གཅན་མེ་སྟག་གི2017ལོའི་གསར་བྲིས་སྙན་ངག་ཚན་པ་དགུ།

819

16237662_1299981003392730_678157208_n.jpg

              རྙིད།

                              གྲོགས་མོ་ཞིག་གི་གཉེན་སྟོན་ལ་བྲིས་པ།

ཟླ་བཞི་བའི་མེ་ཏོག

ཟླ་བརྒྱད་པར་རྙིད་སོང་།

ཟླ་བརྒྱད་པའི་མེ་ཏོག

ཟླ་བཅུ་བར་རྙིད་སོང་།

ཟླ་བཅུ་བའི་མེ་ཏོག

ཟླ་བཅུ་གཅིག་པར་རྙིད་སོང་།

ཁྱོད་ཀྱི་མེ་ཏོག

དོ་དགོང་རྙིད་ངེས།

15801499_1277691592288338_651890824_n.jpg

       ཉིན་གསུམ་གྱི་འོད་སྣང་།

ལོང་བ་ཞིག་ན་རེ

གལ་ཏེ་ང་ལ་ཉིན་གསུམ་གྱི་འོད་སྣང་བྱིན་ཚེ

ངས་མཚན་གུང་གི་སྨྲེ་སྔགས་དེར་ཐེངས་གཅིག་ཉན་དགོས

ལག་པའི་མཛུབ་བར་ནས་མེ་ལྕེ་བཞིན་བཞུར་འགྲོ་བའི

བྱེ་ཟེགས་དེས

ང་ལ་ཚ་སྲེག་གི་བྲོ་བ་རྫོགས་མེད་ཅིག་བྱིན་སོང

འོན་པ་ཞིག་ན་རེ

གལ་ཏེ་ང་ལ་ཉིན་གསུམ་གྱི་རྣ་ཤེས་བྱིན་ཚེ

ངས་མཚན་གུང་གི་སྨྲེ་སྔགས་དེར་ཐེངས་གཅིག་ཉན་དགོས

སེམས་ཀྱི་གཏིང་རིམ་ལ་མདའ་བཞིན་ཟུག་འགྲོ་བའི

སྨྲེ་སྔགས་དེས

ང་ལ་ཁེར་རྐྱང་གི་འཇིགས་དངངས་གྲངས་མེད་ཅིག་བྱིན་མྱོང

ལྐུགས་པ་ཞིག་ན་རེ

གལ་ཏེ་ང་ལ་ཉིན་གསུམ་གྱི་སྐད་སྒྲ་བྱིན་ཚེ

ངས་ཁྱོད་ཀྱི་རྣ་ལམ་དུ་ཨག་འབོད་ཐེངས་གཅིག་བྱེད་དགོས

ཡུན་རིང་ལ་རྡོ་བ་ལྟར་དབུགས་འཐུམས་སྟེ་སྡོད་པའི

ན་ཟུག་དེས

ང་ལ་ཚེ་སྲོག་གི་ཡིད་ཆད་སྔར་མེད་ཅིག་བྱིན་མྱོང

aitwilllond.jpg

                རང་རང་སོ་སོ།

ང་ཚོས་རང་རང་གི་ཇ་ཕོར་ལག་ཏུ་བཟུང་སྟེ

ང་ཚོས་རང་རང་གི་ཇ་ནག་འཐུང་བཞིན

ང་ཚོས་ཕན་ཚུན་ལ་འཛུམ་མདངས་དང་བཅས

མགོ་བོ་ལྡེམ་ཙམ་བྱས་ཏེ

ཧ་ཅང་ཞི་དུལ་ཡིན་པའི་ཚུགས་ཀ་བསྟན

ང་ཚོས་རང་རང་གི་སེམས་དོན་རང་རང་གིས་བརྗོད་བཞིན

ང་ཚོས་རང་རང་གི་མཛུབ་གུ་རང་རང་གིས་བརྩི་བཞིན

ང་ཚོས་རང་རང་གི་བསམ་འཆར་བཤད་རྗེས

ང་ཚོས་རང་རང་གི་བསམ་འཆར་ཕྱིར་ཁྱེར་ཏེ་འགྲོ

སྒོ་ཕྱིར་བུད་རྗེས

ང་ཚོས་ཕན་ཚུན་ལ་ལག་འཇུ་བྱས་ཏེ

རང་རང་གི་མིག་གིས་རང་རང་གི་ལག་པར་བལྟ་བཞིན

གལ་ཏེ་ཁྱོད་སྔོན་ལ་ཆས་ན

ངས་ལག་པ་གཡུག་བཞིན

༼ སླར་མཇལ་བར་ཤོག་༽ཅེས་སྨྲ་ཞིང

ང་སྔོན་ལ་ཆས་ན

ཁྱོད་ཀྱིས་ལག་པ་གཡུག་བཞིན

ག་ལེར་ཕེབས་ཞེས་བཤད་ངེས

ང་ཚོ་རང་རང་གི་ཕྱོགས་དེར་དམིགས་ནས

སོ་སོས་རྩྭ་ཞྭ་རེ་མགོ་ལ་གྱོན་ཏེ

ཉི་མ་ཚ་བ་འམ   ཆར་བ་འབབ་པ་གང་ཡིན་རུང

ང་ཚོ་རང་རང་སོ་སོའི་གནས་དེར

བྲོས་པ་ལྟར་བུད་འགྲོ

DSCN0002painting snow.jpg

         འཕྲིན་ཐུང་ཞིག

མགྲོན་ཁང་འདི་ནས  སེམས་འཚབ་ཀི

དེ་རིང   གནམ་གཤིས་མི་བཟང་གི

བརྙན་འཕྲིན་མི་ཡག་གི

སྙན་ངག་རབ་ཏུ་གཙོག

ཐོ་རེངས་ཤར་ནའང   ད་དུང་མུན་ནག་རེད

དོར་ཐུང་གྱོན་ཏེ  གཙང་སྤྱོད་དུ་སོང

ཕྱིར་མལ་ཁྲིའི་སྟེང་བུད་དེ

ཆང་གི་དམ་བུ་དེ་ལག་ཏུ་འཛིན་དུས

གལ་ཏེ་འཇིག་རྟེན་ཧྲིལ་བོ་འདིར

ང་གཅིག་པུ་ལས་མེེད་ན

ཞི་པིས་འེར་བཞིན་དུ

ཤེལ་དམ་ཞིག་ཏུ་ལྕེབས་དགོས་སམ་སྙམ

ཁང་བ་འདི་ཆེ་ཆེ་ན་མི་བཟང་གི

མཚན་མོར་རྨི་ལམ་མང་མང་ན་མི་བཟང་གི

ཕྱི་རོལ་གྱི་གནམ་གཤིས་གྲང་གྲང་ན་མི་བཟང་གི

མི་རྐྱང་དུ་འདུག་ཡུན་རིང་རིང་ན་མི་བཟང་གི

“པོ་ལེའར་སྙན་ངག་གཅེས་བསྡུས”ཟེར་བ་འདི་མི་བཟང་གི

མགྲོན་ཁང་འདི

སྡོང་བོ་ཆེན་པོ་ཞིག་གི་འོག་ཏུ་ཡོད

སྡོང་བོ་འདི    ཧ་ཅང་ཆེ

ཞོགས་པར་མིག་ཕྱེས་དང་མ་ཕྱེས་གཅིག་རེད

ཡལ་གའི་སྟེང་ན

ལོ་མ་གཅིག་ཀྱང་མི་འདུག

བྱེའུ་གཅིག་ཀྱང་མི་འདུག

མུན་རུབ་པའི་དུས་སུ

ངའི་སྒོ་རྡུང་མཁན་དེ

ཁྱོད་མིན་པར་སྨོན

IMG_0792.JPG

           ཨོ། མ་ཤེས།

གནམ་སྔོན་པོ་ཨེ་རེད    མ་ཤེས

རླུང་ལྡང་གིན་ཡོད་དམ   མ་ཤེས

ཙག་ཨེ་ཆེ་གི    མ་ཤེས

ཁངས་མཐུག་གམ    མ་ཤེས

རྡོ་དེ་བཀད་སོང་ངམ    མ་ཤེས

སྡོང་ཕྲུག་དེ་སྐམ་སོང་ངམ    མ་ཤེས

བྱེའུ་དེ་འཕུར་སོང་ངམ    མ་ཤེས

སྒོ་འགྲམ་དུ་དར་ཆགས་ཡོད་དམ    མ་ཤེས

ཁྱི་རྒན་ནག་ལྡང་རྒས་ཡོད་དམ    མ་ཤེས

ཆུང་མ་ད་ལྟ་ཕྱི་རོལ་དུ་འཁྱམས་བཞིན་མེད་དམ   མ་ཤེས

ཁྱོད་ཀྱིས་ཟུར་བསྟེན་སྙིང་སྡུག་བཙལ་བཞིན་མེད་དམ   མ་ཤེས

རྒྱུ་འབྲས་ཨེ་ཤེས    མ་ཤེས

སྙན་ངག་འབྲི་བཞིན་ཡོད་དམ    མ་ཤེས

སྐྲ་རིང་བོ་བཞག་ཡོད་དམ     མ་ཤེས

ཁྱོད་ཀྱིས་ཅི་ཞིག་ཤེས་སམ     མ་ཤེས

བུ་རམ་ཤེས་སམ    མ་ཤེས

འོ་ཇ་ཤེས་སོང་ངམ    མ་ཤེས

སྐྱག་པ་ཨེ་ཤེས    མ་ཤེས

ཨ་བ་ཨ་མ་ཨེ་ཤེས      མ་ཤེས

ཨོ་དཀོན་མཆོག་ཡ

མ་ཤེས  མ་ཤེས མ་ཤེས

PortadaSolo Estoy Soñando.jpg

                བདེ་སྐྱིད་རེད་འདུག

ཞོགས་པར་ལམ་དུ་ཆས་པ་ནས

ལམ་འགྲམ་གྱི་ལྗོན་པའི་སྟེང་ལ

གཡང་ཊི་ལྟ་བུའི་ཁ་བ་མཐུག་པོ་ཞིག་ཆགས་འདུག

བྱེའུ་ཆུང་གི་སྐད་སྒྲ་མེད་ནའང

ལམ་དུ་འགྲོ་དུས

དཀར་ལམ་ལམ   སེམས་པ་སྐྱིད་པོ་ཞིག་རེད་འདུག

ཞོགས་པ་འདི་ཕ་ཡུལ་གྱི་ཞོགས་པ་མིན་ནའང

ཕ་ཡུལ་དུ་ལོག་པའི་ལམ་ཁ་རུ་ཤར་ཞིང

ཟིལ་ཐིགས་དང་ཆབ་རོམ་གྱིས་བཏེགས་པའི

ཞོགས་པ་ཞིག་རེད་བསམས་ན

ལམ་དུ་འགྲོ་དུས

གྲང་བསིལ་བསིལ  ལུས་པོ་བདེ་མོ་ཞིག་རེད་འདུག

ཕ་ཡུལ་དུ་ལོག་ཞོར

ཁྱོད་གང་དུ་ཡོད་མེད་མི་ཤེས་མོད

ཁྱོད་ད་དུང་འཇིག་རྟེན་འདིར་ཡོད་དོ་བསམ་ན

ཁྱོད་ཀྱི་ངོ་གདོང་མིག་ལ་ཤར་བ་ལྟ་བུ

ཁྱོད་ཀྱི་སྐད་སྒྲ་རྣ་བར་ཐོས་པ་ལྟ་བུར

དྲོད་ལྷང་ལྷང  ཡིད་འདི་དྲོན་པོ་ཞིག་རེད་འདུག

འཇིག་རྟེན་འདིར་སྡུག་བསྔལ་ཧ་ཅང་མང་སྟེ

ལོ་འདི་དག་ལ

ངའང་ཐོབ་ཤོར་གྱི་སྡུག་བསྔལ་མང་དག་གིས་མནན་མྱོང་མོད

སྡུག་བསྔལ་དེ་དག་ལས་བདེ་བ་ཅིག་རྙེད་པ་ནི

ཁྱོད་སྟེ

ང་ལ་ད་དུང་ཁྱོད་ཡོད་དོ་བསམས་ན

ངའི་མི་ཚེ་འདི་སྔར་བཞིན་བདེ་སྐྱིད་རེད་འདུག

IMG_0789.JPG

           ཆུ་ཁོལ་ཤེལ་ཕོར་གང་།

ངས་ཁྱེད་ལ་ཆུ་ཁོལ་ཤེལ་ཕོར་གང་བླུགས་ཏེ

ཁྱེད་ཀྱི་མདུན་ཅོག་སྟེང་བཞག་ཡོད་པ་དེ་རེད

དེ་མིན   ད་ཅི་ཞིག་བྱེད་དགོས

ངས་མེ་ཏོག་ཡོངས་འཛིན་གྱི་འདབ་མ་རེ་གཉིས་བཏོགས་འོང་སྟེ

ཁྱེད་ལ་མེ་ཏོག་དྭངས་ཇའི་མགུ་ཉམས་ཤིག་བཟོ་དགོས་སམ

ཡང་ན  ངས་ཇ་ཤིང་དཀར་པོའི་ལོ་མ་རེ་གཉིས་བཏོགས་འོང་སྟེ

ཁྱོད་ལ་རྒྱ་ཇ་དམར་པོའི་མངར་བྲོ་ཞིག་བཟོ་དགོས

ཆོག་ཤེས་བསྟེན་པར་བྱ་སྟེ

ངས་སྦྲང་ཐལ་ཤི་རོ་ཞིག་ཆུ་ཁོལ་ནང་འཕངས་ཏེ

ཁྱོད་རང་སྐྱུགས་མེར་ལངས་བ་ཞིག་མ་བཟོས་གོང་ལ

དལ་མོའི་ངང   ཕུ་འདེབས་ཞོར་དུ

ཆུ་ཁོལ་ཚ་མོ་ཞིག་འཐུང་ན

མི་ལེགས་སམ

25XH000A.jpg

             དེའི་སྐབས་སུ།

དེའི་སྐབས་སུ

ཟླ་བ་ཧ་ཅང་དཀར་ཏེ

ཆུ་ཤེལ་གྱིས་བཟོས་པའི་སྡེར་མ་ཞིག་དང་འདྲ་བར

ས་སྲོད་ཀྱི་གྱང་སྡེབས་སུ་བཀལ་ཡོད

དེའི་སྐབས་སུ

གཅན་གཟན་དང་མཆེ་བ་དེ་དག་ཧ་ཅང་གཉོམ་སྟེ

ནགས་ཚལ་དང་སྤང་ཐང་སྲུང་བཞིན

ཕན་ཚུན་ལ་མཛའ་མཐུན་གྱིས་འཚོ

དེའི་སྐབས་སུ

ནམ་མཁའ་རུ་གཡུ་འབྲུག་དང་ཁྱུང་ཆེན་རྩེ་ཞིང

སྙན་ངག་པ་ཚོས་མིག་ཆུ་བཞུར་གྱིན

འཇིག་རྟེན་གྱི་ཤོག་བུ་ཡོད་ཚད་དུ་བརྩེ་དུང་བྲིས

དེའི་སྐབས་སུ

ས་གཞི་རུ་རྩྭ་རྐང་གཅིག་ལས་མེད་དེ

ལོ་རྒྱུས་ཀྱི་ཐིག་ཕྲེང་བར་དུ

རྩེ་དང་ཡལ་ག་མ་འཛིངས་བའི་གཏམ་རྒྱུད་བཞག

དེའི་སྐབས་སུ

བརྡར་རྡོ་མེད་ནའང

རལ་གྲི་ཡི་རྣོ་དབལ་རླུང་ལྟར་མྱུར་ཞིང

ལག་མཐིལ་དུ་རྟ་རྒྱུགས་ཆོག་པའི་དཔའ་ངར་ཡོད

དེའི་སྐབས་སུ

བགྲོད་ལམ་རིང་བོ་མེད་ནའང

ཚེ་གཅིག་གི་བདེ་སྐྱིད་འགྲུབ་པའི་དུས་ཡུན་ལོངས་ཤིང

དུས་བཞི་ཡི་མཚམས་ཚིགས་མི་ནོར་བའི་རྫོགས་ལྡན་ཤར་ཡོད

Shadow_Fiction.jpg

           རླུང་གི་རྗེས་སུ་ཡལ་སོང་།

དགོང་ཚོགས་འདི་ངོ་མ་སྐྱིད་པོ་ཞིག་རེད

འཁྲབ་སྟོན་བྱས་པའང་ངོ་མ་ལེགས་པོ་རེད

ང་རང་སའི་གོ་ལ་ཟེར་བའི

ཕ་བོང་འཁྱག་པོ་འདིའི་སྟེང་དུ་བསྡད་ནས

རྒྱ་ཆེ་ཤིང་ཁོད་ཡངས་བའི

སྟོང་གསུམ་གྱི་སྟོང་ཆེན་པོའི

གར་སྟེགས་འདི་ལ་བལྟ་བཞིན

རང་དབང་མེད་པར་ཐལ་མོ་རྡེབ

མི་འཇེད་འཇིག་རྟེན་གྱི

མཚན་མོའི་འཁྲབ་ཁང་འདི་རུ

ཝ་དང་སེང་གེ་ལྟ་བུའི་མི་དང

སྲོག་ཆགས་བགྲང་གིས་མི་ལངས་ནའང

ཡོད་ཚད་རླུང་གི་དཀྱིལ་འཁོར་ནས་ཡལ་ཏེ

ཁ་དོག་མེད་པའི་རྡུལ་གྱི་ཕུང་བོ་རེ་རེར་གྱུར

ཕུང་བོ་དེ་དག་གི་ཁྲོད་ནས

ངས་ཧ་ཅང་སྤྲོ་ཉམས་ཀྱིས

ཐལ་མོ་རྡེབ་ཀྱིན་ཡོད་ནའང

ཐལ་མོའི་སྒྲ་དེ་ཆུང་ཞིང་ཆུང་བར་གྱུར་ཏེ

སྔས་འགྲམ་གྱི་ཁྱོད་གཅིག་པུས་མ་གཏོགས་ཐོས་མ་བྱུང

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།