
ཉན་པ།
སྡོང་བོས་སྡོང་བོ་ལ་ཉན་ཡོད
བྱེའུས་བྱེའུ་ལ་ཉན་ཡོད
མུན་ནག་གི་སྒེའུ་ཁུང་ལ་ལྕགས་ཀྱི་ལྷན་པ་བརྒྱབ་ནའང
གྱང་ལྡེབས་ལ་རྣ་བ་སྦྱོར་མཁན་ཞིག་ཡོད་པ་ཤེས་སུ་ཆུགས

གྲིབ་མ་མེད་པའི་མི།
ཉེ་སར་བཅར་དྲགས་ན་རྫི་མའི་མདེའུ་མཐོང་ཐུབ་ལ
འགྲམ་པ་གླན་དྲགས་ན་རྣ་བ་ཧྲོག་གེར་འགུལ་བའང་ཚོར་ཐུབ
ཁྱོད་ཀྱིས་ཁྱོད་རང་ཧི་མ་ལ་ཡའི་དབུལ་ཕོངས་དང་ཉེ་ཞིང
ངས་ང་རང་ངག་རྒྱུན་ཁྲོད་ཀྱི་སེང་གེ་དེ་དང་ཉེ་རབ་བཤད
གནས་འདི་ནས ཅི་ཡང་མ་ལྷག་པའི་ངེད་གཉིས
བར་སྣང་དུ་བྱེའུ་ཆུང་ཞིག་འཕུར་བ་ལ་ཧ་ལས་མདོག་བྱེད
རི་རྒྱབ་ཏུ་འབྲུག་སྒྲ་ཞིག་གྲགས་པ་ལའང་སྙིང་ན་མདོག་བྱེད
མ་གཞིར ཁྱོད་དང་ང་གཉིས་ནི་རུས་རྐང་གི་ལྷུ་ཚིགས་མེད་པའི་སྤུན་གཉིས་ཏེ
འཇིག་རྟེན་དུ་གྲིབ་མ་མེད་པའི་གཟུགས་ཕུང་གཉིས་རེད
ཁེར་རྐྱང་གི་ཉིན་དང་མཚན་ལ
ཁྱོད་དང་ང་གཉིས
རྡུལ་དྲེག་ཙམ་ཡང་འགོས་མེད་པའི་མེ་ལོང་ཞིག་གི་ཁ་གཏད་དུ
བརླན་བཤེར་ཙམ་ཡང་གཟུང་མེད་པའི་མིག་ཟུང་དག་གི་ཁ་གཏད་དུ
གཅེར་བུར་བསྡད་དེ གྲིབ་མ་མེད་པར་བསྡད་དེ
དྲོད་འཇམ་གྱིས་ཁ་རླངས་གསོན་པོས་ཀྱང་གཡོ་མི་སྲིད་པའི
ལུས་ཀྱི་སྤུ་ཉག་རེ་རེའི་ཁོང་གསེང་དུ་ཉུལ་དུས
རུས་པའི་ནང་རིམ་ན་བླ་ཡི་ཐོ་ཐེམ་མེད་ཅིང
དབུགས་ཀྱི་དཀྱིལ་འཁོར་ན་ཚེ་ཡི་འཕེན་པ་བྲལ་ལ
སྐྲ་ལོའི་གཞུང་རྐང་ན་སྲོག་གི་རྒྱུན་ཐག་མེད་པ་ཤེས་མ་ནུས
སྐྱེ་བའི་གྲིབ་མ་འཆི་བ་དང་། བདེ་བའི་གྲིབ་མ་སྡུག་བསྔལ་ཡིན་པའང་ཤེས་མ་ནུས
ཡུན་རིང་གི་རེ་སྒུགས་ཁྲོད
རྨ་ཆེན་གངས་ཀྱི་ཐེམ་པ་གང་ཞིག་ན
ངེད་གཉིས་ཀྱི་སེམས་ངལ་གསོ་ནུས་པའི
སྤྲུལ་བའི་བྱ་ཆེན་གང་ཞིག་ཡོད་པར་རློམ་ཞིང
སྐབས་དང་སྐབས་སུ
དེ་ཉིད་དྲག་རླུང་བཞིན་ལྡིང་བའི་གཤོག་སྒྲ་དང
ཆར་སྤྲིན་བཞིན་འཁྲིགས་པའི་སྡེར་འོད་དག
ཉི་ཟེར་ཁོང་གསེང་གི་གྲིབ་སོ་ནག་པོ་ཇི་བཞིན
ངེད་གཉིས་ཀྱི་རྨི་ལམ་ཕར་ངོགས་ནས་འོད་ཆེམ་མེར་འཁྱུག་པ
བག་ལ་ཉལ་བའི་སེམས་ཉིད་ཀྱིས་ཚོར་ཐུབ་ཟེར
སྨག་ནག་གི་ཁང་མིག་འདིར
ཁྱོད་དང་ང་གཉིས་ཀྱི་གདོང་ལ་གདོང་ཕྱོགས་ཏེ
ཨུ་ཚུགས་ཀྱིས་སྡོད་སྐབས
གནས་འདིའི་ནམ་མཁའ་རུ
མེ་ལྟར་ཚ་བའི་ཉི་འོད་མེད་པ་ཚོར
སོང་ས་བསྡད་ས་རུ ལྕི་བའི་མེ་ཕུང་དེ་ཆེས་ཆེར་སྦར་ནའང
ལུས་རྒྱབ་ཏུ་གྲིབ་མ་མེད་པའི་ངེད་གཉིས
གྲིབ་མའི་ཁུགས་སོ་རུ་སྐུང་བའི་བྱི་ལོང་དག་དང་འདྲ་བར
བླ་མའི་མཇལ་རྟེན་དུ་འཁུར་བའི་མགོ་བོ་འདི
རྨོངས་རྟུལ་འདི
རྩྭ་མགོ་ཤིང་སྣེ་རུ་འཕྱན་པའི་བལ་རྩིད་ཇི་བཞིན
མཐའ་མཇུག་གི་གནས་མལ་སྟོང་བའི་ལམ་འཕྲང་དུ་གཡེང་དགོས་པ
ཅིས་ཀྱང་ཤེས་མི་འདུག་ཨང