2015ལོའིགཅན་མེ་སྟག་གི་སྙན་ངག་ཕྱོགས་བསྒྲིགས། (སྨད་ཆ།)

3094

 

QQ图片20151109225025.jpg

      གློ་བར་བའི་ཆར་ཞོད།

ཞོགས་པར་ལས་སྒྲུབ་ཏུ་འགྲོ་བའི་ལམ་དུ
གློ་བུར་རླུང་ཆེན་ཞིག་ལྡངས་སོང
བལྟས་འོང་ན་དྲག་ཆར་ཞིག་འབབ་རྒྱུ་རེད་བསམས
ལས་ཁུངས་སུ་སླེབས་རྗེས
ངས་སྒེའུ་དམ་པོར་བརྒྱབ་སྟེ
ཕྱི་རོལ་གྱི་ཁྲོམ་ལ་ཡང་ཡང་་བལྟས
སྒེའུ་ཁུང་བརྒྱབ་རྗེས
ཕྱི་རོལ་གྱི་འཇིག་རྟེན་ཁུ་སིམ་མེར་གྱུར་ལ
ང་རང་གི་སེམས་པའང་ཁུ་སིམ་མེར་གྱུར
ནག་རོག་རོག་གི་ནམ་མཁའ་ནས
མིག་ལ་གཟན་པའི་གློག་ཞགས་ཤིག་མཆེད
རྒྱང་རིང་ཞིག་ལོས་ཡིན་སྙམ་པའི་འབྲུག་སྒྲ་ཞིག་ཀྱང
སྟོང་སྟོང་དུ་གྲགས
ཅོག་ཙེ་མདུན་དུ་བསྡད་ནས
སྒུགས་སྒུགས་ནའང
ཆར་ཆུ་ཐིགས་པ་གཅིག་ཀྱང་མ་བབས
ཨ་བ་ཨ་མ་ད
འབབ་རྒྱུ་མིན་ནམ
ང་ལ་སྐྲག་བསླངས་ནས་ཅི་བྱེད
ཅུང་ཙམ་མིན་ནམ
ང་ཅོག་ཙེའི་འོག་ཏུའང་གབ་ཚར

            འཆི་བ།

དེ་རིང     ང་ཁང་མིག་འདིའི་མགྲོན་པོ་ཡིན
སང་ཉིན    ང་གར་འགྲོ་ངེས་མེད་ཀྱི་བླ་ཞིག་ཡིན
སྒྱུ་འཕྲུལ་གྱི་མྱ་ངམ་ཐང་ལྟ་བུའི་མི་ཡུལ་འདིར
ད་ལྟ་བ་མེད་ལ   འདས་པ་དང་མ་འོངས་བ་ཡང་མེད
འཆི་བ་ནི་ས་ས་མལ་དུ་འཐིམས་པ་དེ་རེད
 QQ图片20151109231558.jpg


ང་སྡོང་བོ་ཞིག་ལ་ཡིད་སྨོན་སྐྱེས།

གྲང་ངར་ཇི་ལྟར་ཆེ་ནའང
སྡོང་བོ་དེའི་རུས་པ་དཀར་སིང་ངེ
ལམ་འགྲམ་དུ
ཇི་འདྲའི་མཛེས
སྡོང་བོ་དེའི་རུས་པའི་ཁྲོད་ཀྱི་མེ་ཏོ
ཇི་འདྲའི་མཛེས
ང་ལའང་རུས་པ་ཡོད་མོད
ཡིན་ནའང
ངའི་རུས་པའི་ནང་གི་ས་བོན་དེ
འབུ་ཙམ་ཡང་བྱེད་བཞིན་མེད་ན
མེ་ཏོག་ཅིག་ག་ལ་བཞད་ངེས
དེའི་དབང་གིས
དོ་དགོང
ང་སྡོང་བོ་དེའི་མཛེས་སྡུག་དང་
ལྷག་བསམ་དང
སྙིང་སྟོབས་དང
རྒྱུ་མཚན་མེད་པར
ཡིད་སྨོན་སྐྱེས་བྱུང
               དར་ལག་རྫོང་དུ

   སྙན་ངག་ཅིག་གི་མཇུག་བསྡུ།

<གང་དུ་སོང་ན་དེ་རུ་སླེབས་འོང>
སྙན་ངག་འདི་ཡི་མཇུག་སྣེ་ནི
གཅོང་རོང་ཞིག་གམ་ཡང་ན
གཡང་གཟར་ཞིག་ཡིན་ན་འགྲིག་མོད
ཁོའི་མིག་ལམ་དུ
དབྱིན་ཡིག་གིzདང་འདྲ་བའི་རི་ལམ་ཞིག་ཤར
རི་གདོང་ནས་ཤར་གྱིས་ཡལ་བའི་གྲིབ་མ་ཞིག
རྦ་རླབས་བཞིན་སྐྱོམ་པའི་ནགས་ཚལ་ཞིག
ཤིན་ཏུ་རབ་ཏུ་མང་བའི་བསྡུས་བརྗོད་ཀྱི་ཐ་སྙད་ཅིག
གཏིང་ཟབ་པ   ཀློང་སྟུག་པོ    རྔམ་འཐུག་པ
གནའ་བོའི་དགོན་རྙིང   སྡོང་རྒན་གོག་པོ
ཉིན་གུང་ངམ་ས་སྲོས་སུ་ཕ་བོང་སྟེང་བབས་པའི་བྱ་གླག་ཅིག
དྲེགས་པའམ་རྡོའི་ཤ་མོ་འབྱར་བག་ཅན་གྱིས་གྲུབ་པའི་ས་བཀྲའི་ཕྱེད་ཅིག
གནམ་ངོ་དྭངས་བའམ་རུབ་པ
རླུང་ངམ་ཆར་གང་རུང་གིས་བྲབས་ཏེ
མདོག་ཡལ་བའི་དུས་ཚོད་ཀྱི་ཕྱི་ལོགས
ཅི་ཡང་མེད་པ་གཉིས
མེ་ཏོག་གི་ཚེར་མའི་སྟེང་ཤི་བའི་སྲིན་བུ་ཞིག་གི་འོ་དོད
ཡང་ན་འཕུར་ཞོར་དུ་འཁང་ར་བྱེད་པའི
སྦྲང་མ་ཞིག་གི་བཀྲེས་སྐོམ
—–གང་ཡིན་ཡང་ཆོག་སྟེ།
རྨི་གྲུ་བཞི་མ་གཅིག་གི་རྒྱ་ཁྱོན་ནང
འོམ་བུ་ཤིང་གི་ནང་ལོགས་སུ
ད་དུང་རུལ་མ་ཚར་བའི་སྟོན་ཁ་འདིའོ
ལོ་མ་སེར་པོ་རེ་གཉིས་ཤིག་ཡོད་པས་ཆོག་གོ

        ད་ནངས།

རྔ་བ་རྫོང་དུ
ད་ནིངས་གློག་ཆད་སོང
ཉི་འོད་མོག་མོག་ཅིག་ཤར
བྱེའུ་སྐད་རྡམ་རྡུམ་ཞིག་གྲགས
གློ་བུར་གློ་བུར་དུ
ད་ནིངས་གློག་གསོགས་རྒྱུ་བརྗེད་སོང
ད་ནིངས་ཟས་ཟ་རྒྱུ་བརྗེད་སོང
ད་ནིངས་ངོ་བཀྲུ་རྒྱུ་བརྗེད་སོང
ད་ནིངས་ལྷམ་བརྗེ་རྒྱུ་བརྗེད་སོང
ད་ནིངས་ཁམས་འདྲི་རྒྱུ་བརྗེད་སོང
ལམ་གྱི་ཕྱེད་ཀ་ཙམ་ལ་སླེབས་རྗེས
ཁ་སང་བྲིས་པའི་སྙན་ངག་དེའི་ཚོར་བ
མཇུག་སྐྱོང་ཐབས་མི་འདུག
མཇུག
སྐྱོང
ཐབས

མི་འདུག

    ཨ་ཨེར་ས་ཡི་ཟ་ཁང་།

སུའུ་ཚང་གཞིས་ཀའི་སྒོ་རྟགས་ཨང་༡༧་པ་ནི
ཨ་ཨེར་ས་ཡི་ལུག་5ཤའི་ནང་ཁྲོལ་ཟ་ཁང་ཞིག་ཡིན
ཉིན་མོ་རེ་རེར་ནང་ཁྲོལ་བཙོས་མའི་ཁུ་བ་འཐུང་མཁན
འཚང་ཁ་ཤིག་ཤིག་བྱེད
ཚོང་རིན་སྦྱར་བྱང་གི་སྟེང་དུ
དཀར་ཡོལ་ཆུང་བ་རེ་ལ སྒོར༨
དཀར་ཡོལ་ཆེ་བ་རེ་ལ  སྒོར༡༠
མིག་ཡ་གཅིག་ལ  སྒོར༢དང
(ཆ་གཅིག་ལ་སྒོར༣)
རྣ་ཅོག་ལ  སྒོར༤
མཁལ་མ་ཡ་གཅིག་ལ  སྒོར༦
(ཆ་གཅིག་ལ་སྒོར༡༠)
ཀླད་པར   སྒོར༡༣
རྐང་བ་སྤྱི་རྒྱ་གང་ལ   སྒོར༡༣༠
བརླ་ཤ་སྤྱི་རྒྱ་གང་ལ   སྒོར༡༤༠ཞེས་བྲིས་འདུག
ཕར་ཆེར་རིན་དངུལ་ཆ་ཚང་སྤྲད་པ་ཡིན་ན
ཁྱོད་ཀྱིས་ཤ་ཕྱེ་རུས་ཕྱེར་བཟོས་པའི
འབྲོག་ལུག་གླེན་པ་དེའི
དབང་བོ་སྣ་ལྔ་གང་ཡིན་ཡང
ཅི་འདོད་དུ་ཟོས་ཆོག་པ་ཡི་འདུག

     དགོངས་པ་མ་ཚོམ།

སྦྲུལ་ཡིན་ན་དུག་སྦྲུལ་ཡིན་པ་དང
སྤྱང་གི་ཡིན་ན་གདུག་རྩུབ་ཀྱི་སྟེང
བསམ་གནག་ཅིག་ཡིན་ངེས་པ་ཡང
ཁྱོད་དང་བཅས་པའི
བྱིས་པ་ཡོད་ཚད་ཀྱི་ལྟ་ཚུལ་ཞིག་རེད
ཡིན་ནའང་ད་ལྟ
ང་ནི་ནར་སོན་པའི་མི་ཞིག་ཡིན་པའི་ཆ་ནས
ཐོག་མར  ངས་སྦྲུལ་དང་སྤྱང་གི་དེའི་རིགས་ཀྱི་ཚབ་བྱས་ཏེ
ཁྱོད་ལ་དགོངས་པ་མ་ཚོམ་ཟེར་རྒྱུ་ཡིན
 རྨ་རྒྱལ་གངས་འདབས་ཀྱི་རྡོ་བ་ཞིག
ང་གསར་ཏུ་ཡོང་བ་ཡིན
ཡིན་ནའང
ང་གངས་འདབས་སུ་ཙོག་པོར་བསྡད་ནས་བཟུང
ང་འགུལ་ཙམ་ཡང་མ་བྱས་པར་ལོ་མང་འགོར
རུབ་རུབ་གཟེངས་གཟེངས་ཀྱི་རྩྭ་ཕུང་དེ་དག་དང
ཆེ་ཆེ་ཆུང་ཆུང་གི་རྡོ་བ་དེ་དག
གུས་གུས་ཞུམ་ཞུམ་གྱི་སྤེན་ཤིང་དེ་དག་གིས
ང་ནི་གསར་དུ་ཡོང་བའི་རྡོ་བ་ཡིན་པ
ད་དུང་ཡང་སྨྲ
ངས་རི་རྩེ་ཡར་ལ་ལྟ་ཙམ་དང
སྤྲིན་པ་ཕར་ལ་ལྟ་ཙམ
གླག་མོ་མ་གིར་ལྟ་ཙམ་བྱེད་བཞིན
གནས་འདི་ནས་མ་འགུལ་བར་བསྡད་ཙ་ན
ང་དངོས་གནས་རྡོ་བ་ཞིག་ཏུ་འགྱུར་སྲིད་དེ
འཇིག་རྟེན་ཕ་རོལ་གྱི་གསར་འགྱུར་མེད་ལ།
འུར་ཟིང་ནང་རོལ་གྱི་ལྟ་གྲུབ་མེད་པར
རྩྭ་སྙིགས་དང་ནོར་ཁྱུ་ལས་གཞན
གྲི་ལྟར་རྣོ་བའི་རླུང་ཁ་རུ
རང་གི་སྐྲ་ལོའི་ཁ་དོག་འགྱུར་བཞིན་པ་ཁོ་ན་མཐོང་ངེས
QQ图片20151109231932.jpg

དེ་ན།  ད་ཁྱོད་ཀྱིས་སྙན་ངག་བྲིས་ན་རེད་ཡ།

གལ་ཏེ་ཁྱོད་འཚོ་བའི་ཁྲོད་ངལ་ཞིང་སུན་སྟེ
རྐང་ལག་ན་བ་དང
མཆིན་པ་ན་བ་དང
མཁལ་མ་ན་བ་དང
མིག་ན་བ་དང
མཆི་མ་ན་བ་དང
དྲན་པ་ན་བ་དང
རྨི་ལམ་ན་བ་དང
དུས་ཚོད་ན་བ་དང
དེ་རིང་ན་བའི་སྐབས་སུའང
ཁྱོད་ལ་ནད་སེལ་གྱི་སྨན་མེད་པ་དང
སྨན་རིན་མི་མཁོ་བའི་སྨན་པ་མི་རྙེད་པ་དང
ནད་ཁྲིའི་སྟེང་དུ་བདས་ཀྱང་མི་འགྲོ་བའི་སྦྲང་ཐ་དག་གིས
བཀང་ཡོད་ན
དེ་ན   ད་ཁྱོད་ཀྱིས་སྙན་ངག་བྲིས་ན་རེད་ཡ།

      རྨ་རྒྱལ་སྦོམ་རའི་རི་རྩེ་ཡི་ཁ་བ།

ད་ལྟ
ཡིད་ཆེས་བྱེད་ཆོག་པ་ཞིག་ནི
རྨ་རྒྱལ་སྦོམ་རའི་རི་རྩེ་ཡི་ཁ་བ་ཁོ་ནའོ
རྫ་རི་དང་སྤང་རི
ཆུ་བོ་དང་སྤང་ཐང
ཞོགས་པ་གཅིག་ལའང
བ་མོས་མནན་ཞིང
ཉི་མས་ཞུ་སྟེ
ཁ་དོག་ངེས་མེད་དུ
འགྱུར་རོ   འགྱུར་རོ
དེ་རིང   རི་སྟེང་དུ་རླུང་བུ་ལྡངས་སོ
རླུང་གི་དབུས་སུ
འཇིགས་རྟེན
དཀར་སོབ་སོབ་ཀྱི་ཝུ་བ་འདྲའོ
ཡིན་ནའང
སེམས་ཀྱི་རེ་བ་ཉག་གཅིག་ནི
སྔར་བཞིན
རྨ་རྒྱལ་སྦོམ་རའི་རི་རྩེ་ཡི་ཁ་བ
ཡིན་ནོ   ཡིན་ནོ

          ཞོགས་པ།

ཞོགས་པ་འདིར
སྒེའུ་ཁུང་ཕྱེས་མ་ཐག
ཉི་འོད་ཁ་ཧྥེ་བཞིན
དྲོད་འཇམ་གྱིས་འཁྱིལ་བྱུང་ན་ཅི་འདྲའི་སྐྱིད
ངེད་གཉིས་ཕན་ཚུན་གྱི་ཕྲག་པར་འཁེན་ཏེ
ཞོགས་པའི་དྭངས་བསིལ་གྱི་ཉི་འོད་རོལ་བཞིན
འཇིག་རྟེན་ནས་ཕན་ཚུན་ལ་དུངས་ཚུལ་གླེང་ན
ཅི་འདྲའི་སྐྱིད
ཞོགས་པ་འདིར
སྡོང་བོས་ཁོ་རང་གི་སིལ་ཏོག་སྨིན་ཞིང
རླུང་བུས་ཁོ་རང་གི་ལོ་མ་བསྒུལ་ནའང
ངེད་གཉིས་སྨྲ་བ་མེད་པར
ཕན་ཚུན་ལ་དམ་པོར་འཁྱུད་ན་ཅི་འདྲའི་སྐྱིད
ཞོགས་པ་འདིར
ཁང་ཀླད་ཀྱི་ཅོ་ཀས
རྒྱང་བཞུད་ཀྱི་སྟ་གོན་བྱེད་ཀྱིན་འདུག
ངེད་གཉིས་ཀྱིས་ཞོགས་པའི་བདེ་སྐྱིད་ཀྱི་སྨོན་འདུན་ཡོད་ཚད་ཁོ་ལ་བཅོལ་ཏེ
གནམ་འོག་གི་བརྩེ་ལྡན་དག་ལ་འཕྲིན་དུ་བསྐུར་ན་ཅི་འདྲའི་སྐྱིད
ངེད་གཉིས་ཕན་ཚུན་ལ་དགའ་ཞིང་དུངས་བ་བཞིན
ངེད་གཉིས་ཞོགས་པ་འདིའི་ལྷིང་འཇགས་ལ་དགའ་ཞིང་དུངས་ཏེ
ངེད་གཉིས་ལག་སོར་མཉམ་དུ་བརྐྱངས་ཏེ
ཞོགས་པའི་སྒེའུ་ཁུང་ལས་འོངས་བའི་ཉི་འོད་ཀྱི་དཔྲལ་བར
མཉམ་དུ་རེག་རེག་ཙམ་བྱས་ན་ཅི་འདྲའི་སྐྱིད

     བྱེའུ་བྱང་ཆུབ་སྒྲོལ་མ།

ངའི་རྒྱལ་ཁབ་འདིའི
འཁྱགས་ཤུར་ཤུར་གྱི་སྐད་ཆ་ཧ་གོ་ཁུ་མི་འདུག
ངས་ཁོ་ཚོའི་གོམ་པ་དང་ལྷན་དུ
རྐང་བ་རྐྱོང་ཤེས་ཀྱི་མི་འདུག
ཐ་ན ངའི་མགོ་སྟེང་ན་ལྷན་པ་བཞིན་གཡོ་བའི
སྤྲིན་པ་དེ་དག་ལའང
སྙན་ངག་གི་རྟོག་ལྗོངས་སྦྱོར་ཐབས་མི་འདུག
མཆན་མོ་འདི
མ་གཡར་ཞིག་དང་འདྲ་པོ་འདུག
ངས་བྱ་བཏང་བའི་དབེན་གནས་ཤིག་དྲན་གྱིན་འདུག
ངས་ཉི་ཟླ་བཟའ་སྐར་གྱི་མཁོར་བསྐྱོད་ཅིག་དྲན་གྱིན་འདུག
ངའི་མཆུ་སྒྲོས་ལ་སེར་ཁ་ཤོར་སོང
ངས་རྒྱང་རིང་གི་མ་འོངས་པ་དེ་བཤད་མི་ཤེས
ང་ཁྱོད་ཀྱི་པང་དུ་བཟུང་བའི
མདོག་ལྡན་གྱི་ས་ཁྲ་ཞིག་ཡིན་མོད
ཡིན་ན་ཡང
ཁྱོད་ཀྱི་ངོ་གདོང
མིག་ཆུ་ཡིས་གྲུབ་པའི་འབག་རས་ཤིག་རེད
ང་ཡི་འོད་འཚེར་བའི་བྱེའུ་དེ
བྱི་རུ་དམར་པོའི་ནང་སྙིང་ནས་བཟུང་ཡོད
སྤེན་ཤིང་གི་ར་བ་ནས
བྱེའུའི་འཇམ་མཉེན་གྱི་ཚང་མལ་རྡོ་རུ་གྱུར་སོང
ངའི་ཆེད་དུ་བོར་ཟིན་པའི་ཞི་བདེ་དེ་དག
ད་ནི་གཤོག་བར་དུ་སྦས་ནས་གང་དུ་སོང

      བདེ་སྐྱིད།

ཇི་འདྲའི་བདེ་སྐྱིད་ལྡན
ངས་སྤང་ཐང་ནས་ཤྭ་མོ་བཏུས་ཆོག
ངའི་སེམས་ལ
དུས་རབས་འདིར   སྤང་ཐང་མེད་ལ
ཤྭ་མོ་ཡང་ཡོད་རྒྱུ་མ་རེད་བསམ་ཡོད
ཇི་འདྲའི་བདེ་སྐྱིད་ལྡན
ངས་སྡོང་བོ་འདིའི་གྲིབ་བསིལ་མྱངས་ཆོག
ངའི་སེམས་ལ
ཉིན་གུང་འདིར   སྡོང་བོ་འདིས་ཀྱང
གྲིབ་མ་འགྱེད་རྒྱུ་མ་རེད་བསམ་ཡོད
ཇི་འདྲའི་བདེ་སྐྱིད་ལྡན
ང་སླར་ཡང་ཁྱོད་དང་ལྷན་དུ་བསྡད་ཆོག
སྙིང་འདིའི་འཕར་ཤུགས་ལ་ཉོན་དང
མི་ཚེ་འདིར   མི་སུ་ལའང
སྙིང་ཡོད་རྒྱུ་མ་རེད་བསམ་ཡོད

 སྟོན་གྱི་སྡོང་ལོ་གླུ་དབྱངས་བཞིན།

སྟོན་གྱི་སྡོང་ལོ་གླུ་དབྱངས་བཞིན
ཆར་སིམ་བཞིན   མེ་ཏོག་བཞིན
ཕྱེ་མ་ལེབ་བཞིན
རིམ་པ་རིམ་པར་བརྩེགས་པའི་འདས་དོན་བཞིན
ཁ་དོག་དང་བཅས་ལྷུང་འོང་དུས
ལམ་ཕྲན་གཡས་གཡོན་གྱི
དྲན་པ་མང་པོ་ཞིག་སེར་ལམ་མེར་བཞད་འོང
སྡོང་རྒན་ཞིག་གི་རྩ་བར་དབེན་སིམ་སིམ་གྱིས་བསྡད་དེ
ཐང་དུ་ལྷུང་བའི་ལོ་མ་རེ་རེ་བཞིན་ཡར་སྒྲུག་དུས
ལོ་མའི་སྟེང་གི་རྩ་རིས་བར་ནས
ཟབ་ཡང་མི་འདྲ་བའི་དུས་ཚོད་ཀྱི་རྗེས་ཤུལ་མངོན་ཞིང
རྨི་ལམ་ཁྲོད་ཀྱི་ཕ་ཡུལ་གྱི་རྒྱབ་གཟུགས་སྣང་ལ
ང་རང་འཕྲད་མྱོང་བའི་གཙང་བོ་དང
ཞིང་ས་དང  རི་ལུང་དང
དྲན་པའི་དབུས་ཀྱི
མ་མཇལ་བའི་ངོ་གདོང་རེ་རེ་བཞིན་ཤར་འོང
ད་ལྟ   གཞོན་ནུའི་དུས་སྐབས་བཞིན
སྟོན་གྱི་སྡོང་ལོའི་ངོགས་ནས
རབ་རིབ་ཀྱི་སྐྱོ་གདུང་འཚོལ་བའི་འཆར་ཡན་དེ་མི་འདུག་ནའང
ཐོབ་པ་དང་ཤོར་བའམ
རེ་བ་དང་ཡིད་ཆད་དམ
སྐྱེ་བ་དང་འཆི་བ་དག་ལ
ད་དུང་ཡང
སེམས་འདི་བན་བུན་དུ་ཤོར་འགྲོ་ཡི་འདུག
རྩོམ་དབང་འདི་གར་ཡོད་པས་གང་འདོད་དུ་དགོལ་མི་ཆོག 
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།