2016ལོའི་གཅན་མེ་སྟག་གིས་གསར་དུ་བྲིས་པའི་སྙན་ངག་ཁག་བརྒྱད།

556

IMG_1539.JPG

                    ཕྱི་གཙང་ནང་གཙང་།


ཞོགས་པའི་ཉི་འོད་དེ་གསལ་ཐིང་ཐིང་གིས་ནང་དུ་བསུ་ཆེད

མཚན་གང་བོར   ངས་སྒེའུ་ཁུང་ཕྱིས

མིག་ཤེལ་ཕྱིས   མིག་ཕྱིས

བྲང་ཁ་ཕྱིས   འཕོངས་ཕྱིས

བརླ་ངོ་ཕྱིས   xཕྱིས

རྐང་བ་ཕྱིས  སེན་མོ་ཕྱིས

ངས་ཧ་ཅང་གཟབ་ན་གྱིས་ཕྱིས་ཏེ

སྒེའུ་ཁུང་ལ་ཤེལ་མེད་པ་ལྟར་བཟོས

མིག་ཤེལ་ལ་མཐའ་ཤན་མེད་པ་ལྟར་བཟོས

མིག་ལ་མིག་འབྲས་མེད་པ་ལྟར་བཟོས

བྲང་ཁོག་ན་གློ་སྙིང་མེད་པ་ལྟར་བཟོས

འཕོངས་ལ་རུས་པ་མེད་པ་ལྟར་བཟོས

བརླ་ངོ་ན་གཡའ་ཆུ་མེད་པ་ལྟར་བཟོས

xལ་རླིག་སྒོང་མེད་པ་ལྟར་བཟོས

རྐང་བ་ལ་སྦ་ཚིགས་མེད་པ་ལྟར་བཟོས

སེན་མོ་ལ་རྣོ་མེད་པ་ལྟར་བཟོས

ད་ནི    བློ་བདེ་བག་ཕེབས་ཀྱིས

འབོལ་ཁྲིའི་སྟེང་གཞོགས་ཕྱེད་ཀྱིས་ཉལ་ཏེ

ཁང་བའི་ནང་འཚང་ཁ་ཤིག་ཤིག་གིས་འོང་བའི

ཞོགས་པའི་ཉི་འོད་ལ་རོལ་བཞིན

མིག་ཞར་བའི་སྦྲང་ཐ་གླེན་པ་འདི་དག

སྒེའུ་ཁུང་གི་ཤེལ་ངོར་བརྡབས་པའི་སྨེ་སྔགས་དང

འཁུན་སྒྲ་དེ་དག་ལ་མྱོང་རོལ་བྱས་ཆོག་ཨང

IMG_6812.JPG

        དགུན་ཁ།     

དགུན་ཁ་ཁ་བ་མ་རེད

མཐོ་ས་ནས་ཁ་བར་སྒུགས་པའི

སྐྱོ་མདོག་གི་སྤྲིན་ཕུང་མ་རེད

གནས་འདི་རུ

དགུན་ཁ་རྡོ་བའི་སྟེང་ཆགས་ཡོད

ལེ་དབར་ལྔ་བརྒྱའི་གཡས་གཡོན་དུ

དགུན་ཁ་རྡོ་བ་ལྟར་བཞད་ཡོད

བྱེ་བ་དུང་ཕྱུར་གྱི་རྡོ་བ

འདི་ཕྱོགས་ནས་དེ་ཕྱོགས་སུ་འགྲོ་བཞིན་ཡོད

རྡོ་བ་རེ་རེས་དགུན་ཁ་རེ་རེ་འཁུར་ཡོད

དགུན་ཁ་རེ་རེས་རྡོ་བ་ལས་ཀྱང་འཁྱག་པའི་

བགྲེས་པོ་རེ་རེ་འཁུར་ཡོད

བྱེ་བ་དུང་ཕྱུར་གྱི་ཁ་བའི་འདབ་མ་འཛིན་པའི

བགྲེས་པོ་དེ

ལྷགས་རླུང་ལྡང་བ་ཙམ་ལ་གློ་ལུ་བྱེད་ཅིང

གངས་འཚུབ་ལངས་མ་ཐག་ཏུ་འདར་སིག་བྱེད

འདི་ད་གཟོད་དགུན་ཁ་རེད

དགུན་ཁ་ནི་མེ་ཐབ་ཀྱི་ཉེ་སར་བསྲིངས་བའི

ལག་པ་དེ་མ་རེད

དགུན་ཁ་ནི་ལུས་ཕུང་གི་ཉེ་སར་བཙུགས་པའི

དྲོད་རླངས་དེ་མ་རེད

IMG_6908.JPG

                 འབར་ཁམས།   

སང་ལོ་ཞིག་ལ་ང་འབར་ཁམས་སུ་འགྲོ་རྒྱུ།

འབར་ཁམས་ནས།

ངས་ལྕང་མའི་གསེབ་ཀྱི་ཆུ་བོ་དེར་བལྟ་རྒྱུ།

ངས་ཉར་བའི་ཚགས་ཤོག་ཅིག་གི་སྟེང་དུ།

ངས་འབར་ཁམས་ཀྱི་ལམ་ཡིག་དང་མགྲོན་ཁང་གི་མིང་བྱང་ཡོད་ཚད་བྲིས་ཡོད།

གལ་ཏེ་དོན་དག་གཞན་ཞིག་མ་བྱུང་ན།

སང་ལོའི་སྟོན་ཀར་ང་གནས་དེ་ལ་ཐོན་ངེས།

དེ་དུས་ང་རྐང་རྗེན་དུ་བུད་ནས།

ཆུ་འགྲམ་གྱི་སྡོང་ལོ་དང་བྱེ་ཟེགས་དེ་དག་ལ།

ཅག་ཅག་ཐེངས་གཅིག་བྱེད་རྒྱུ།

དེ་མ་ཟད། ངས་སྡོང་བོ་ཆུང་ཆུང་ཞིག་བཙལ་ནས།

དེའི་སྟེང་ལ་ཁྱོད་ཀྱི་མིང་ཡིག་བརྐོ་རྒྱུ།

ངས་ནམ་རྒྱུན་ཁྱོད་རང་གླེང་བཞིན་པ་ཁྱོད་ཀྱིས་ཤེས་ནའང་།

ངས་འབར་ཁམས་ཤིག་ནས།

ཁྱོད་ཀྱི་མིང་ཡིག་སྡོང་ཕྲན་ཞིག་ཏུ་བརྐོ་སྲིད་པ།

སེམས་ལའང་མ་དྲན་པ

IMG_1542.JPG

             ཁུར་བོ།  

ཁོ་མོ་གཉིད་སོང

ད་ལྟ   ངས་ལོ་མང་རིང་འཁུར་བའི

བརྩེ་དུང་འདི་གང་དུ་འཇོག

ཁོ་མོའི་འཇམ་ནེམ་གྱི་བྲང་ཁའམ

དཀར་ཟླུམ་བརླ་བར་རམ

བདེ་སྐྱིད་ཀྱི་རྨི་ལམ་མམ

འདོད་སྲེད་ཀྱི་ནང་རོལ་ལམ

གཡོ་རྒྱུ་ཡི་བར་གསེང་ངམ

ཡང་ན་ཁོ་མོའི་མི་ཤེས་པའི

གྲུ་ལོགས་གང་རུང་ཞིག་ཏུ་བཞག་ཆོག་གམ

ཀྱེ་མ  བདག་ལ་སུན་སྣང་སྟེར་བའི་མི་འདི

ད་དུང་འཛུམ་མདངས་དང་བཅས

བདེ་སྐྱིད་དང་བཅས

ཧུར་ཧུར་དུ་གཉིད་ཚུལ་ལ་ལྟོས་དང

མི་གཞན་ཞིག་གི་ཕྲག་ན

ཁོ་མོས་བཀལ་བའི་བརྩེ་དུང་གི་ཁུར་བོ་ཞིག་ཡོད་པ

རྩ་བ་ནས་དྲན་གྱི་མི་འདུག

IMG_1530.JPG

       ཁེར་རྐྱང་།

ཇི་འདྲའི་སུན་པ་ལ་ཨང

ང་གཅིག་པུ་མི་ཡུལ་ནས་འགྲོ་དུས

ངའི་རྒྱབ་ཏུ་བསྐྱུར་བ་ནི

མིག་གཞན་དག་གིས་མཐོང་མ་མྱོང་བ་དང

རྣ་བ་གཞན་དག་གིས་ཐོས་མ་མྱོང་བ་དང

མཆུ་སྒྲོས་གཞན་དག་གིས་གླེང་མ་མྱོང་ཏག་ཏག་ཡིན

         སེམས་ཤི་སོང་ན།

ནམ་ཉི་མ་ཞིག་ལ

ངའི་སེམས་འདི་ཤི་སྟེ

ང་ད་དུང་འཇིག་རྟེན་དུ་འཚོ་བཞིན་ཡོད་ན

ངས་རང་ཉིད་ཀྱི་སྒྱུ་མའི་ལུས་ཕུང་འདི

རོ་ལངས་ཤིག་དང་འདྲ་བར

མི་ཚོགས་ཀྱི་ཁྲོད་དུ་འགྲོ་བཞིན་པ་མཐོང་ནའང

ངས་རང་ཉིད་དེ་ལྟར་དུ་འགྲོ་བཞིན་པ

གཏན་ནས་ཤེས་མི་སྲིད

          གསང་མིང་།

མི་ཞིག་ལ་གསང་མིང་ཡོད་པའི་ཉིན་དེ་ནས

མི་དེ་ལ་ལུས་རྟེན་གཞན་ཞིག་ཡོད་པར་གྱུར

མི་ཞིག་ལ་ངོ་གདོང་མང་པོ་ཡོད་པར་གྱུར

ངོ་གདོང་མང་པོའི་འོག་གི་མི་ཞིག་ཏུ་གྱུར་བ་བཞིན

མི་དེ་ཡིས་དགེ་དང་མི་དགེའི་ཐབས་སྣ་ཚོགས་ཀྱིས

འཇིག་རྟེན་འདི་ལ་ཁ་དོགས་སྣ་ཚོགས་སྟོན་ཏེ

དེ་ནི་མི་གཅིག་དང་མི་མང་པོ་ཞིག་གིས

འཇིག་རྟེན་འདི་ལ་ཡ་ལན་སྤྲོད་ཚུལ་ཞིག་རེད

         ཀུ་ཤུ་ཞིག 

ཁོས་ཀུ་ཤུ་ཞིག་བཟུང་སྟེ་ཕར་བུད་སོང

ཁོས་ཀུ་ཤུ་ཞིག་བཟུང་སྟེ་ཚུར་འོང་བ་བཞིན

ཁོས་ཀུ་ཤུ་ཞིག་བཟུང་སྟེ་ཆུ་ཡོད་སར་བུད་སོང

ཁོས་ཀུ་ཤུ་དེ་ཆུའི་ནང་དུ་བཞག

ཆུ་བོ་ཤག་ཤག་གིས་ཀུ་ཤུའི་སྟེང་དུ་བབས

ཁོས་ཀུ་ཤུ་དེ་སྟེང་འོག་ལན་འགའ་བརྗེས

དམར་པོ་སེར་པོའི་ཁ་དོག་ཀྱང

སྟེང་འོག་ལན་འགའ་བརྗེས

སྐབས་འདིར

དམར་པོ་དེ་ཁོའི་ལག་མཐིལ་ན་ཡོད

སེར་པོ་དེ་ཆུའི་ནང་དུ་ཡོད


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།