གློག་དམར་འཁྱུག
མཛེ་ནད་ཀྱི་རྨ་ཤུ་དང འབྲས་སྐྲན་གྱི་རྨ་ཁུང
ཡོད་ཚད་ཀྱི་ཡོད་ཚད ཤ་དང་མཆིན་པའི་བར
གློ་བ་དང་ཕོ་བའི་བར་སྲིབ་དག་ན་སྡིག་རྭ་བཞིན་འགུལ
ཁྱོད་སོང་སའི་ལམ་བུ་དག་འབུ་ནག་གིས་ཁེངས་ཤིང
བསྡད་སའི་ཁང་བ་དག་ལ་མྱ་ངན་གྱི་མེ་ལྕེ་མཆེད
ཁྱོད་ཀྱི་ཁེར་རྐྱང་གིས་འཇིག་རྟེན་གྱི་སྤང་ལྗོངས་བསྲེགས་ཤིང
ཕྲག་དོག་གི་ཁ་རླངས་ཀྱིས་མེ་ཏོག་དག་བསྐམས་པར་བཟོས
བུད་མེད་ཀྱི་མྱོས་བུམ་ངོས་ལ
དཀྱིལ་འཁོར་གྱི་ལྷ་ཚོགས་བྲི་ཞིང
ལག་པ་པདྨོ་རུ་བསྒྱུར་ཏེ
གཞན་གྱི་རྨི་ལམ་ལ་ཚོན་གཏོང་ཤེས་པའི་ཉེས་ཅན་ཁྱོད
ཁྲམ་པ གཅན་མེ་སྟག
ཇག་པ གཅན་མེ་སྟག
སྨྱོན་པ གཅན་མེ་སྟག
ཟོག་པོ གཅན་མེ་སྟག
་་་་་་་་་་ ་་་་་་་་་་་་་་་་་་

གཅན་མེ་སྟག་ལ་འཕྱ་བ།
—རོང་བོ་དགེ་འདུན་ལྷུན་གྲུབ།
གོམ་འགྲོས་འཁྱོར
སྐྲ་ལོ་བསེད
མིག་གཉིས་ཀོང་བུར་གྱུར
ལམ་སྣེ་ནས་ཚུར་འཁོར
རྟ་རྣམས་འདྲོགས
ལམ་སྣེ་ནས་ཕར་འཁོར
མི་ཚོགས་དངངས
གོམ་པ་སྤོ་བཞིན
ལག་པས་མགོ་ལ་རེག
སྐྲ་ལོ་དག་གིས་འཛིངས
སྐབས་དེར་ཁྱེད་རང་འདར
མིག་རིག་རིག་གིས
མེ་ལོང་ལ་བལྟས
གྲོག་མ་ཞིག་ལས་ཅི་ཡང་མ་མཐོང
གྲོག་མར་ལྟ་བཞིན
ཁྱེད་ཀྱིས་རང་ཉིད་བཙལ

གཅན་མེ་སྟག་ལ་སྡིགས་པ།
—གཅན་རང་སད།
བརྡ་སྤྲོད་ཀྱི་བྱེའུ་མདའ་བཀོལ་ཤེས་པ་ནས་བཟུང
རྨ་འགྲམ་གྱི་ཚལ་གསེང་ནས་འཇབ་སྟེ
ཚིག་གྲུབ་ཀྱི་ཆུ་རྡེའུ་རེ་རེས
བྱེའུ་ཆུང་གྲངས་མེད་ཀྱི་རྨི་ལམ་དཀྲོགས་སྐད
མེ་ལོང་མའི་དཔེར་བརྗོད་ཀྱི་ས་མཚམས་མི་སྲུང་བའི་གཏེ་བོ་ཁྱོད
དེ་དུས་ནས
སྒྲིག་སྲོལ་གྱི་འཆིང་རྒྱས་མ་ཁོགས་པའི
བསྟན་བཤིག་རེད ལྟས་ངན་རེད།
ཚིགས་བཅད་ཀྱི་རྭ་གཞུ་ཅུང་འགུཊ་ཤེས་ཙམ་ནས
ཁྱོད་རི་བོ་ཉི་ཟླའི་བང་རིམ་བརྒལ་ཞིང
ཚོར་བའི་མདེའུ་རྩེ་རྣོ་ཞིང
འཆར་ཡན་གྱི་ཟུར་སྒྲོ་དོད་པའི
སྙན་ངག་གི་ཉག་ཕྲན་དུ་མས
ཤ་ཡུ་མོ་རྒུན་འབུ་འཐུ་འཐུ་བྱས་ཟེར
ལྷོ་རུ་བཞུད་པའི་ཆུ་འཛིན་གྱི་མགོ་རྔ་གང་རུང་ནས
སྲོལ་རྒྱུན་གྱི་ལྕགས་རི་བརྒལ་བའི
མ་རབས་ཁྱོད པྲ་ཚག་ཁྱོད།
མྱ་ངམ་ཐང་དང་སྡིག་པའི་མེ་ཏོག་ལ
གྲོགས་འབྲེལ་བྱུང་བ་ནས
ཁྱོད་རང་ཀུན་སྤྱོད་ཀྱི་རྩ་ཁྲིམས་ལ་ངོ་ལོག་སྟེ
སྒྱུ་རྩལ་གྱི་གཏོར་བཤིག་གི་ལམ་སྣེ་བཟུང
རྨ་ཆེན་སྦོམ་རའི་ཕྲག་ཟུར་ནས
བྱ་རྒོད་དང་ས་ཆེན་གྱི་པགས་ནད་རྙེད་ཅིང
ང་ཚོ་སྤྲིན་བཞིན་འཕྱོ་བའི་གནས་ལུཊ་ཀྱི་གསང་བ་རྟོགས་པས
ཁྱི་རོ་དང་ལུག་མགོ་སྐམ་པོའི་ཡིད་བརྙན་གྱི་ནགས་ཚལ་བརྒྱུད་མཐར
མཐའ་མེད་པའི་ཁེར་རྐྱང་དང་རང་སེམས་ཀྱི་གནམ་འོག་མྱུལ་མགོ་བརྩམས
ཆུང་མ་དང་ཁྱིམ་ཚང་མི་དགོས་པའི་བསམ་མེད
སྙན་ངག་གི་མེ་མདག་རུམ་པའི་རྒྱལ་སྲས
ཆང་འཐུང དུ་འཐེན རྐྱལ་སྟོང མྱི་ཆག••••••

ཝ་ཡེ ། འདྲེ་རྒན །
—— གཅན་མེ་སྟག་ལ་སྡིགས་པ།
—— གུ་རུ་དོན་གྲུབ།
ཝ་ཡེ འདྲེ་རྒན
ཁྱོད་ཀྱིས་ཐ་སྙད་ཀྱི་ལྷུ་ཚིགས་ཕྲལ་ཕྲལ་དུ་གཏོར་ནས་ཅི་བྱེད
ཐ་སྙད་དེ་དག་གིས་ཁྱོད་ཀྱི་སྐལ་ཟོས་པ་ཡིན་ནམ
ཁྱོད་ཀྱིས་དབྱངས་ཀྱི་རྒྱུད་སྐུད་དམ་དུམ་དུ་གཏུབ་ནས་ཅི་བྱེད
དབྱངས་ཀྱི་འགྱུར་བག་གིས་ཁྱོད་ཀྱི་བླ་བརྡུངས་བ་ཡིན་ནམ
ཁྱོད་ཀྱིས་ནམ་ཡང་ཐ་སྙད་ཀྱི་གསེང་ན་ཅི་ཞིག་མ་རྙེད་པར་ཡོད
ཁྱོད་ཀྱིས་ནམ་ཡང་དབྱངས་ཀྱི་འགྱུར་ཁུག་བར་ན་ཅི་ཞིག་བློས་མ་ཐོང་བར་ཡོད
འདྲེ་རྒན
ཁྱོས་ང་ཚོ་ལ་བསླུ་བྲིད་གཏོང་བཞིན་འདུག
ཁྱོད་ཀྱིས་དཀྲོལ་བའི་པི་ཝང་ལ་སྒྲ་མི་འདུག
ཁྱོད་ཀྱིས་བླངས་བའི་གཞས་ལ་དབྱངས་རྟ་མི་འདུག
སྒྲ་དང་དབྱངས་མི་དགོས་པའི་ཚིག་དེ་སུས་བརྩམས་པ་རེད
ཝ་ཡེ འདྲེ་རྒན་ལགས
ཁྱོད་རང་ཕར་སོང་ན་རྐང་རྗེས་མེད་དོན་ཅི
ཁྱོད་ཀྱི་འཁྲབ་སྟོན་ལ་གཟུགས་རིས་མེད་དོན་ཅི
ཁྱོད་ངོ་མ་འདྲེ་གསོན་པོ་ཞིག་རེད་ཨང
རེད་ལགས ཁྱོད་རང་འདྲེ་ཡིན་པ་ངས་སྔ་མོ་ནས་ཤེས་ཡོད
འདྲེ་ཡིས་འདྲེ་སྐད་ཁོ་ན་ངག་ལ་ཟློ་བས
འདྲེ་སྐད་ལ་ཚིག་དང་དབྱངས་མི་དགོས
ཚིག་དང་དབྱངས་ཀྱིས་འཁྲོལ་མི་དགོས་པའི་ངག་དེ་ནི
འདྲེ་སྐད་རྣལ་མའོ
ཝ་ཡེ འདྲེ་རྒན་ལགས
མི་ཡུལ་ན་དེ་འདྲའི་འདྲེ་སྐད་སྨྲ་མཁན་ཤིན་ཏུ་ཉུང་བས
ཁྱོད་ཀྱིས་མུ་མཐུད་དུ་དེ་འདྲའི་འདྲེ་སྐད་གསུང་རོགས་ཞུ
ང་ལ་ཆེས་མཁོ་བ་ནི་འདྲེ་སྐད་དོ
ཚིག་དང་དབྱངས་མེད་པའི་འདྲེ་སྐད་རྡབ་རྡིབ་དེའོ
ཝ་ཡེ འདྲེ་རྒན་ལགས
༢༠༡༦-༨-༣༠

སྙན་ངག་པའི་སྟོན་ཀ
—སྙན་ངག་པ་གཅན་མེ་སྟག་ལ་བྲིས།
—སྒྲེན་པོ།
ཝེ སྙན་ངག་པ
ཁྱེད་ཀྱིས་དབྱར་གྱི་ལྗོན་ཤིང་དང
སྟོན་ཀྱི་འབྲུ་རིགས་ལ་བསྟོད་གླུ་ཕུལ་ཅིག
ལྗོན་པས་དགུན་གྱི་འཁྱགས་ཤི་བརྒྱུད་མྱོང་བ་བཞིན
འབྲུ་རིགས་ཚང་མ་ལའང་སྐྱེ་འཆིའི་སྡུག་བསྔལ་ལོས་ལྕི
བྱ་རྒོད་ཀྱི་གཤོག་པ
ཅིའི་ཕྱིར་ལྗིད་མོ་མིན་སོང་བ་རེད
བྱ་རྒོད་ཀྱི་ལུས་པོས
ཅིའི་ཕྱིར་རང་ཉིད་ངལ་བཞིན་པ་མ་ཚོར་བ་རེད
ནམ་ཟླ་སྟོན་མགོ་ཚུགས་དུས
བྱ་རྒོད
འཇིག་རྟེན་གྱི་ཉིན་སྲིབ་གཉིས་ན
སྤྲིན་བཞིན་འཕྱོ
སྤྲིན་བཞིན་འཕྱོ

གཅན་མེ་སྟག་ལ་སྡིགས་པ།
——བདའ་ཚང་སྙེམས་གྲོལ།
གདོང་པ་ཉི་འོད་ལ་ཕྱོགས་ཏེ་ད་དུང་ཉི་འོད་དྲན་མཁན་དེ་སུ་རེད
ཉི་འོད་ཀྱི་ཁྲོད་དུ་གྲིབ་མ་ཡང་མི་ཤར་བ་ཞིག་ཡོད་པ་དེ་ཡང་སུ་རེད
དབྱར་དགུན་སྟོན་དཔྱིད་ཀུན་ཏུ་ཆམ་པ་ཕོག་ཡོད་མཁན་དེ་སུ་རེད
སྐྲ་རིང་པོ་ལྟག་ཀར་ཤད་ཀྱིན་དབྱངས་ཅན་མར་ཁ་བཙོག་བཤད་མཁན་དེ་ཡང་སུ་རེད
རྨ་རྒྱལ་སྤོམ་རའི་དབུ་རྩེ་ནས་ཀུ་ཞིག་བཏབ་སྟེ་རླུང་གཡུག་ཏུ་འཇུག་མཁན་དེ་སུ་རེད
རླུང་ནང་ན་ཕ་བོང་ཞིག་དང་འདྲ་བར་རྒས་རྒྱུ་མེད་པར་ལངས་ཡོད་མཁན་དེ་ཡང་སུ་རེད
ལྷ་སར་འགྲོ་བའི་ལམ་ཁ་ནས་གཅིན་པ་གཏོང་མཁན་དེ་སུ་རེད
གཅིན་པའི་ནང་གི་ཤག་སྒྲ་དེ་སྙན་ངག་ཡིན་ཞེས་ང་རྒྱལ་ཚད་མཁན་དེ་ཡང་སུ་རེད
ཞྭ་མོ་སྣ་ཚོགས་གོན་ནས་མེ་ལོང་དུ་ལྟ་མཁན་དེ་སུ་རེད
མེ་ལོང་དུ་ཤར་བའི་རང་ཉིད་སྨིག་རྒྱུའི་གྲོང་ཁྱེར་ཞིག་ཏུ་འཁྲུལ་མཁན་དེ་ཡང་སུ་རེད
དུ་བ་སྔོ་བྲེང་ངེ་སྣ་ཁུང་ལས་ཕྱིར་འདོན་མཁན་དེ་སུ་རེད
ཆང་གིས་བད་ཚེ་སྙན་ངག་བྲིས་ཡོང་མཁན་དེ་ཡང་སུ་རེད

ཨ་ཤུ་རེ་ཁོ།
——གཅན་མེ་སྟག་ལ་སྡིགས་པ།
— མར་ཁུ་རྒྱལ་མཚན།
ཁྱོད་རང་རྒ་མ་རན་གོང་ལ
ཁྱོད་ཀྱི་དུང་སོ་སུམ་ཅུ་ཐམ་པ་བོ་ས་ལ་འཐོར་འདུག
ཁྱོད་རང་འཆི་མ་རན་གོང་ལ
ཁྱོད་ཀྱིས་རང་ཉིད་ཀྱི་སྐེ་ལ་ལྕེབས་ཐག་ཅིག་སྔར་ནས་བསྐོན་ཚར་འདུག
ད་ལྟ ཁྱོད་ཀྱིས
རང་ཉིད་ལ་སྐད་སྙན་མོ་ཞིག་ཡོད་མདོག་གིས.
གླུ་གཞས་སྙན་མོ་ཞིག་ཤུགས་ཀྱིས་གཏོང་བཞིན་ཡོད་ནའང
ཁྱོད་ཀྱི་དུང་སོ་སུམ་ཅུ་ཐམ་པ་བོ་ས་ལ་འཐོར་འདུག
ཁྱོད་ཀྱིས་རང་ཉིད་ཀྱི་སྐེ་ལ་ལྕེབས་ཐག་ཅིག་སྔར་ནས་བསྐོན་ཚར་འདུག

གཅན་མེ་སྟག་ལ་སྡིགས་པ།
——རྫ་སྐྱེས་ཕུར་བ།
ཚིག་རྒྱན་ཁྲོད་ཀྱི་མེ་ཏོག་དག།
དཀར་དམར་མང་དུ་གསོ་མཁས་ཤིང་།།
ཚམ་ཚོམ་མེད་པར་ཡིད་བརྙན་གྱི།།
ཕྱེ་ལེབ་དག་ཀྱང་གསོད་ནུས་པའི།།
མིའུ་ཐུང་འཕྲུལ་གྱི་དཔུང་ཤེད་ཅན།།
དུས་ཀྱི་བ་གམ་གང་དུ་བདོག།
བརྡ་ཡི་གླེགས་བམ་སྔོན་པོ་ཞིག།
ལས་ཀྱི་སྐལ་དུ་འཕོས་པ་ནས།།
སྒྱུ་འཕྲུལ་མིག་གི་ཕྱག་རྒྱ་ཡིས།།
སྟོང་བའི་འཚམས་སྤྲིན་སྒུལ་མཁན་ཁྱོད།།
སྐབས་རེར་ཐ་སྙད་བརྩེགས་མའི་ཕོན།།
ཆུ་ཤེལ་མདངས་སུ་ཡང་ཡང་འཁྱུག།
ལན་རེར་བརྡ་ཡི་ཆང་ཕོར་ཞིག།
བཀྱགས་ཏེ་དབྱངས་ཅན་བཟོ་བོ་བྱ།།
ན་བུན་གསེབ་ཀྱི་ཡོན་པོ་བྲག།
སྨུག་སྤྲིན་གཟུང་བའི་རྨ་རྒྱལ་གངས།།
ཚེ་རབས་སྟོང་གི་འཕྲུལ་སྣང་གིས།།
ཁྱོད་ལ་ཤར་བའི་གླུ་ཡིན་ནམ།།
2016/9/4/