2015ལོའི་གཅན་མེ་སྟག་གི་སྙན་ངག་ཕྱོགས་བསྒྲིགས།(སྟོད་ཆ།)

3728

QQ图片20151109223922.jpg

          གངས་རི་ཡུལ་ཚོ།

ཤུག་སྡོང་ཐར་ཐུར་ཞིག་གི་བར་གསེང་དུ་ཆགས་པའི
གནའ་བོའི་གྲོང་རྒུད་ཅིག་དང་འདྲ་བའི
གངས་རི་ཡུལ་ཚོ
རྨ་ཆེན་གངས་རིའི་ཟུར་ངོས་ཤིག་ན
འདབས་ནས་གྱེན་དུ་ཆགས་ཤིང
བར་ཐག་རྨིད་ལྔ་བརྒྱ་ཙམ་ལས་མེད་ན་ཡང
ས་འདིར་སླེབས་དུས
ང་ལ་མཐོ་སྒང་དུ་སླེབས་པའི་མགོ་ཡོམ་དང
ཞེན་ལོག་དེ་འདྲ་བྱུང་མ་སོང
ཡིན་ན་ཡང
གྲོང་དཀྱིལ་ན་ཟས་ལྷག་འདྲ་འཚོལ་བའི
གཟུར་ཞིང་ང་རྒྱལ་གྱིས་འགྲོ་བའི
ཁྱི་རྒན་རྒྱ་སེར་ཞིག་གིས
དོན་མེད་དུ་ང་ལ་ཟུག་ཅིང
རྗེས་འདེད་བཏང་བ་དེས
ང་རང   གློ་བུར་ཏུ
གངས་རི་ཡུལ་ཚོ་ལ་ཡིད་ཆད་སོང
རྨ་ཆེན་གངས་རི་ལའང་ཡིད་ཆད་སོང
 QQ图片20151109233205.jpg

           སྙན་ངག

ང་སྙན་ངག་འབྲི་རྒྱུར་དགའ
ངས་སྙན་ངག་ཐུང་ངུ་བྲིས་ཤིང
སྙན་ངག་རིང་པོའང་བྲིས་ཡོད
ངས་སྙིང་བོ་མེད་པའི་སྙན་ངག་བྲིས་ཤིང
དཔེ་སྐྲུན་བྱེད་མི་ནུས་པའི་སྙན་ངག་ཀྱང་བྲིས་ཡོད
ངས་མི་གཅིག་གི་རྨ་ཁ་བརྒྱུད་ནས
འཁོར་བ་མཐའ་མེད་ཀྱི་ན་ཟུག་བཙལ་ཞིང
ངས་ཁ་བའི་འདབ་མ་གཅིག་ལས
དགུན་གཞུང་རིང་མོ་ཞིག་གི་གྲང་ངར་རྟོག་བཟོ་བྱས
སྙན་ངག་གི་དབང་གིས
ངའི་སྐྲ་ལོ་ཕྲག་རྒྱབ་ཏུ་ཁེབས་ཤིང
མིག་ཤེལ་ཇེ་མཐུག་ཏུ་གྱུར་ཡོད
ནམ་རྒྱུན་པར
ང་རང་ཤོག་བུ་དང་གློག་ཀླད་ཀྱི་བར་གསེང་ནས
ཐ་སྙད་ཀྱི་ནགས་ཚལ་སྟུག་པོར་ཚུད་ན་ཡང
ངས་རང་ལ་མཁོ་བའི་རལ་གྲི་ཞིག་གམ
མེ་མདའ་ཞིག    ཅིས་ཀྱང་རྙེད་མ་ནུས
སྐབས་རེར   ང་སྒེའུ་ཁུང་མདུན་དུ་འགྲེང་སྟེ
ཁ་བས་གཡོགས་པའི་གསིང་སྟོང་ལ་ལྟ་རྒྱུར་དགའ་སྟེ
གསིང་སྟོང་གི་ལྷགས་རླུང་ན་ཁྲོད་ན་འདར་བའི
ཕོ་རོག་གི་སྟོང་སྐད་དག་གིས
ང་ལ་འདུས་བྱས་མི་རྟག་པའི་ཆོས་སྒྲ་རེ་ཡང་ཐོས་སུ་འཇུག
ང་ནམ་རྒྱུན་གནའ་རབས་དང་དེང་རབས་ཀྱི་ཀྱོག་མཚམས་ཤིག་ནས
གྱང་ཁའི་རྩྭ་ལྟར་གཡོས་ཏེ
རྩྭ་སྨན་དུ་སྦྲང་རྩི་བསྣན་པ་ལྟར
ཤིན་ཏུ་ཁ་བའི་མིག་ཆུ་རེ་རེའང
བཞུར་ཡུལ་མེད་པའི་མཚེའུ་ཞིག་ཏུ་བསྒྱུར་ཨེ་ཐུབ་ལྟ་བཞིན་ཡོད
ང་ལ་ཧམ་སེམས་མེད་དེ
སྙན་ངག་གཟི་བརྗིད་ཀྱི་རྟགས་མ་དེ་དག་ཁྱེད་ཚོས་ཁྱེརད་ཅིག
ངས་ནི་མཐའ་ཀླས་པའི་སྙན་ངག་གི་བྱེ་ཐང་འདིར
ལྗིད་ཏིག་ཏིག་གི
གསེར་ལྟ་བུའི
སྙན་ངག་ཚིག་རྐང་གཅིག་འགྲུབ་པས་ཆོག་སྙམ་བཞིན་ཡོད

       ལྷ་ཁང་རྙིང་པ་ཞིག

འདི་ནི་རབ་ཏུ་ཤིན་ཏུ་འཁྱག་པའི་ཕྱི་དྲོ་ཞིག་རེད
ང་ལྷ་ཁང་འདི་རུ་འོང
ཕྱི་བལྟས་རྔམ་བརྗིད་ལྡན་པའི
ལྷ་ཁང་འདི་ནས
ང་ཁ་ཏོན་ཁྲོད་ཀྱི་སྒྲོལ་མ་དང་མཇལ་བྱུང
སྒྲོལ་མ་ལྗང་གུ  སྒྲོལ་མ་དཀར་མོ
སྐུ་སྐེད་རབ་ཏུ་ཕྲ   སྐུ་འཕོངས་རབ་ཏུ་བརྗིད
ལྷ་ཁང་འདི་ཡི་སྒྲོལ་མ་སྔོན་མོ།
གླང་མགོ་ཅན་གྱི་ལྷ་ཞིག་གིས་བསྐོར་འདུག
རྟ་མགོ་ཅན་གྱི་འདྲེ་ཞིག་གིས་བསྐོར་འདུག
ལུག་མགོ་ཅན་གྱི་གདོན་ཞིག་གིས་བསྐོར་འདུག
མཆོད་སྟེགས་རྒྱབ་རོལ་གྱི་རྩིག་ལྡེབས་སུ
ཐང་ཀ་རྙིང་རུལ་གཅིག་འདུག
ཙོང་ཁ་པ་ལོས་ཡིན་འདོད་པ་ཞིག་འདུག
དེའི་ཟུར་ན་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས
དགའ་མགུར་སྤྱོད་པའི་འབག་སྐུ་ཆུང་བ་གཉིས་འདུག
དགའ་མགུར་སྤྱོད་པའི་ཉམས་ཚུགས་དེ
དགོད་བྲོ་བོ་ཞིག
ན་ཟུག་གིས་ཁེངས་པ་ཞིག་རེད་སྙམ
ལྷ་ཁང་གི་སྒོ་འགྲམ་ན
བྱམས་སྐུ་ཆེན་མོ་ཞིག
མཐོ་ཚད་ལ་རྨི་དྲུག་བཅས་བྲིས་འདུག
རྒྱའི་ལྷ་ཁང་གི་སྒོ་སྲུང་རྒྱལ་ཆེན་ཞིག་དང་འདྲ་བོ་འདུག
འདི་ནི་བསེར་བུ་གྲི་ལྟར་རྣོ་བའི་ཕྱི་དྲོ་ཞིག་རེད
ང་གཅིག་པུ་ལྷ་ཁང་དུ་སོང
ངས་ལྷ་སྐུ་མང་པོ་ཞིག་མཇལ
ལྷ་སྐུ་མང་པོ་ཞིག་གིས་ཀྱང
ཕྱི་དྲོ་འདིར་ང་མཐོང་སོང
ཕར་མཇལ་ཚུར་མཐོང་གང་ཡིན་ཡང
འགྱུར་ལྡོག་གང་ཡང་ཡོད་པ་མ་རེད
ཕར་མཇལ་བ་དེས
ངའི་གྲང་ངར་སེལ་མི་ཐུབ་ལ
ཚུར་མཐོང་བ་དེས
ཁོ་ཚོའི་ཁེར་རྐྱང་ཡང་བཟློག་མི་ནུས་སྙམ
QQ图片20151109233322.jpg


ང་མེ་ལོང་ལ་ཁ་སྐྱེངས་སོང་།

དོ་ནུབ  ང་མེ་ལོང་ལ་ཁ་སྐྱེངས་སོང
ངས་མེ་ལོང་གི་དྭངས་གཙང་དང
མེ་ལོང་གི་ཕྱི་གསལ་ནང་གསལ
མེ་ལོང་གི་ཕྱོགས་རིས་མེད་པ་དག་ཁྱེར་ཏེ
འབག་བཙོག་གི་ཁྲོམ་སྲང་འདི་རུ་སླེབས
དོ་ནུབ   ང་མེ་ལོང་ལ་ཁ་སྐྱེངས་སོང
མེ་ལོང་ནི་གསལ་ཐིང་ཐིང་གི་སེམས་ཤིག་ཡིན་ན་ཡང
ཁྲོམ་སྲང་འདིའི་གཡུ་རྫུ་དང་ཟོག་གསོབ་ལ་གོམས་མེད
ཁྲོམ་སྲང་འདིའི་ངོ་གཉིས་དང་ཕྲག་དོག་ལ་གོམས་མེད
ཁྲོམ་བར་གྱི་བརྫུ་བག་གང་འདོད་འཁྲབ་པ་དག་གིས
ཁྲོམ་བར་དུ་ངུ་སྐད་གང་འདོད་འབྱིན་པ་དག་གིས
དོ་ནུབ། ངའི་མེ་ལོང་གི་མིག་ལ་ནག་ནོག་བསྒོས་སོང
ངའི་མེ་ལོང་གི་རྣ་ལ་འཛེར་སྒྲ་བསྒྲགས་སོང
དེ་ནས་བཟུང   ངས་ཅི་ལྟར་བྱ
ངས་མེ་ལོང་གི་གདོང་ལ་ནག་དྲེགས་བརྐུའམ
ངས་མེ་ལོང་གི་མིག་ལ་ལིང་ཏོག་འབྲིའམ
ངས་མེ་ལོང་གི་སེམས་ལ་དངངས་སྐྲག་བསྐྱེད་དམ
ད་ལྟ།  ངའི་མེ་ལོང་གིས་མགོ་བོ་དང་ཁར་སྨད་འདུག
ངའི་མེ་ལོང་གི་མིག་མདངས་རབ་རིབ་ཆགས་འདུག
ངའི་མེ་ལོང་འདི་དམུས་ལོང་མ་ཆགས་པའི
དམུས་ལོང་གི་ཚེ་མཇུག་དེ་བློས་བསླངས་བྱས་ཚེ
ཁོ་རང་ཉིད་ཀྱི་ཉི་འོད་དང་གཏན་བྲལ་བྱས་ཤིང
ཁོ་རང་ཉིད་དཀར་གཙང་གི་འདབ་མ་དང་ཤུ་འབྲལ་བྱས་ཏེ
ལྗན་ལྗོན་གྱི་གྲིབ་མ་ནག་པོ་ཞིག་དང་འདྲ་བར
ཉི་མའི་དཀར་ངོགས་སུ་འགྲོ་ཐབས་བྲལ་ཡོད
དོ་ནུབ   ང་མེ་ལོང་འདིའི་གསལ་ལྷང་ལྷང་གི
མིག་མདངས་ཀྱིས་གསོད་ལ་ཉེ
དེ་ནི་སྐད་ཅིག་གིས་འཕུར་ཤེས་པའི་མདེའུ་ཞིག་དང་འདྲ
དེ་ནི་འདབ་རྫོབ་ཀྱིས་མ་སྦགས་པར་རྙིངས་པའི་མེ་ཏོག་ཅིག་དང་འདྲ
མེ་ལོང་འདི་ལས་རང་ཉིད་ཀྱི་ནག་དྲེགས་འཚོལ་འདོད་པའི
ངའི་མིག་མདུན་ན
དོ་ནུབ
མེ་ལོང་མིག་བཙུམས་ཏེ་བསྡད་ཡོད
              ་              ༢༠༡༥ལོའི་ཟླ༡༡ཚེས༥དགོང་མོར།

         ཚེ་མོ་ཐར།

ཚེ་མོ་ཐར་སུ་རེད
དེ་གནའ་མི་ཞིག་རེད་དམ་དེང་སྐབས་ཀྱི་མི་ཞིག་རེད
ཚེ་མོ་ཐར་སུ་རེད
ཕོ་ཞིག་རེད་དམ་མོ་ཞིག་རེད
ས་གནས་ལོ་རྒྱུས་ལ་བལྟས་ན
ཚེ་མོ་ཐར་ཟེར་བ་ཞིག
མི་རྐྱང་རྟ་རྐྱང་གིས་བརྒྱུགས་ཏེ
མ་ཇག་གི་དམག་སྤྱི་ཡོན་ཀྲང་ཞིག་བསད་རྗེས
ཧོས་རྒན་མང་པོ་ཞིག་གི་བར་དུ་ཚུད་དེ
ལུག་བཤའ་བཤའ་བྱས་སོང་ཟེར
ས་གནས་ལོ་རྒྱུས་ལ་བལྟས་ན
བསོད་ནམས་བསྟན་པ་ཟེར་བ་ཞིག་ཀྱང་འདུག་སྟེ
མི་འདྲ་ས་གཅིག་ཡོད་པ་ནི
བསོད་ནམས་བསྟན་པ་ཟེར་བ་དེ་སྨན་རམས་པ་ཞིག་རེད་ལ
ང་ནི་དགེ་རྒན་ཞིག་ཡིན་པ་དེ་རེད
                                   རྟ་བོ་ཞོལ་མ་ཡུལ་ཚོ་རུ།

      མེ་འཁོར་ཏུ་མཐོང་བ།

མདུན་ཕྱོགས་ནི་སྡོང་པོ་རེད
རྒྱབ་ཕྱོགས་ནི་སྡོང་པོ་རེད
གཡས་ཕྱོགས་སྡོང་པོ་དང
གཡོན་ཕྱོགས་སྡོང་པོ་རེད
ཞིང་ཚིགས་ན་སྡོང་པོ་དང
གྲམ་པ་ན་ཡང་སྡོང་པོ་རེད
ཉི་འོད་ནི་འོད་འཚེར་བའི་སྡོང་པོ་རེད
ས་གཞི་ནི་འབྲས་ལྡན་གྱི་སྡོང་པོ་རེད
བྱེའུ་ཆུང་གཉིས་མགོ་ཐོག་ཏུ་འཕུར་བ
ཕར་ཆེར  འཕུར་ཤེས་པའི་སྡོང་པོ་གཉིས
ཡིན་རྒྱུ་རེད
ཡིན་རྒྱུ་རེད

    མལ་ཐུལ།

རྒྱ་རྒན་ཚོས་བཤད་ན
ནམ་གུང་ལ་སྐྲ་ཤད་པའི་བུད་མེད་ནི
འདྲེ་མོ་ཡིན་ཟེར
ད་ལྟ
འདྲེ་མོ་དེས
ངའི་མདུན་ནས
ངོ་ཚ་མེད་པར
སྐྲ་ཤད་བཞིན་ཡོད
མིག་ཟུང
ནག་གཅོང་གཅོང
མཆུ་སྒྲོས
དམར་ཤིག་ཤིག
ཡིན་ནའང
སྐྲག་མི་དགོས་ཏེ
ངས་འདྲེ་མོ་དེ
སྐྲ་དང་བཅས
ནུ་མ་དང་བཅས
བརླ་དང་བཅས
རྐང་བའི་སེན་མོ་དང་བཅས
མདོར་ན
འདྲེ་མོ་ཧྲིལ་བོ་དེ
ངའི་མལ་ཐུལ་འོག་ཏུ
བཙན་གྱིས་མནན་ཡོད
QQ图片20151109233454.jpg


ལོ་རྒྱུས།

ལྷ་བཟེད་རྙིང་ཀོག་དེ་སྲུང་མཁན
ཕག་རེད
བྱིས་པའི་སྨྱུག་མདུང་དེ་འཁུར་མཁན
ཕག་རེད
ཕག་མགོ་ཕག་ཀླད་ཕག་གི་མཆུ་ཏོ་ཅན
འཆི་བ་སྲོག་ལ་འཕྲད་ཀྱང
ཕག་གི་རང་གཤིས་འདོར་བ་ག་ལ་སྲིད
དཔུང་རྟགས་དམར་པོ་འདོགས་མཁན
ཕག་རེད
གསར་རྗེའི་ཡིག་ཆ་འཛིན་མཁན
ཕག་རེད
ཕག་སྙིང་ཕག་མཆིན་ཕག་གི་སྤོབས་པ་ཅན
ཁེ་སྤོགས་ཕྲན་ཙམ་ཡོད་ཚེ
ཕུ་ནུར་ཟ་ཐུར་སྤྱོད་དབང་ག་ལ་ཡོད
ཕག་གི་གླེན་ཚུགས་དེ་དང
ཕག་གི་བློ་རིག་དེ་ཡིས
སྐྱག་པ་ཟས་ཀྱི་མཆོག་ཏུ་སྒྲུབ་ན
སྐུ་ལུས་ཚོ་བརྗིད་འབྱུང་བ་བསོད་ནམས་ཅི་ལ་མིན

          ཕྱི་ནང་།

གཙུག་ལག་ཁང་དུ
ཨོང་སྟེགས་ཤིག་རིག་ན་ཡང་ཐོད་པ་གཏུག་ལ
བསྐོར་ལམ་དུ་རྡོ་བ་ཞིག་རྙེད་ནའང་ཡར་སྒྲུག་པར་བྱེད
ཁྲོམ་བར་དུ་སླེབས་ཚེ
སྤྲང་བོ་ཞིག་རིག་ན་སྣ་ཁ་ཕུ་ཐུང་གིས་གཅོད་ཅིང
བགྲེས་མོ་ཞིག་ཐང་དུ་འགྱེལ་ན
མཛེ་བོ་བཞིན་རྒྱང་རིང་བསྐོར་ཏེ་འབྲོ

           མཐེ་བོང་།

ངས་མཐེ་བོང་འདི་གྲི་ཡིས་བཅད་དེ
མཐེ་བོང་གསར་བ་ཞིག་མ་སྐྱེས་གོང་ལ
ངའི་སྔོན་གྱི་མཐེ་བོང་འདིས
སུ་ཞིག་གི་ངོ་སོ་སྲུང་སྲུང་ལ་བསྡད་ཡོད
ངས་མིག་ཟུང་འདི་ལྕགས་ཐུར་གྱིས་བྲུས་ཏེ
མིག་ཟུང་གསར་བ་ཞིག་མ་སྐྱེས་གོང་ལ
ངའི་སྔོན་གྱི་མིག་ཟུང་འདིས
སུ་ཞིག་གི་ངོ་འཛུམ་དཀར་ནག་ལ་བལྟས་ཡོད
QQ图片20151109233555.jpg

              མེ་ལོང་།

ཁྱོད་ཀྱིས་རྒྱང་རིང་ནས་མཐོང་བའི་ང
ང་མིན
ཁྱོད་ཀྱིས་ཉེ་གམ་ནས་མཐོང་བའི་ང
ང་མིན
ཁྱོད་རང་ལམ་བར་ནས་འཕྲད་པའི་ང
ང་མིན
ཁྱོད་དང་བགྲོ་གླེང་བྱེད་བཞིན་པའི་ང
ང་མིན
ཁྱོད་ཀྱིས་མལ་ཁྲིའི་སྟེང་འཁྱུད་བཞིན་པའི་ང
ང་མིན
ཁྱོད་ཀྱིས་ནམ་ཡང་མཐོང་མི་འདོད་པའི་ང
ང་མིན
དེ་ན    ང་ནི་ང་ཡིན་ནམ
ཁྱོད་ཡིན་ནམ
ཁོ་ཡིན་ནམ་ཟེར་ན
ང་ནི་ཁྱོད་མིན་ལ་ཁོའང་མིན
མིན་ཏེ
ང་ནི་ཅི་ཡང་མིན་པ་དེའོ

      སྙན་ངག་གི་མཆིལ་མ།

         གཅིག
རྒྱལ་ཁབ་འདིར
སྐྲ་ཡོད་ཚད་གཡས་ཕྱོགས་སུ་ཤད་པ་ནི་ཆབ་སྲིད་ཡིན་ལ
སྐྲ་ཡོད་ཚད་ཕྱོགས་གཉིས་སུ་ཤད་པ་ནི
ནང་རུལ་བ་ཡིན
           གཉིས
སྙིང་རྗེ་ཟེར་བ་ནི་མདོག་ལྡན་གྱི་སྐ་རགས་ཤིག་སྟེ
དཔྱིད་ཀར་མཚམས་སྤྲིན་དང་
དབྱར་ཁར་འཇའ་ཚོན
སྟོན་ཁར་སྡོང་ལོ
དགུན་ཁར་འཁྱག་རོམ་དུ་འགྱུར་བཞིན་ཡོད
          གསུམ
དེང་རབས་ཀྱི་དཔོན་པོ་དག་ནི
རིག་གནས་དད་མོས་དང་ཐོན་ཁུངས་ཁྱད་པར་གྱིས
གསང་སྤྱོད་དུ་འགྲོ་བར་ཡང
ལོ་ཙཱ་ཞིག་ཁྲིད་དགོས་ཡོད
            བཞི
ཧི་མ་ལ་ཡ་ནི་གནམ་གྱི་ཀ་བ་ལྟ་བུ་ཡིན་ནའང
དེང་གི་མི་རྣམས་ལ་འཚོ་བའི་རྒྱབ་རི་ཟེར་བ་ཞིག་ལས
མཐོ་ཚད་དགོས་ཀྱིན་མིན་འདུག
             ལྔ
ཤེས་བྱ་ཡོད་ཚད་ཤོག་སྒོར་གྱི་སྟེང་དུ་དཔར་ཡོད
དེ་ཀློག་འདོད་པ་ལ་ཤེས་བྱ་མི་དགོས་སོ
            དྲུག
སློབ་ཆེན་གྱིས་ཤེས་ཡོན་པ་སྐྱེད་སྲིང་བྱེད་ནུས་ལ
གླེན་པའང་སྐྱེད་སྲིང་བྱེད་དེ
ཚད་ལྡན་གྱི་གླེན་པ་དེ་དག་གིས
ད་གཟོད་རྙིང་བ་མཁྲེགས་འཛིན་གྱི
སློབ་ཁྲིད་འཕྲུལ་ཆས་རྙིང་བ་དེ་དག
བསྒྱུར་བཀོད་བྱེད་ནུས
            བདུན
སྤྲང་བོ་བདག་གི་ལག་ན
༼སྙིང་རྗེ་ཚོགས་པ༽ཟེར་བའི་དངུལ་ཁང་ཞིག་ཡོད་དེ
དེ་ནི་ནམ་ཡང་མ་རྩ་བརྡིབས་མི་སྲིད་པའི
དངུལ་ཁང་ཞིག་ཡིན
          བརྒྱད
ཁྱོད་ཀྱིས་སྙན་ངག་ཏུ
༼ཁ་བ་ལེབ་མོ་བྱ་རྒྱལ་གཤོག་པ་འདྲ༽ཞེས་བྲིས
ཁྱོད་ཀྱི་ཁ་བ་དེ་དག་གི་ཁྲོད་ན
བྱ་རྒྱལ་གྱི་སྒྲོ་སྤུ་རྐང་གཅིག་ཡོད་པའི་དབང་དུ་བཏང་ན
དེ་ན་ཐ་སྙད་ཡོད་ཚད་ཀྱི་ཁ་བཏགས་དང
གཟེངས་རྟགས་ཁྱོད་ལ་འཐོབ་འོས
           དགུ
ཤེས་ཡོན་ནི་རྡོ་བ་དང་འདྲ་སྟེ
བརྡར་ཀྱིན་བརྡར་ཀྱིན་རྡོ་བ་དང་མི་འདྲ་ཞིང
བརྡར་ཀྱིན་བརྡར་ཀྱིན་རྒྱན་ཆ་དང་ཡང་མི་འདྲ་བ་ཞིག་རེད
          བཅུ
འཕེལ་རྒྱས་ཀྱི་རྩེ་མོ
གཅིག་ལས་གཅིག་མཐོ
རྩེ་མོར་སླེབས་མཁན་དེ་ནི
བསམ་བློ་བ་ཞིག་ཡིན་ནམ་ཞེ་ན
དེ་ནི་སུས་ཀྱང་བཤད་ཤེས་པ་ཞིག་མ་རེད
QQ图片20151109233737.jpg


གཉིད་ལས་སད་དུས།

གཉིད་ལས་སད་དུས
ཉི་མ་རི་རྩེ་ནས་ཤར་ཏེ
ངའི་མལ་ཁང་གི་རྩིག་ལྡེབས་ངོས་སུ
ཉི་དགའ་མེ་ཏོག་ཅིག་བྲིས་འདུག
ཡིན་ནའང
འདབ་མ་གཅིག་ཀྱང་མི་འདུག
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།